ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་རིམ་སློབ་གྲྭར་རྒྱུགས་སྤྲོད་པའི་གྲངས་རིག་རྒྱུགས་གཞིའི་སྐོར་རགས་ཙམ་བརྗོད་པ།

ཡོང་ཁུངས། : བོད་ཀྱི་སློབ་གསོ།སྤྱིའི་དེབ་235པ།   རྩོམ་པ་པོ། : བཙུན་ཐར་རྒྱལ།   སྤེལ་དུས། : 2018-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

[གནད་བཏུས] གྲངས་རིག་རྒྱུགས་གཞིའི་དམིགས་ཡུལ་དང་གྲུབ་སྟངས། ནང་དོན་སོགས་ལ་དབྱེ་ཞིབ་བྱས་ནས་མཐོ་རྒྱུགས་གྲངས་རིག་གི་བརྗོད་གཞིའི་ཁ་ཕྱོགས་དང༢༠༡༨ལོའི་གྲངས་རིག་མཐོ་རྒྱུགས་ཀྱི་ནང་དོན་སྔོན་དཔག་རགས་ཙམ་བྱས་ཡོད།

[གནད་ཚིག] མཐོ་རྒྱུགས། གྲངས་རིག རྒྱུགས་གཞི། སྔོན་དཔག

དང་པོ། གྲངས་རིག་རྒྱུགས་གཞིའི་དམིགས་ཡུལ།

རྒྱུགས་སྤྲོད་མཁན་གྱིས་སློབ་འབྲིང་གྲངས་རིག་གི་རྨང་གཞིའི་ཤེས་བྱ་དང་། གཞི་རྩའི་ནུས་རྩལ། གཞི་རྩའི་བསམ་བློ་དང་ཐབས་ཤེས་ཁོང་དུ་ཆུད་པའི་ཚད་ལ་ཚད་ལེན་ཚོད་ལྟ་བྱེད་པ་དང་། གཏན་ཚིགས་དང་མཐུན་པའི་བསམ་བློ་གཏོང་བའི་ནུས་པ་དང་། རྩིས་རྒྱག་ནུས་པ། བར་སྟོང་གི་བསམ་པའི་བཀོད་ཤུགས་ཀྱི་ནུས་པ། དེ་མིན་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་པའི་ནུས་པ་བཅས་ལ་བརྟག་དཔྱད་གཏོང་བ་དེ་ཡིན།

གཉིས་པ། མཐོ་རྒྱུགས་གྲངས་རིག་རྒྱུགས་གཞིའི་གྲུབ་སྟངས་དང་བླང་བྱ།

རྒྱུགས་གཞི་ལ་རྒྱུགས་ཤོགⅠ﹙གདམ་འགོད་འདྲི་གཞི﹚དང རྒྱུགས་ཤོགⅡ﹙གདམ་འགོད་མིན་པའི་འདྲི་གཞི﹚བཅས་ཁག་གཉིས་ཡོད་ཅིང་། སྡོམ་སྐར150ཡིན། རྒྱུགས་ལེན་དུས་ཚོད2ཡིན།

རྒྱུགས་ཤོགⅠ﹙གདམ་འགོད་འདྲི་གཞི། སྡོམ་སྐར60ཡིན།﹚

གཅིག གདམ་འགོད་འདྲི་གཞི། ﹙གདམ་འགོད་འདྲི་གཞི་འདིར་བསྡོམས་པས་འདྲི་གཞི་ཆུང་བ12ཡོད་པ་དང་། འདྲི་གཞི་ཆུང་བ་རེར་སྐར་མ5རེ། སྡོམ་སྐར60ཡིན། འདྲི་གཞི་ཆུང་བ་རེར་གདམ་བྱ་བཞི་རེ་བཀོད་ཡོད་པའི་ནང་གི་གཅིག་ཁོ་ན་འདྲི་གཞིའི་ནང་དོན་དང་མཐུན། ﹚

