ཀྲུང་གོ་བོད་ཀྱི་དྲ་བ།

ས་པཎ་གྱི་འཆད་ཉན་གྱི་རྩ་དོན་ལ་དཔྱད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྟོབས་ལྡན།   སྤེལ་དུས། : 2019-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༼   ནང་དོན་གནད་བཏུས  ༽ དགེ་རྒན་གྱིས་མི་འཆད་པ་ལ་སོགས་པའི་འཆད་པའི་སྐྱོན་དང་། བྱིས་པ་ཐང་སྟོང་དུ་འཁྱམས་པ་བཞིན་བཤད་པ་ལ་སོགས་པའི་འཆད་པའི་སྐྱོན་དག་སྤངས་ཏེ། ལུང་འདྲེན་པའི་འཆད་ཐབས་སོགས་ཐབས་གཅིག་ཅན་གྱི་འཆད་ཐབས་དང་། འཆད་ཐབས་ལུགས་གཉིས་མ་སོགས་ཐབས་གཉིས་ཅན་གྱི་འཆད་ཐབས་སོགས་ལ་བརྟེན་ནས། འཆད་བྱ་རྣམས་ཤིན་ཏུ་བརྩེ་བའི་བསམ་པས་བཤད་དགོས་པ་དང་། སློབ་མས་སྣོད་ཀྱི་སྐྱོན་གསུམ་དང་། མི་འཛིན་པ་ལྔ་ལ་སོགས་པའི་སྐྱོན་དག་སྤངས་ཏེ། ཤེས་པར་འདོད་པས་ལེགས་པར་མཉན་དགོས་པའི་ཚུལ་བརྗོད་དེ་ས་པཎ་གྱི་འཆད་ཉན་གྱི་རྩ་དོན་ལེགས་པར་བཀྲལ་ཡོད།

༼  གནད་ཚིག  ༽  ས་པཎ། འཆད་ཉན། རྩ་དོན། འཆད་ཐབས། སློབ་སྦྱོང་།

སྤྱི་ཚོགས་ཀྱི་འཕེལ་རྒྱས་ནི་སློབ་གསོ་ལ་རག་ལས་པ་དང་། སློབ་གསོའི་འཕེལ་རྒྱས་ནི་དགེ་རྒན་ལ་རག་ལས་པ་རེད། དེའི་ཕྱིར། དགེ་རྒན་གྱི་འཕེལ་རྒྱས་ལ་ཕན་པའི་སྐད་ཆ་རེ་བཤད་པ་ནི་སྐད་ཆ་ཀུན་གྱི་མཆོག་དང་ཕུལ་ཡིན་པར་འདོད།

དེ་ཡང་། དགེ་རྒན་གྱི་མཚན་ཉིད་དང་། འགན་འཁྲི། འཆད་ཐབས། སློབ་གསོའི་རྩ་དོན་དང་། སློབ་ཁྲིད་ཀྱི་རྩ་དོན། སློབ་ཁྲིད་ཀྱི་སྦྱོར་དངོས་རྗེས་གསུམ་སོགས་དགེ་རྒན་གྱི་འཕེལ་རྒྱས་ལ་འབྲེལ་བའི་གཏམ་མང་དུ་འདུག་པ་ལས། སློབ་ཁྲིད་ཀྱི་རྩ་དོན་ནི་མ་ཎི་ཡིག་དྲུག་ལས་ཨོཾ་ཡིག་ལྟ་བུ་དང་། གཞུང་ཡིག་ལས་དབུ་ཁྱུད་ལྟ་བུ་ཞིག་ཡིན་ཕྱིར། ངེས་པར་ཤེས་དགོས་ལ་ངེས་པར་རྒྱུན་འཁྱོངས་བྱ་དགོས་པ་ཞིག་གོ །སློབ་ཁྲིད་རྩ་དོན་ཞེས་པའི་མིང་འདི་ནི་རྒྱ་ཡིག་ལས་འགྱུར་ཡོང་བའི་མིང་ཞིག་ཡིན། ང་ཚོ་བོད་ལ་མིང་འདི་མེད་མོད། མིང་འདིས་མཚོན་པའི་དོན་མེད་པ་ནི་མིན་ཏེ། ང་ཚོ་བོད་ཀྱི་རྣམ་དཔྱོད་རྒྱས་པའི་མཁས་པའི་དབང་པོ་དག་གི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་ཕུན་སུམ་ཚོགས་པའི་འཆད་ཐབས་དག་ལས་འཆད་ཐབས་གཙོ་བོ་སྐོར་ཞིག་ནི་སློབ་ཁྲིད་རྩ་དོན་ཡང་ཡིན་ནོ། །དཔེར་ན། ས་པཎ་གྱིས《མཁས་འཇུག》ལས།

