ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ལྟ་གྲུབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་ཡུང་ཞིན་གྱིས་བརྩམས། རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།

གཅིག ཁྱིམ་ཚང་སློབ་གསོ་ནི་འཐུས་ཤོར་འབྱུང་སླ་ཤོས་དེ་ཡིན།

ང་ཚོའི་ཕ་མ་ཕལ་མོ་ཆེར་ཆེད་ལས་ཀྱི་སྦྱོང་བརྡར་ཐོབ་མྱོང་མེད། ཕ་མའི་སྐད་བརྡ་དང་བྱ་སྤྱོད། སློབ་གསོ་མི་མཐུན་པ་ལས་བྱིས་པའི་རྒྱུད་ལ་ཤན་ཤུགས་མི་མཐུན་པ་ཐེབས་ཤིང་། ཆེད་ལས་ཀྱི་སྦྱོང་བརྡར་ཐོབ་མེད་པའི་ཕ་མ་ཚོར་འཐུས་ཤོར་འབྱུང་ཐག་ཆོད་ཡིན།

ཕ་མ་ཚོའི་བུ་རབས་དང་ཚ་རབས་སྐྱོང་འདོད་ཀྱི་བསམ་པས་ཁྱིམ་ཚང་སློབ་གསོ་ཕྱོགས་རིས་འཐེན་འཁྱེར་གྱི་ཀློང་ལ་གཟུད་པར་བྱས་ཡོད། ཕ་མས་རང་ཉིད་ཀྱིས་མངོན་འགྱུར་མ་ཐུབ་པ་དང་འགྲུབ་ཐུབ་མེད་པ་མཐའ་དག་བྱིས་པའི་ཕྲག་ལ་བཀལ་ན་དངོས་ཡོད་དང་ལར་ནས་མི་མཐུན།

ཕ་མ་གང་མང་གིས་རང་ཉིད་ཀྱི་སློབ་གསོའི་འགན་འཁྲི་སྣང་མེད་དུ་བཞག་ཡོད། སྤྱི་ཚོགས་ཡོངས་ཁྱབ་ཏུ་དོ་སྣང་བྱེད་ཀྱིན་པའི་གནད་མདོ་ནི་སློབ་གྲྭའི་སློབ་གསོ་ཡིན་པ་དང་ཕ་མ་ལྷག་ཏུ་མང་བས་བསམ་བློ་གཏོང་ས་ནི་སློབ་གྲྭའི་སློབ་གསོ་ཡིན་གཤིས། ཁོ་ཚོ་རང་ཉིད་ནི་ངེས་པ་དོན་གྱི་སློབ་གསོའི་རྨང་གཞི་དང་བྱིས་པའི་ལས་དབང་ཐག་གཅོད་བྱེད་ཀྱི་གནད་ཀ་ཡིན་པ་སྣང་མེད་དུ་བཞག་ཡོད། སློབ་གསོའི་འགན་འཁྲི་སྣང་མེད་དུ་བཞག་པས་སློབ་གསོའི་ལྟ་གྲུབ་ཀྱི་ཕྱོགས་ཞེན་ལས་རང་བཞིན་དུ་ཁྱིམ་ཚང་སློབ་གསོར་འཐུས་ཤོར་འབྱུང་དུ་འཇུག

གཉིས། ཕ་མའི་འཚར་ལོངས་མེད་ན་བྱིས་པའི་འཚར་ལོངས་མེད།

ཕ་མ་ནི་བྱིས་པའི་མིག་དཔེ་ཡིན་ཞེས་ཀུན་གྱིས་བཤད་བཞིན་ཡོད། ཕུལ་དུ་བྱུང་བའི་བྱིས་པ་ཞིག་ཕུལ་དུ་ཕྱིན་པའི་འཇོན་མིར་འགྱུར་བའི་རྒྱབ་རོལ་ནས་དྲོད་འཇམ་འཆམ་མཐུན་གྱི་ཁྱིམ་གཞིས་ཀྱི་རྒྱབ་གཟུགས་རྙེད་དགོས། དེ་བཞིན་དུ་འཐུས་སྒོ་མི་ཚང་བའི་མི་གཞི་ཞིག་ཆགས་པ་ལའང་ཁྱིམ་ཚང་གི་གདོང་ཐུག་དང་འགལ་བ་སྣ་ཚོགས་ལས་རྒྱུ་རྐྱེན་རྙེད་ཐུབ།