རྒྱུགས་ཤོགⅡ﹙གདམ་འགོད་མིན་པའི་འདྲི་གཞི། སྡོམ་སྐར90ཡིན། ﹚

གཉིས། ཁ་སྐོང་འདྲི་གཞི།﹙གདམ་འགོད་འདྲི་གཞི་འདིར་བསྡོམས་པས་འདྲི་གཞི་ཆུང་བ4ཡོད་པ་དང་། འདྲི་གཞི་ཆུང་བ་རེར་སྐར་མ5རེ། སྡོམ་སྐར20ཡིན། དྲིས་ལན་འདྲི་གཞིའི་འཕྲེད་ཐིག་སྟེང་དུ་ཕྲིས། ﹚

གསུམ། འགྲོལ་ལན་འདེབས་པའི་འདྲི་གཞི། 

﹙འདྲི་གཞི་འདི་ལན་ངེས་འདེབས་ཀྱི་འདྲི་གཞི་དང་ལན་འདེམ་འདེབས་ཀྱི་འདྲི་གཞི་ཁག་གཉིས་སུ་ཕྱེ་ཡོད། དེ་ལ་འདྲི་གཞི་ཆུང་བ7དང་སྡོམ་སྐར70ཡིན། དེ་ལས་འདྲི་གཞི17-21ལྔ་བོ་རྒྱུགས་སྤྲོད་མཁན་གྱིས་ངེས་པར་དུ་ལན་འདེབས་དགོས། འདྲི་གཞི22-23ལས་གང་རུང་གི་འདྲི་གཞི་གཅིག་བདམས་ནས་དྲིས་ལན་འདེབས་དགོས། ﹚

གསུམ་པ། ཉེ་བའི་ལོ་གསུམ་གྱི་གྲངས་རིག་རྒྱུཊ་གཞིའི་ནང་དོན་དང་སོ་སོའི་སྐར་གྲངས་ཟིན་ཚད་གཤིབ་བསྡུར།

༢༠༡༥------༢༠༡༧ལོའི་རིག་ཚན་རྒྱུགས་གཞིའི་དབྱེ་ཞིབ་རེའུ་མིག (དང་པོ)

5a9f573721192.jpg

༢༠༡༥------༢༠༡༧ལོའི་རྩིས་ཚན་རྒྱུགས་གཞིའི་དབྱེ་ཞིབ་རེའུ་མིག(གཉིས་པ)

5a9f57c6bd100.jpg

དེ་ལྟར་གཤིབ་བསྡུར་དང་སྐར་གྲངས་སྡོམ་རྩིས་བརྒྱབ་ན་ང་ཚོས་མཐོང་ཐུབ་པ་ནི། སྐར་གྲངས་མཐོ་བ་ནས་དམའ་བ་ལྟར་བསྒྲིགས་ན། ཧ་ལམ་འདི་ལྟར་ཡིན་ཏེ། ཞིབ་འགྲེལ་དབྱིབས་རྩིས་དང་། ལངས་གཟུགས་དབྱིབས་རྩིས། སྡོམ་རྩིས་དང་སྲིད་ཕྱོད། རྟེན་འབྱུང་གྲངས་དང་བསྡུར་མཐའ། གྲངས་ཕྲེང་། ཟུར་གསུམ་དབྱིབས་འགྲོལ་བ། ཟུར་གསུམ་རྟེན་འབྱུང་གྲངས། སྣེ་ཟིན་གནས་ཚད་མ་ལག་དང་ཞུགས་གྲངས་མཉམ་བྱ། མི་མཚུངས་ཚུལ་ར་སྤྲོད་འདེམ་ཁྲིད། ཕྱོགས་ཚད། ཚོགས་སྤྱི། ཚོ་གྲངས། མི་མཚུངས་ཚུལ། ལུགས་མཐུན་རིགས་འདེད་སོགས་ཡིན་པས། དེ་ཚོའང་གཤམ་གྱི་ཕྱོགས་དྲུག་ལ་བསྡུས་ཆོག་སྟེ།