འཆད་པའི་སྐྱོན་རྣམས་སྤངས་ནས་ནི། །

ཤིན་ཏུ་བརྩེ་བའི་བསམ་པས་བཤད། །

ཉན་པའི་སྐྱོན་རྣམས་སྤངས་ནས་ནི། །

ཤེས་པར་འདོད་པས་ལེགས་པར་ཉན། །

ཞེས་གསུངས་པ་འདི་ནི་འཆད་ཐབས་ཏེ་སློབ་ཁྲིད་བྱེད་ཐབས་ཡིན་ལ་སློབ་ཁྲིད་རྩ་དོན་ཡང་ཡིན་ནོ། །དེ་རིང་བདག་གིས་གླེང་འདོད་པ་ནི། ས་པཎ་གྱིས་གསུངས་པའི་རྩ་དོན་འདི་ཡིན། འདི་ལ་འཆད་པ་དང་ཉན་པ་སྟེ་ཁག་གཉིས་ཡོད་ཕྱིར། འཆད་ཉན་གྱི་རྩ་དོན་ཞེས་པའི་མཚན་གསོལ་ན་དོན་ལྡན་གྱི་མཚན་ཡིན་པར་འདོད། གཤམ་ནས་རྩ་དོན་འདི་འཆད་ཐབས་རྣམ་བཞི་ལས་རབ་ཏུ་དབྱེ་བས་འཆད་པ་ཞེས་པའི་ཐབས་ལ་བརྟེན་ནས་དབྱེ་ཞིབ་དང་བཅས་ཏེ་གླེང་བར་བྱའོ། །

རྩ་དོན་འདིའི་ཁག་སྔ་མ་ནི་འཆད་པའི་རྩ་དོན་ཏེ་དགེ་རྒན་གྱིས་ཤེས་དགོས་ཤིང་རྒྱུན་འཁྱོངས་བྱ་དགོས་པའི་རྩ་དོན་ཡིན། འདི་ལས་འཆད་པའི་སྐྱོན་རྣམས་སྤངས་བྱས་ཏེ། ཞེས་པའི་འཆད་པའི་སྐྱོན་ལ་ནི་མང་པོ་ཞིག་ཡོད་མོད། རགས་པ་དག་འགོད་ན་འདི་ལྟ་སྟེ།

མི་འཆད་པ་དང་། ལེགས་པར་མི་འཆད་པ་དང་། ཐེ་ཚོམ་གྱིས་འཆད་པ་དང་། དཀའ་བའི་གནས་ལ་བྱིལ་བྱིལ་བོ་དང་། དགོས་པའི་གནས་སུ་མི་སྤྲོ་བ་དང་། མི་དགོས་པར་སྤྲོ་བ་དང་། གོང་འོག་འཁྲུགས་པ་མི་བསྡེབ་པ་དང་། མི་དགོས་པ་དཀྲུགས་ཏེ་བཤད་པ་དང་། གོང་དུ་བཤད་རྒྱུ་འོག་ཏུ་འདོར་བ་དང་། འོག་ཏུ་བཤད་རྒྱུ་གོང་དུ་ལེན་པ་དང་། སྐབས་སུ་མ་བབ་པ་བཤད་པ་དང་། བབ་པ་མི་བཤད་པ་དང་། བརྗོད་པ་མཐོ་དམན་ཅན་དང་། མི་གསལ་བ་དང་། སུབ་སུབ་པོ་དང་། མྱུར་ཆེས་པ་དང་། བུལ་ཆེས་པ་དང་། ཚིག་དང་དོན་ལེགས་པར་བརྡ་མི་སྤྲོད་པ་ཞེས་ས་པཎ་གྱིས་གསུངས་པ་དག་དང་། གཞན་ད་དུང་།