སློབ་སྦྱོང་བྱེད་མཁས་པའི་ཁྱིམ་ཚང་དུ་ཕ་མ་དང་བྱིས་པ་ནི་མཉམ་དུ་འཚར་ལོངས་འབྱུང་བཞིན་ཡོད་ལ། ཐ་ན་ཕན་ཚུན་ལ་ཤུགས་རྐྱེན་ཡང་ཐེབས་བཞིན་ཡོད། ཁོ་ཚོར་དུས་རྟག་པར་དོན་ལྡན་གྱི་ཤན་ཐེབས་ཚུལ་ཁ་ཤས་ཡོད་དེ། དཔེར་ན་ཕ་བུའི་མཉམ་ཀློག་དང་ཕ་བུའི་འཕྲིན་གཏོང་། འཚར་ལོངས་གཏམ་རྒྱུད་བཤད་པ་སོགས་ཡོད། ཕ་མའི་འཚར་ལོངས་དང་བྱིས་པའི་འཚར་ལོངས་གཅིག་མཚུངས་ཡིན་ཏེ། མཐའ་མེད་པའི་བརྒྱུད་རིམ་ཞིག་ཡིན། ཕ་མ་ཡར་ཐོན་དང་སློབ་སྦྱོང་གི་རྒྱུན་མ་ཆད་པ་དེའི་ཤུགས་རྐྱེན་ནི་གཟུགས་མེད་གཏིང་ཟབ་ཅིག་ཡིན།

གསུམ། སྤྱོད་ལམ་ཤེས་ཡོན་ལས་གཙོ་ཞིང་བྱེད་ཐབས་རྣམ་པ་ལས་གཙོ།

ཁྱིམ་ཚང་སློབ་གསོའི་འགན་ཁུར་གཙོ་བོ་ནི་མི་གཞིའི་ལྕགས་མཁར་བསྐྲུན་རྒྱུ་དེ་ཡིན། འཚོ་བ་རུ་གཞན་ལ་ལྟ་དུས་རྟག་པར་ལེགས་ཀྱང་སྐྱོན་གྱིས་ཁེབས་པ་ཞིག་ཡིན། རྒྱུགས་འབྲས་མཐོན་པོ་དང་སྐར་འབྲས་ལེགས་ན་བྱིས་པ་བཟང་རབ་ཏུ་བརྩི།

དོན་གྱིས་མི་ཚེ་མཐར་ཐུག་གི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་དུ་སྐར་གྲངས་ཆེས་གཙོ་གྱུར་མ་ཡིན་ཏེ། ཚོད་འཛིན་ཀྱི་བྱེད་ནུས་ཐོན་པ་ནི་གཤིས་སྤྱོད་དང་གཤིས་རྒྱུད། མི་བཅའ་བའི་སྤྲོ་སྣང་། གཞན་གྱི་དགའ་མོས་དང་བརྩི་འཇོག་ཡིན་པ་ལས་ཤེས་བྱ་ཡོན་ཏན་མ་ཡིན།

ཕ་མ་མི་ཉུང་བ་ཞིག་གིས་སློབ་སྦྱོང་ལ་དོ་སྣང་བྱེད་ཐལ་ཤོར་བས་སྐར་འབྲས་རྨད་དུ་བྱུང་བ་བླངས་ན་རེ་བ་ཅི་ཡང་ཁས་ལེན་ཞིང་སྤྱོད་ལམ་མར་ཆགས་པ་ལའང་དོ་སྣང་མི་བྱེད། དེ་ལྟའི་སློབ་གསོའི་ལྟ་གྲུབ་དང་བྱེད་ཐབས་ནི་སེམས་ཁྲལ་སྐྱེ་འོས་པ་ཞིག་རེད།

འཚོ་བས་འགྲོ་བ་མི་ཁྱུར་མིད་དུ་འཇོམས་པར་ཆུ་ཐིགས་རྟག་འབབ་ཀྱི་བྲག་རིའི་འབིགས་དང་འདྲ་བར་གོ་མེད་ཐོས་མེད་ཡིན། དེ་བཞིན་དུ་འཚོ་བས་འགྲོ་བ་མི་སྐྱོང་བར་བྱེད་པའང་གོ་མེད་ཐོས་མེད་ཅིག་ཡིན། འཚོ་བའི་ཞིབ་ཆ་དང་འཕེལ་རིམ་ལ་དོ་སྣང་དང་འཚོ་བའི་བདག་པོར་འགྱུར་ཐུབ་ན་གཞི་ནས་འཚོ་བ་སྐྱོང་བར་བྱེད་ཐུབ།