༡. ཟུར་གསུམ་གྱི་སྐོར།

(དེ་རུ་ཟུར་གསུམ་རྟེན་འབྱུང་གྲངས་དང་ཟུར་གསུམ་དབྱིབས་འགྲོལ་བ། སྙོམས་ངོས་ཕྱོགས་ཚད་བཅས་འདུས།)

༢. སྲིད་ཕྱོད་དང་སྡོམ་རྩིས།

༣. ལངས་གཟུགས་དབྱིབས་རྩིས།

༤. གྲངས་ཕྲེང་།

༥. ཞིབ་འགྲེལ་དབྱིབས་རྩིས།

༦. རྟེན་འབྱུང་གྲངས་དང་བསྡུར་མཐའ།

རྒྱུགས་གཞིའི་གྲུབ་སྟངས་ཐད་ནས་བལྟས་ན་བསླབ་ཚན་ཚད་གཞིའི་གྲངས་རིག་མཐོ་རྒྱུགས་ཀྱི་ནམ་རྒྱུན་ཁྱད་ཆོས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཡོད་པ་དང་། རྒྱུགས་གཞི་རུ་དཀའ་རྙོག་ཆེ་བ་དང་རྒྱུན་མཐོང་མ་ཡིན་པའི་རིགས་མེད་ལ། གནད་དོན་དེ་དག་ཐག་གཅོད་པར་རྒྱུན་བཀོལ་གྱི་ཐབས་བཀོལ་བ་ལ་ཤུགས་ཆེ་རུ་གཏོང་བ་དང་ཐབས་རྩལ་བཀོལ་བའི་ཐད་ལ་ཤུགས་ཇེ་ཞན་དུ་བཏང་ཡོད། རྒྱུགས་གཞིའི་སྒྲིག་སྟངས་ཀྱང་སླ་མོ་ནས་ཁག་པོ་ལྟར་བཀོད་སྒྲིག་བྱས་ཡོད། རྒྱུགས་གཞིའི་ནང་དོན་སྟེང་ནས་ཆེ་ས་ནས་གཏན་འཇགས་དང་ཆུང་ས་ནས་གསར་གཏོད་བྱས་པའི་བསམ་བློ་མཚོན་ཐུབ། ༢༠༡༧ལོའི་རྒྱུགས་གཞི་ལ་མཚོན་ན། དེའི་འགྱུར་ལྡོག་ནི་སྔོན་ཆད་ཀྱི་མཐོ་རྒྱུགས་རྒྱུགས་གཞི་ལས་དབྱིབས་རྩིས་ར་སྤྲོད་འདེམ་ཁྲིད་ཀྱི་འདྲི་གཞི་དོར་ཏེ་འདྲི་གཞི༢༤དེ་འདྲི་གཞི༢༣ལ་བསྒྱུར་བ་དང་། མཇུག་མཐའི་འགྲོལ་ལན་འདེབས་པའི་སྐོར་གྱི་གསུམ་ལས་གཅིག་འདེམས་དགོས་པ་དེ་གཉིས་ལས་གཅིག་འདེམས་དགོས་པ་ལ་བསྒྱུར་ཡོད། ད་དུང་གྲངས་རིག་རིག་གནས་ལ་འབྲེལ་བ་ཡོད་པའི་འདྲི་གཞི་ཁ་སྣོན་བྱས་ཡོད་དེ། དཔེར་ན། འདྲི་གཞི་གསུམ་པ་ལྟ་བུའོ། །