བྱིས་པ་ཐང་སྟོང་དུ་འཁྱམས་པ་བཞིན་བཤད་ན་དམིགས་ཡུལ་མེད་པའི་སྐྱོན་འབྱུང་། རྩམ་སྐྱ་བར་སྣང་ནས་གཏོར་བ་བཞིན་བཤད་ན་གཙོ་གནད་མི་ཟིན་པའི་སྐྱོན་འབྱུང་། རྒན་པོ་སོ་མེད་ཀྱིས་ཟས་ཟ་བ་བཞིན་བཤད་ན་དཀའ་གནད་ལུས་པའི་སྐྱོན་འབྱུང་།

མ་གླེན་མས་བུ་ཆུང་གསོ་བ་བཞིན་བཤད་ན་ཡུལ་ལ་མི་བསྟུན་པའི་སྐྱོན་འབྱུང་།

བྱ་རོག་གིས་ཚང་འཆའ་བ་བཞིན་བཤད་ན་དོན་ལ་མི་འབྲེལ་བའི་སྐྱོན་འབྱུང་།

བྱ་ཁ་ཏས་སྒྲོ་བསྟོད་བྱེད་པ་བཞིན་བཤད་ན་སུན་སྣང་བསྐྱེད་པའི་སྐྱོན་འབྱུང་།

ཟླ་འོད་སྤྲིན་བར་ནས་འཕྲོ་བ་བཞིན་བཤད་ན་ཚིག་དོན་མི་གསལ་བའི་སྐྱོན་འབྱུང་།

བཟི་བོས་བཟི་གཏམ་བརྗོད་པ་བཞིན་བཤད་ན་མགོ་འཐོམ་པར་འགྱུར་བའི་སྐྱོན་འབྱུང་། གཙོ་བོ་བསྐྱུར་ནས་ཕལ་བ་རྐྱང་རྐྱང་བཤད་ན་དགོས་པ་ཆུང་བའི་སྐྱོན་འབྱུང་།

གྲ་སྒྲིག་མ་བྱས་པར་གང་བྱུང་དུ་བཤད་ན་ལྷག་ཆད་འཁྲུལ་བའི་སྐྱོན་འབྱུང་བ་སོགས་མང་པོ་ཞིག་ཡོད་དོ། །

དགེ་རྒན་རྣམས་ཀྱིས་འཆད་པའི་སྐྱོན་རགས་པ་རྣམས་ཕར་ཞོག །ཕྲ་བ་རྣམས་ཀྱང་སྤངས་ཏེ་འཆད་པའི་ཡོན་ཏན་ཏེ་ཐབས་ལ་བརྟེན་ནས་བཤད་བྱ་དག་འཆད་དགོས་པ་བསྟན་ཡོད། དེ་ཡང་འཆད་པའི་ཐབས་ལ། ང་ཚོ་བོད་འདིར་མི་རིགས་གཞན་ལ་མེད་པའི་འཆད་ཐབས་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡོད་དེ། དཔེར་ན།

ཐབས་གཅིག་ཅན་གྱི་འཆད་ཐབས་ལ་ལུང་འདྲེན་པའི་འཆད་ཐབས་དང་། སྙན་པར་སྨྲ་བའི་འཆད་ཐབས་དང་། བསྐྱར་སྦྱོང་ཁ་གསབ་དང་བཅས་པའི་འཆད་ཐབས་ལྟ་བུ་ཡོད།   

 ཐབས་གཉིས་ཅན་གྱི་འཆད་ཐབས་ལ་འཆད་ཐབས་ལུགས་གཉིས་མ་དང་། སེང་གེ་མཇིང་བསྣོལ་གྱི་འཆད་ཐབས་དང་། གང་ལ་གང་འཚམ་གྱི་འཆད་ཐབས་ལྟ་བུ་ཡོད།

ཐབས་གསུམ་ཅན་གྱི་འཆད་ཐབས་ལ་འཆད་ཐབས་ཡན་ལག་གསུམ་ལྡན་དང་། ཉི་ཟླ་སྐར་གསུམ་གྱི་འཆད་ཐབས་དང་། དག་པ་གསུམ་ལྡན་གྱི་འཆད་ཐབས་དང་། ཞུམ་རྒོད་རྨུགས་གསུམ་སེལ་བའི་འཆད་ཐབས་ལྟ་བུ་ཡོད།

ཐབས་བཞི་ཅན་གྱི་འཆད་ཐབས་ལ་འཆད་ཐབས་རྣམ་བཞི་དང་། ཆེ་བ་བཞི་ལྡན་གྱི་འཆད་ཐབས་དང་། སེང་སྟག་སྦལ་སོགས་ཀྱི་འཆད་ཐབས་ལྟ་བུ་ཡོད།