སློབ་གསོ་གསར་བའི་ཉམས་ལེན་ལ་འབོད་ཚིག་ཡོད་དེ། “རྣམ་པ་བྱེད་ཐབས་ལས་ལྷག་ཅིང་བྱེད་ཐབས་སྡུག་རུས་ལས་ལྷག” དོན་གྱིས་མི་དང་མིའི་ཧེ་བག་ཆེས་ཆེ་བ་ནི་རྣམ་པ་ཡིན། རྣམ་པ་ཡོད་ན་བྱེད་ཐབས་ཡོད་ཅིང་ལས་དོན་བསྒྲུབ་འདོད་པ་དང་དོན་ཡང་འཁྱོངས་པར་སྲིད།

བཞི། བྱིས་དུས་བྱིས་པ་ལ་སྤྲོད་དགོས།

མི་ཀུན་ལ་དུས་རྟག་ཏུ་ད་ལྟའི་བྱིས་པར་བྱིས་དུས་དང་སྤྲོ་སྣང་མེད། སློབ་གྲྭར་ཕྱིན་ན་འཚོ་བ་བཟང་པོ་ཞིག་མེད་ཅེས་པའི་ཚོར་སྣང་ཡོད། བདེ་སྐྱིད་ནི་ཉམས་ལེན་ཞིག་ཡིན་ཏེ། བདེ་སྐྱིད་ལོངས་སུ་སྤྱོད་པ་ནི་སློབ་གསོའི་ཡིད་ཁམས་ཤིག་ཡིན། བྱིས་པ་ཚོར་རོལ་རྩེད་དང་བྱེད་སྒོ། རྩེད་མོའི་ཁྲོད་ནས་སློབ་སྦྱོང་བྱེད་དུ་ཅིའི་ཕྱིར་མི་འཇུག་པ་ཡིན་ནམ། དཔེ་ཁང་དུ་བཅུག་ན་ད་གཟོད་སློབ་སྦྱོང་ཟེར་རམ།

ལྔ། བྱིས་པའི་འཕེལ་རྒྱས་ཀྱི་འོག་འགྱུའི་ནུས་པར་ཡིད་ཆེས་བླ་མེད་བྱེད་དགོས།

རྩིས་མཐོང་གིས་དོན་འཁྱོངས་པར་བྱེད་ལ་ལེ་བདའ་ཡིས་ཕམ་འཁེལ་བར་བྱེད། གལ་སྲིད་བྱིས་པ་ལེགས་ལམ་དུ་བཀྲི་ན་བྱིས་པའི་འཚར་ལོངས་ཀྱི་གོ་སྐབས་ཐེངས་རེ་རེ་གཅེས་སུ་བཟུང་ནས་ཁོ་ཚོའི་འཚར་ལོངས་དང་གཏམ་སྤྱོད་ལ་མྱོང་རོལ་བྱེད་དགོས། གལ་སྲིད་བྱིས་པ་ལོག་ལམ་དུ་འཁྲིད་ན་ལེ་བདའ་དང་འཁང་ར་བྱས་ཆོག

དྲུག བྱིས་པ་རང་ཉིད་ལ་དབང་བའི་ཆོས་ཤིག་སྤྲོད་དགོས།

ཕ་མས་བྱིས་པའི་རིག་སྟོབས་བསྐྱེད་པའི་ཞོར་དུ་རིག་སྟོབས་མ་ཡིན་པ་བསྐྱེད་པའང་སྣང་མེད་དུ་འཇོག་མི་རུང་སྟེ། གཞོན་རབས་དག་ལ་དམིགས་འདུན་རྒྱང་རིང་བ་དང་སྤྲོ་སྣང་རྒྱ་ཆེ་བ། བརྩེ་དུངས་ཀྱིས་ཀུན་ནས་ཕྱུག་པ། བློ་རྩའི་རྒྱུན་བསྲིངས་པ། རང་གཤིས་སྒེར་ཚུགས་ལྡན་པ་བཅས་བྱེད་འོས། སློབ་གསོ་ཡིས་བྱིས་པ་རང་ཉིད་མོས་སའི་ཆོས་ཤིག་སྤྲོད་དགོས་ཏེ། དེ་ལྟ་ན་སློབ་ཆེན་ལ་འགྲིམས་པར་མ་ནུས་ཀྱང་བདེ་ཐང་དང་བདེ་སྐྱིད་ཀྱི་མི་ཚེ་ལྡན་ཐུབ། བྱིས་པ་སོ་སོར་འཚར་ལོངས་ཀྱི་ལམ་བུ་མི་མཐུན་པ་རེ་ཡོད་ཆོག་ལ་དགའ་མོས་རེ་ཡོད་ཕྱིན་བྱིས་པའི་མི་ཚེ་གང་བོའི་འཚོ་བའི་སྤུས་ཚད་ལ་བཟང་ཤན་ཐེབས་སྲིད། མི་ཞིག་གི་བསམ་པའི་འཚོ་བར་སྤྲོ་སྣང་ལྡན་མིན་ཐད་འདི་ཉིད་གནད་ཀ་ཡིན།