བཞི་པ། སྤྱིར་བཏང་གི་མཐོ་རྒྱུགས་གྲངས་རིག་གི་བརྗོད་གཞིའི་ཁ་ཕྱོགས།

1. རྟེན་འབྱུང་གྲངས་དང་བསྡུར་མཐའི་སྐོར།

རྟེན་འབྱུང་གྲངས་རང་བཞིན་གྱི་གཙོ་གནད་ནི་ཆ་འགྲིག་རང་བཞིན་དང་ཆ་ཡ་རང་བཞིན། རྐྱང་འགྱུར་རང་བཞིན། དཔེ་རིས་བཅས་ཀྱི་ཉེར་སྤྱོད་ཡིན། བསྡུར་མཐའི་ཉེར་སྤྱོད་སྐོར་གྱི་གཙོ་གནད་ནི། ①རྟེན་འབྱུང་གྲངས་ཀྱི་རྐྱང་འགྱུར་རང་བཞིན་དང་ཤོས་ཐང་། ཆེས་ཐང་གཏན་འཁེལ་བྱེད་པ། ②བསྡུར་མཐའི་ལུགས་རྩིས་དང་། བསྡུར་མཐའི་དབྱིབས་རྩིས་དོན་སྙིང་། མི་མཚུངས་ལ་ར་སྤྲོད་པ།③རྟེན་འབྱུང་གྲངས་ཀྱི་རྐྱང་འགྱུར་རང་བཞིན་དང་ཤོས་ཐང་། ཆེས་ཐང་བཅས་གཞིར་བཟུང་ནས་རྟེན་འབྱུང་གྲངས་ཀྱི་དཔེ་རིས་འབྲི་བ་དང་ཞུགས་གྲངས་ཀྱི་གྲངས་ཐང་ལེན་པའི་ཁྱབ་ཁོངས་གཏན་འཁེལ་བྱེད་པ་བཅས་ཡིན། སྤྱིིར་བཏང་དུ་བསྡུར་མཐའི་ཉེར་སྤྱོད་སྐོར་ལ་འདྲི་གཞི་ཆུང་བ་གཅིག་དང་ཆེ་བ་གཅིག་ཡོད། འདྲི་གཞི་ཆེ་བ་དེར་རིགས་ཕྱེ་ནས་གྲོས་བསྡུར་དང་བསམ་བློ་ཕྱོགས་སྡོམ་བྱེད་པར་མཐོང་ཆེན་བྱེད་ཀྱིན་ཡོད། ད་ལོའི་རྒྱུགས་གཞི་རུ་ཁེར་རྐྱང་གི་རྟེན་འབྱུང་གྲངས་ཀྱི་རང་བཞིན་གྱི་འདྲི་གཞི་མེད་པས། སང་ལོ་འདྲི་གཞི་དེ་འདྲ་ཡོད་ཤས་ཆེའོ། །

2. ལངས་གཟུགས་དབྱིབས་རྩིས་ཀྱི་སྐོར།

འདིའི་ཁག་ལ་རྒྱུན་པར་འདྲི་གཞི་ཆུང་བ་གཉིས་དང་ཆེ་བ་གཅིག་ཡོད། འདྲི་གཞི་ཆུང་བ་ལས་སུམ་མཐོང་རི་མོ་ནི་ངེས་པར་དུ་ལོ་རེ་རེར་ཡོད་པའི་འདྲི་གཞི་ཞིག་ཡིན། དེ་རྒྱུན་པར་དབྱིབས་རྩིས་གཟུགས་ཀྱི་རྒྱ་ཁྱོན་དང་བོངས་ཚད་ཟུང་འབྲེལ་བྱས་ནས་མཉམ་དུ་བརྟག་དཔྱད་གཏོང་བ་ཡིན། དེ་ལས་འགྲོལ་ལན་འདེབས་པའི་འདྲི་གཞི་ལ་སྤྱིར་བཏང་དུ་དྲི་བ2ཡོད། དྲི་བ་དང་པོ་ནི་ཐིག་དུམ་གཉིས་མཚུངས་པ། ཐིག་དང་ཐིག ཐིག་དང་ངོས། ངོས་དང་ངོས་ཀྱི་གནས་སའི་འབྲེལ་བ་ལ་ར་སྤྲོད་དགོས་པའི་གནད་དོན་ཞིག་ཡིན། དྲི་བ་གཉིས་པ་རྩིས་ཚན་ལ་མཚོན་ན་ངོས་གཉིས་ཟུར་གྱི་ཟུར་གསུམ་རྟེན་འབྱུང་གྲངས་ཀྱི་གྲངས་ཐང་ཚད་(ཟུར་ཚད)བརྩི་བའི་གནད་དོན་ཞིག་ཡིན་ཞིང་། དེ་ལས་ཟུར་ཚད་རྩི་བའི་སྐབས་སུ་སྤྱིར་བཏང་དུ་བར་སྟོང་ཕྱོགས་ཚད་བཀོལ་ནས་བརྩི་དགོས། རིག་ཚན་ལ་མཚོན་ན་མང་ཤོས་བོངས་ཚད་དང་། བར་ཐག་ཡང་ན་ཟུར་ཚད་བརྩི་བའི་གནད་དོན་ཡིན།