ཐབས་ལྔ་ཅན་གྱི་འཆད་ཐབས་ལ་ཡན་ལག་ལྔའི་འཆད་ཐབས་དང་། གླེང་བསླང་བ་ལྔའི་འཆད་ཐབས་ལྟ་བུ་ཡོད།

ཐབས་དྲུག་ཅན་གྱི་འཆད་ཐབས་ལ་མཐའ་དྲུག་གི་འཆད་ཐབས་ལྟ་བུ་ཡོད།

ཐབས་བདུན་ཅན་གྱི་འཆད་ཐབས་ད་སྔ་ཁོ་བོས་མ་མཐོང་མོད། ཐབས་བརྒྱད་ཅན་གྱི་འཆད་ཐབས་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་འཆད་ཐབས་ལྟ་བུ་ཡོད།

གཞན་ད་དུང་མང་པོ་ཞིག་འཇོག་རྒྱུ་ཡོད་མོད། བདག་གི་བློ་ཡི་ཡོལ་གོར་འཁྱིལ་བ་ནི་འདི་ཙམ་མོ། །

འཆད་པའི་ཡོན་ཏན་ལ་ཕུན་སུམ་ཚོགས་པའི་འཆད་ཐབས་ལས་གཞན། ད་དུང་ཐུན་མིན་ཁྱད་ཆོས་ལྡན་པའི་འཆད་སྲོལ་ཏེ་ཁྲིད་སྲོལ་ཡང་ཡོད། དཔེར་ན།

ཚིག་གཅིག་གིས་མང་མེད་ལ་ཚིག་གཅིག་གིས་ཉུང་ཡང་མེད་པའི་སྐད་ཆའི་སྒྱུ་རྩལ་ཞིག་འཁྲབ་སྟོན་བྱེད་པ་དང་འདྲ་བའི་ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་དང་དགེ་རྒན་སངས་རྒྱས་མཆོག་གི་ཁྲིད་སྲོལ་ལྟ་བུ་དང་།

ངོ་མཚར་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པའི་གཏམ་རྒྱུད་ཅིག་བཤད་པ་དང་འདྲ་བའི་ཨ་ཁུ་དམུ་དགེ་བསམ་གཏན་མཆོག་དང་ཨ་ཁུ་བདེ་མཆོག་མཆོག་གི་ཁྲིད་སྲོལ་ལྟ་བུ་དང་།

བྲག་ངོས་ནས་བཀོད་མའི་ཆུ་ཞིག་འཕྱོ་བ་དང་འདྲ་བའི་ཨ་ལགས་དོར་ཞི་མཆོག་དང་ཨ་ཁུ་བཤད་སྒྲུབ་མཆོག་གི་ཁྲིད་སྲོལ་ལྟ་བུ་དང་།

སྤང་ངོས་སུ་ལྷུང་ལྷུང་འབབ་པའི་ཆུ་བོ་དང་འདྲ་བའི་ཨ་ཁུ་ཀླུ་རྒྱལ་འབུམ་མཆོག་དང་དགེ་རྒན་གཅོད་པ་དོན་གྲུབ་མཆོག་གི་ཁྲིད་སྲོལ་ལྟ་བུ།

འགྱུར་ཁུགས་འདེགས་འཇོག་མང་པོས་ཕྱུག་པའི་སྙན་མོ་གླུ་ལེན་པ་དང་འདྲ་བའི་དགེ་རྒན་རང་གྲོལ་མཆོག་དང་ཨ་ཁུ་འཇམ་དབྱངས་གྲགས་པ་མཆོག་གི་ཁྲིད་སྲོལ་ལྟ་བུ།

གཞན་ད་དུང་བརྗོད་བྱ་ལ་གནས་ལུགས་ཀྱིས་ཕྱུག་ཅིང་རྗོད་བྱེད་ལ་བབ་ཆགས་པའི་ཁྱད་ཆོས་ལྡན་པའི་གློག་བརྙན་ཞིག་སྟོན་པ་དང་འདྲ་བའི་དགེ་རྒན་ཆབ་འགག་རྟ་མགྲིན་མཆོག་དང་དགེ་རྒན་རྒྱ་ཡེ་བཀྲ་བྷོ་མཆོག་གི་ཁྲིད་སྲོལ་ལྟ་བུ་དང་།