བདུན། དཔེ་ཀློག་ནི་འཚོ་བ་རོལ་སྟངས་སུ་བསྒྱུར་དགོས།

དཔེ་ཀློག་ནི་བྱིས་པ་ཚོའི་རྣམ་ཤེས་རྣམ་པར་དག་པ་དང་མི་གཞིའི་སྟོབས་བསྐྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། བྱིས་པའི་འཚར་ལོངས་ལ་མཚོན་ན་ལས་འགན་གཙོ་བོ་ནི་དཔེ་ཀློག་ཡིན། འོན་ཀྱང་ད་ལྟའི་སློབ་མ་ཚོས་བསླབ་དེབ་མ་གཏོགས་བསླབ་ཕྱིའི་དཔེ་དེབ་བཀླགས་པ་ཤིན་ཏུ་ཉུང་།

དཔེ་ཆ་མང་དུ་བཀླགས་པའི་བྱིས་པ་སྤྱིར་བཏང་དུ་བཤད་ན། མིག་རྒྱང་ཡངས་པ་དང་བློ་སྟོབས་རྒྱས་པ། འདོན་འདུན་བསྲིངས་པ། འཚོལ་སྙེག་གི་མཐར་བསྐྱེད་པ་ཞིག་ཡིན་ངེས། མི་ཞིག་གི་སེམས་བསམ་པའི་ཡར་ཐོན་ནི་མི་དེའི་དཔེ་ཀློག་གི་བརྒྱུད་རིམ་ཡིན།

དཔེ་ཆ་མང་དུ་མ་བཀླགས་ན་ཕུགས་མི་རིང་བ་ཡིན། དཔེ་ཆ་བཀླགས་མིན་ནི་ཁོ་རང་སློབ་ཆེན་མཐར་ཕྱིན་མིན་དང་འབྲེལ་བ་མེད། དཔེ་ཆ་ནི་ངེས་པ་དོན་གྱི་སློབ་ཆེན་དང་བློ་ཤེད་འཕེལ་བའི་དགའ་ཚལ་ཡིན།

ལྷིང་ཞིང་ལྷོད་འཇགས་ཀྱི་སྒོ་ནས་འདོད་འདུན་རྒྱང་རིང་བར་བསྙེག་ཐུབ་སྟེ། དཔེ་ཆ་བའི་འཚོ་བ་རབ་ཏུ་ཕྱུག་པར་མི་ངེས་ཀྱང་སེམས་བསམ་པར་དཔལ་གྱིས་གཏམས་ཡོད།

བརྒྱད། ཉིན་ཐོ་བྱིས་པའི་འགྲོགས་ཡ་བྱེད་དགོས།

ཉིན་ཐོ་འབྲི་བ་ནི་གོམས་གཤིས་ལེགས་པོ་རྨད་དུ་བྱུང་བ་ཞིག་ཡིན།

ཉིན་ཐོ་འབྲི་བ་བརྒྱུད་དེ་བྱིས་པས་རང་ཉིད་ཀྱི་སློབ་སྦྱོང་དང་འཚོ་བ་གཅིག་ཏུ་དྲིལ་ཏེ་བསམ་གཞིག་གཏིང་ཐག་ཆོད་པ་དང་། འཚོ་བའི་དབྱེ་འབྱེད་ཀྱི་ནུས་པ་དང་སྐད་ཆའི་ཁ་སྒྱུར་གྱི་ནུས་པ་བསྐྱེད་དེ་རྩོམ་འབྲིའི་ནུས་པ་མཐོ་རུ་འདེགས་པ། དགའ་མར་དུངས་པ་བརྗོད་དེ་རང་ཉིད་ཀྱི་བློ་ཁ་སྙོམས་པ། རང་གཤིས་སྒེར་ཚུགས་པ་དང་རང་གཅིག་པུའི་དོན་གཅོད་ཀྱི་ནུས་པ་བསྐྱེད་པ། འདོད་འདུན་གྱི་མུ་བསྲིངས་པ་དང་བློ་རྒྱ་ཕྱེ་བ། སེམས་བསམ་པ་རྣམ་དག་ཏུ་གཏང་ཐུབ་བོ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།