3. ཞིབ་འགྲེལ་དབྱིབས་རྩིས་ཀྱི་སྐོར།

འདིའི་ཁག་ལ་སྤྱིར་བཏང་དུ་འདྲི་གཞི་ཆེ་བ་གཅིག་དང་ཆུང་བ་གཉིས་ཡོད། དེ་ཚོ་སྒོར་དབྱིབས་དང་འཇོང་སྒོར། ཟུང་ལྡན་འཁྱོག་ཐིག དངོས་འཕངས་ཐིག་བཅས་ཚང་མ་ལ་འབྲེལ་བ་ཡོད་སྲིད། དེ་ལས་ཟུང་ལྡན་འཁྱོག་ཐིག་གི་གནད་དོན་དེ་གདམ་འགོད་འདྲི་གཞི་དང་ཁ་སྐོང་འདྲི་གཞི་རུ་ཡོད་སྲིད། དེ་ཅུང་སླ་མོ་ཡིན། འགྲོལ་ལན་འདེབས་པའི་འདྲི་གཞི་ནི་སྤྱིར་བཏང་དུ་འཇོང་སྒོར་དང་དངོས་འཕངས་ཐིག་གནད་དོན་འདྲེན་བྱེད་བྱས་ནས་བརྟག་དཔྱད་གཏོང་བ་ཡིན། དེའི་རྩིས་རྒྱག་ཚད་ཅུང་ཆེའོ། །

4. ཟུར་གསུམ་རྟེན་འབྱུང་གྲངས་དང་གྲངས་ཕྲེང་གི་སྐོར།

ཟུར་གསུམ་རྟེན་འབྱུང་གྲངས་དང་གྲངས་ཕྲེང་གི་འགྲོལ་ལན་འདེབས་པའི་འདྲི་གཞི་ནི་ཉེ་བའི་ལོ་འགའ་ལ་རེས་མོས་བྱས་ནས་མངོན་པ་ཡིན། གལ་ཏེ་འགྲོལ་ལན་འདེབས་པའི་འདྲི་གཞི་ནི་གྲངས་ཕྲེང་གི་གནད་དོན་ཡིན་ན། སྤྱིར་བཏང་དུ་ཅུང་སླ་བ་ཡིན། དེས་གཙོ་བོར་གཞི་རྩའི་ཚད་ལ་བརྟེན་ནས་ཁྱབ་ཚན་བརྩི་བ་དང་སྡོམ་བརྩི་བའི་སྤྱི་འགྲོས་འགའ་ཡོད་པ་ལ་བརྟག་དཔྱད་གཏོང་བ་ཡིན། གལ་ཏེ་འགྲོལ་ལན་འདེབས་པའི་འདྲི་གཞི་ནི་ཟུར་གསུམ་རྟེན་འབྱུང་གྲངས་ཡིན་ན། སྤྱིར་བཏང་དུ་ཟུར་གསུམ་འགྲོལ་བའི་གནད་དོན་ཡིན། འདིའི་སྐབས་སུ་གདམ་འགོད་འདྲི་གཞི་དང་ཁ་སྐོང་འདྲི་གཞི་རུ་ཟུར་གསུམ་རྟེན་འབྱུང་གྲངས་ཀྱི་རང་བཞིན་ལ་འབྲེལ་བ་ཡོད་པའི་འདྲི་གཞི་ཞིག་ཡོད། དུས་མཉམ་དུ་གདམ་འགོད་འདྲི་གཞི་དང་ཁ་སྐོང་འདྲི་གཞི་རུ་གྲངས་ཕྲེང་གི་འདྲི་གཞི་གཉིས་ཡོད་ཅིང་། གཅིག་སླ་ཞིང་གཅིག་དཀའ།