སྒེག་པ་སོགས་ཉམས་ཀྱིས་ཕྱུག་པའི་ཟློས་གར་ཞིག་འཁྲབ་པ་དང་འདྲ་བའི་དགེ་རྒན་ཚེ་རིང་ཐར་མཆོག་དང་དགེ་རྒན་ལྕགས་ཐར་རྒྱལ་མཆོག་གི་ཁྲིད་སྲོལ་ལྟ་བུ་སོགས་མང་པོ་ཞིག་མཐོང་ཐོས་ཀྱི་ཡུལ་དུ་འགྱུར་རྒྱུ་ཡོད།

འདི་ལྟར། འཆད་པའི་སྐྱོན་ནི་སྤངས། ཡོན་ཏན་ནི་བླངས་ཏེ། ཇི་ལྟར་འཆད་དགོས་ཤེ་ན། ས་པཎ་གྱིས་ཤིན་ཏུ་བརྩེ་བའི་བསམ་པས་བཤད། ཅེས་གསུངས་སོ། །དེ་ཡང་འཆད་པའི་སྐྱོན་ཕྲ་རགས་ཐམས་ཅད་སྤངས་པའི་རྨང་གཞིའི་སྟེང་། ཤིན་ཏུ་བརྩེ་བའི་བསམ་པས་བཤད་དགོས་པར་གསུངས་ཡོད། བརྩེ་བ་ནི་བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན་ཞེས་བཤེས་གཉེན་གྱི་མཚན་ཉིད་བཅུ་ལས་དགུ་པར་བགྲང་ཡོད། ཚད་ལྡན་གྱི་དགེ་རྒན་ཞིག་བྱེད་པ་ལ་ངེས་པར་བརྩེ་བའི་བསམ་པ་ཅན་ཞིག་བྱེད་དགོས། ང་ཚོ་བོད་ཀྱི་་སྲོལ་རྒྱུན་གྱི་སློབ་གསོའི་རྣམ་གཞག་ལྟར་ན། མཁོ་བ་སྦྱིན་པ་དང་། སྙན་པར་སྨྲ་བ། དོན་སྤྱོད་པ། དོན་མཐུན་པ་སྟེ་བསྡུ་བ་རྣམ་བཞིའི་སྒོ་ནས་སློབ་མ་བུ་བཞིན་སྐྱོང་དགོས་པ་རེད། བུ་བཞིན་སྐྱོང་བ་ལ་མེད་མི་རུང་བ་ནི་བརྩེ་བ་ཡིན། བརྩེ་བ་ཙམ་པོ་བས་མི་ཆོག་པར་ཤིན་ཏུ་བརྩེ་བའི་བསམ་པ་ཅན་ཞིག་ཡིན་དགོས། ཤིན་ཏུ་བརྩེ་བའི་བསམ་པས་བཤད་པ་ལའང་བཤད་ཡུལ་གྱི་བློ་ཁ་དང་བསྟུན་ནས། བློ་ཅན་རྣམས་ལ་ཟབ་རྒྱ་ཆེ། །བློ་ཆུང་གཟུང་བདེ་གོ་སླ་བ། །ཞེས་ས་པཎ་གྱིས་གསུངས་པ་ནང་བཞིན་གང་ལ་གང་འཚམ་གྱིས་བཤད་དགོས། དེ་ཡང་བཤད་པའི་འགན་འཁྲི་ནི་ཤེས་བྱ་མཁོ་སྤྲོད་དང་། ནུས་པ་སྐྱེད་སྲིང་བྱེད་པ་འདིའོ། །འདི་ནི་འགན་འཁྲི་ཡིན་ལ་དམིགས་ཡུལ་ཡང་ཡིན་ནོ། །

རྩ་དོན་འདིའི་ཁག་ཕྱི་མ་ནི་ཉན་པའི་རྩ་དོན་ཏེ། འདི་ནི་དགེ་རྒན་གྱི་མཛུབ་སྟོན་ལ་བརྟེན་ནས་སློབ་མས་ཤེས་དགོས་ཤིང་རྒྱུན་འཁྱོངས་བྱ་དགོས་པའི་རྩ་དོན་ཡིན། འདི་ལས་ཉན་པའི་སྐྱོན་རྣམས་སྤངས་བྱས་ཏེ། ཞེས་པའི་ཉན་པའི་སྐྱོན་ལ་ཧ་ཅང་མང་པོ་ཞིག་ཡོད་མོད། ཡོངས་གྲགས་ལྟར་ན། སློབ་ཁྲིད་ལ་ཉན་པའི་སྐབས་སུ། རྣ་བ་མི་གཏོད་པ་ཁ་སྦུབས་ལྟ་བུའི་སྐྱོན། ཡིད་ལ་མི་འཛིན་པ་ཞབས་བརྡོལ་ལྟ་བུའི་སྐྱོན། ཉོན་མོངས་དང་བཅས་པ་དྲི་མ་ཅན་ལྟ་བུའི་སྐྱོན་ཏེ། ཤེས་བྱ་སྡུད་ལེན་བྱེད་པའི་སྐབས་སུ་སློབ་མ་ནི་སྣོད་ཅིག་དང་འདྲ་ཕྱིར། སློབ་མའི་དཔེ་ལ་སྣོད་བཞག་པ་སྟེ། སྣོད་ལ་སྐྱོན་གསུམ་ཡོད་པ་བཞིན་དུ་སློབ་མ་ལ་ཡང་སྐྱོན་གསུམ་ཡོད་པ་བསྟན་ཡོད། ད་དུང་།

ང་རྒྱལ་དང་ནི་མ་དད་དང་། །

དོན་དུ་གཉེར་བ་མེད་ཉིད་དང་། །

ཕྱི་རོལ་རྣམ་གཡེང་ཡིད་བསྡུས་དང་། །

སྐྱོ་བ་ཉན་པའི་དྲི་མ་ཡིན། །

ཞེས་སློབ་དཔོན་དབྱིག་གཉེན་གྱིས《རྣམ་བཤད་རིགས་པ》ལས་ཉན་པའི་དྲི་མ་དྲུག་གསུངས་ཡོད། གཞན་ད་དུང་། ཚིག་མི་འཛིན་པ་དང་། དོན་མི་འཛིན་པ། གོང་འོག་མ་ནོར་བར་མི་འཛིན་པ། བརྡ་འཕྲོད་པར་མི་འཛིན་པ། ཕྱིན་ཅི་མ་ལོག་པར་མི་འཛིན་པ་སྟེ་མི་འཛིན་པ་ལྔ་དང་།  བླ་མ་ལ་གླ་བའི་འདུ་ཤེས། ཆོས་ལ་གླ་རྩིའི་འདུ་ཤེས། རང་ལ་རྔོན་པའི་འདུ་ཤེས། ཆོས་ལེན་པ་ལ་གླ་གསོད་པའི་འདུ་ཤེས་ཏེ། ལོག་པའི་འདུ་ཤེས་བཞི་དང་། ཡིག་རྨོངས་པས་ཚོགས་འདུ་ལ་ཉན་པ་ལྟ་བུའི་དཔེ་ཁྲིད་ལ་ཉན་ཚུལ། མང་ཚོགས་ཀྱིས་དབང་སྣ་ཚོགས་ལ་ཉན་པ་ལྟ་བུའི་དཔེ་ཁྲིད་ལ་ཉན་ཚུལ། གཉིད་མ་སད་ཀྱི་ངང་ནས་དཔེ་ཁྲིད་ལ་ཉན་ཚུལ། ཤེས་མེད་ཚོར་མེད་ཀྱི་ངང་ནས་དཔེ་ཁྲིད་ལ་ཉན་ཚུལ། གཡས་ལོག་གཡོན་ལོག་བྱས་ནས་དཔེ་ཁྲིད་ལ་ཉན་ཚུལ། དགེ་རྒན་ལ་རང་གི་སྟ་ཟུར་བསྟན་ནས་དཔེ་ཁྲིད་ལ་ཉན་ཚུལ། རྐང་པ་བརྐྱངས་པ་དང་ཡང་ན་རྐང་པ་གཅིག་ཐོག་ལ་གཅིག་བཞག་ནས་དཔེ་ཁྲིད་ལ་ཉན་ཚུལ། དགེ་རྒན་གྱི་ཚོད་ལ་རྟོག་ཞོར་དུ་དཔེ་ཁྲིད་ལ་ཉན་ཚུལ། དགེ་རྒན་གྱི་སྐྱོན་ལ་རྟོག་ཞོར་དུ་དཔེ་ཁྲིད་ལ་ཉན་ཚུལ། གཏམ་ཤབ་ཤུབ་དང་བཅས་ཏེ་དཔེ་ཁྲིད་ལ་ཉན་ཚུལ་སོགས་མང་དུ་འཇོག་རྒྱུ་ཡོད། རྩ་དོན་འདིས་ཉན་པའི་སྐྱོན་འདི་དག་རྒྱུད་ནས་ཡོངས་སུ་སྤང་དགོས་པ་བསྟན་ཡོད། ཤེས་པར་འདོད་པས་ལེགས་པར་མཉན་ཞེས་པ་ནི་ཡང་དག་པའི་སློབ་སྦྱོང་གི་རྣམ་འགྱུར་དང་ཀུན་སློང་གཙང་མ་སོགས་ལ་བརྟེན་ནས་དཔེ་ཁྲིད་ལ་མཉན་དགོས་ཞེས་པའི་དོན་ནོ། །