5. སྲིད་ཕྱོད་དང་སྡོམ་རྩིས་ཀྱི་སྐོར།

འདིའི་ཁག་ལ་རྒྱུན་པར་འདྲི་གཞི་ཆུང་བ་གཅིག་དང་ཆེ་བ་གཅིག་ཡོད། འགྲོལ་ལན་འདེབས་པའི་འདྲི་གཞི་ནི་སྤྱིར་བཏང་དུ་དངོས་ཡོད་གནད་དོན་དང་ཟུང་འབྲེལ་བྱེད་པ་སྟེ། འཚོ་བ་དངོས་དང་འབྲེལ་བ་ཡོད། རྩིས་ཚན་ནི་སྡོམ་རྩིས་དང་ཁྱབ་ཚུལ་ཕྲེང་གཉིས་ཀ་འདུས་པའི་འདྲི་གཞི་ཞིག་ཡིན་ཞིང་། གཙོ་བོ་ཟློས་ཕྱོད་ཁྱབ་ཚུལ་ཀེར་ལངས་རི་མོ་དང་སྡོམ་རྩིས་དཔེ་གཞི། གྲངས་རིག་རེ་འདུན་བཅས་བཟུང་ཡོད། གདམ་འགོད་འདྲི་གཞི་དང་ཁ་སྐོང་འདྲི་གཞིའི་ཁྲོད་ཀྱི་སྡོམ་རྩིས་དང་སྲིད་ཕྱོད་ཀྱི་འདྲི་གཞི་ཅུང་སླ་མོ་ཡིན། དེ་གཙོ་བོ་སྲིད་ཕྱོད་ཀྱི་རྩིས་རྒྱག་དང་སྡོམ་རྩིས་རི་མོའི་རེའུ་མིག་གི་ཉེར་སྤྱོད་ཡིན།

ལྔ་པ། ༢༠༡༨ལོའི་གྲངས་རིག་མཐོ་རྒྱུགས་ལ་སྔོན་དཔག་བྱེད་པ།

ཉེ་བའི་ལོ་བཅུའི་རིང་གི་མཐོ་རྒྱུགས་ཀྱི་རྒྱུགས་གཞིའི་ནང་དོན་གོང་ལྟར་རེའུ་མིག་བཀོད་དེ་གཤིབ་བསྡུར་དང་ཞིབ་འཇུག་བྱས་ན། ང་ཚོས་གསལ་བོར་མཐོང་བ་ནི་ནང་དོན་སྐོར་ཞིག་ལོ་རེ་རེའི་རྒྱུགས་གཞིར་གྱུར་ཡོད་པ་དང་། ནང་དོན་ལ་ལ་ཞིག་རེས་མོས་བྱས་ནས་རྒྱུགས་གཞིའི་སྟེང་མངོན་པའི་ཆོས་ཉིད་ཡོད། དེར་བརྟེན༢༠༡༨ལོའི་གྲངས་རིག་མཐོ་རྒྱུགས་ཀྱི་རྒྱུགས་གཞིའི་ནང་དོན་དང་སྐར་གྲངས་ཟིན་ཚད་སྔོན་དཔག་བྱེད་པ་གཤམ་ལྟར།

1. གདམ་འགོད་འདྲི་གཞི་དང་ཁ་སྐོང་འདྲི་གཞིའི་སྐོར།

ཚོགས་སྤྱིའི་སྐོར་ལ་སྐར་མ༥ཡོད།

ཚོ་གྲངས་ཀྱི་སྐོར་ལ་སྐར་མ༥ཡོད།

ཕྱོགས་ཚད་ཀྱི་སྐོར་ལ་སྐར་མ༥ཡོད།

ཐིག་གཤིས་འཆར་འགོད་ཀྱི་སྐོར་ལ་སྐར་མ༥ཡོད།

བྱ་རིམ་སྒྲོམ་རིས་ཀྱི་སྐོར་ལ་སྐར་མ༥ཡོད།

སུམ་མཐོང་རི་མོའི་སྐོར་ལ་སྐར་མ༥ཡོད།

ཚན་གཉིས་ཚུལ་གྱི་ངེས་སྲོལ་སྐོར་ལ་སྐར་མ༥ཡོད།

རྟེན་འབྱུང་གྲངས་ཀྱི་རང་བཞིན་སྐོར་ལ་སྐར་མ༥ཡོད།

ཟླུམ་སྙུང་འཁྱོག་ཐིག་སྐོར་ལ་སྐར་མ༥ཡོད།

སྡོམ་རྩིས་དང་སྲིད་ཕྱོད་སྐོར་ལ་སྐར་མ༥ཡོད།

ལངས་གཟུགས་དབྱིབས་རྩིས་ལས་ཕྱི་ངོས་རྒྱ་ཁྱོན་དང་བོངས་ཚད་བརྩི་བའི་སྐོར་ལ་སྐར་མ༥ཡོད།

ལུགས་མཐུན་རིགས་འདེད་ཀྱི་སྐོར་ལ་སྐར་མ༥ཡོད།

བསྡུར་མཐའི་སྐོར་ལ་སྐར་མ༥ཡོད།

2. འགྲོལ་ལན་འདེབས་པའི་འདྲི་གཞིའི་སྐོར།

འདྲི་གཞི17. གྲངས་ཕྲེང་ངམ་ཡང་ན་ཟུར་གསུམ་དབྱིབས་འགྲོལ་བ། (སྐར་མ༡༢ཡོད)

འདྲི་གཞི18. 19. སྲིད་ཕྱོད་དང་སྡོམ་རྩིས། ཡང་ན་ཞིབ་འགྲེལ་དབྱིབས་རྩིས།

(སོ་སོར་སྐར་མ༡༢ཡོད)

འདྲི་གཞི20. ཞིབ་འགྲེལ་དབྱིབས་རྩིས་སྐོར་ལ་སྐར་མ༡༢ཡོད། (སྐར་མ༡༢ཡོད)

འདྲི་གཞི21. བསྡུར་མཐའི་ཉེར་སྤྱོད་སྐོར་ལ་སྐར་མ༡༢ཡོད། (སྐར་མ༡༢ཡོད)

འདྲི་གཞི22.འདེམ་སྦྱོང4-4:སྣེ་ཟིན་གནས་ཚད་མ་ལག་དང་ཞུགས་གྲངས་མཉམ་བྱ།

འདྲི་གཞི23.འདེམ་སྦྱོང4-5:མི་མཚུངས་ཚུལ་འདེམ་ཁྲིད།

(འདྲི་གཞི22.23ལས་གཅིག་བདམས་ན་སྐར་མ༡༠ཡོད)

དྲུག་པ། མཇུག་བསྡུ་བའི་གཏམ།

རྒྱུགས་གཞི་འདོན་པའི་ཆོས་ཉིད་ལ་རྒྱུས་ལོན་དང་ཞིབ་འཇུག རྒྱུགས་ལ་གྲ་སྒྲིག་བྱེད་པར་ཐབས་ཇུས་འཚོལ་ཞིབ། ཆེད་དམིགས་རྣམ་གྲངས་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་པ་བཅས་བྱས་ན་སློབ་མའི་མཐོ་རྒྱུགས་ཀྱི་སྐར་གྲངས་ཇེ་མཐོར་གཏོང་བར་ནུས་པ་གལ་ཆེན་འདོན་ཐུབ་བོ། །

བཙུན་ཐར་རྒྱལ། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།