སློབ་མ་ཞིག་ཡིན་ན། སློབ་སྦྱོང་བྱ་དགོས་པའི་རྒྱུ་མཚན་ཤེས་ཤིང་། སློབ་སྦྱོང་གི་དམིགས་ཡུལ་གསལ་ལ་འཆར་གཞི་ཡོད་པ། སློབ་སྦྱོང་གི་ལྟ་བ་དང་རྣམ་འགྱུར། ཀུན་སློང་། ནང་དོན། གོམས་སྲོལ། བྱེད་ཐབས་སོགས་ཡང་དག་པ་ཡིན་ལ། སློབ་སྦྱོང་གི་སྙིང་སྟོབས་ཆེན་པོ་ལྡན་པ་ཞིག་ཡིན་དགོས། ཡང་གཅིག་བཤད་ན། སློབ་མ་ཞིག་ཡིན་ན། གཟུར་གནས་བློ་ལྡན་དོན་གཉེར་ཅན་ཏེ་སློབ་མའི་མཚན་ཉིད་ཚང་བ་ཞིག་ཡིན་དགོས། འདི་འདྲ་ཞིག་ཡིན་ན། སློབ་སྦྱོང་ལ་དགའ་ཞིང་། སློབ་སྦྱོང་བྱེད་ཤེས་པ། སློབ་སྦྱོང་བྱེད་པ་ལ་མཁས་པ་ཞིག་ཏུ་འགྱུར་ངེས། འདི་ལྟར་གྱུར་ན། ཤེས་པར་འདོད་པས་ལེགས་པར་ཉན་པའི་སློབ་མ་བཟང་པོ་ཞིག་ཏུ་འགྱུར་བ་ལ་ཐེ་ཚོམ་ཟ་མི་དགོས་སོ། །  

འཆད་ཉན་གྱི་རྩ་དོན་འདི་སློབ་ཁྲིད་ཀྱི་རྩ་དོན་ཀུན་ལས་མཆོག་ཏུ་གྱུར་པའི་རྩ་དོན་ཞིག་ཡིན། དེའི་ཕྱིར། དགེ་སློབ་ཀུན་གྱིས་སློབ་ཁྲིད་རྩ་དོན་མཐོང་ཚད་ལ་སློབ་སྦྱོང་བྱ་དགོས་ཤིང་སྒོས་སུ་འཆད་ཉན་གྱི་རྩ་དོན་འདི་ལ་སློབ་སྦྱོང་བྱ་དགོས། དེ་བཞིན་དུ། དགེ་སློབ་ཀུན་གྱིས་སློབ་ཁྲིད་རྩ་དོན་མཐོང་ཚད་རྒྱུན་འཁྱོངས་བྱ་དགོས་ཤིང་སྒོས་སུ་འཆད་ཉན་གྱི་རྩ་དོན་འདི་རྒྱུན་འཁྱོངས་བྱ་དགོས། འདི་ལྟར་བྱས་ན། ད་གཟོད་རང་གཞན་གཉིས་ཀར་ཕན་ཞིང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པའི་སློབ་མ་མང་པོ་འབྱུང་ཐུབ། འདི་ནི་བསླུ་བ་མེད་པའི་རྒྱུ་འབྲས་ཀྱི་འབྲེལ་བ་ཡིན་ནོ། ། འདིས་ཀྱང་དགེ་རྒན་རྣམས་ཀྱི་འཕེལ་རྒྱས་ལ་གྲོགས་ཅུང་ཟད་ཙམ་ཞིག་བྱ་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།། །།དགེ་ལེགས་འཕེལ། །


སྟོབས་ལྡན། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་ཀྲུའུ་རིན། དགེ་རྒན་ཆེན་མོ། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།