ཀྲུང་གོ་བོད་ཀྱི་དྲ་བ།

དཔེ་ཁྲིད་ཀྱི་སྦྱོར་བཤད་དཔྱད་གསུམ་གླེང་བ།

ཡོང་ཁུངས། : བོད་ཀྱི་སློབ་གསོ།སྤྱིའི་དེབ་235པ།   རྩོམ་པ་པོ། : སྟོབས་ལྡན།   སྤེལ་དུས། : 2018-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

[གནད་བཏུས] རྩོམ་ཐུང་འདིས་བསླབ་ཚན་ཚད་གཞི་ངེས་ཤིང་སློབ་ཁྲིད་རྩ་དོན་རྒྱུན་འཁྱོངས་བྱེད་བཞིན་དུ་འཁྲིད་སྦྱོར་བཟོ་དགོས་ཤིང་། སློབ་དེབ་དང་། འཁྲིད་ཐབས། སློབ་ཐབས། སློབ་ཁྲིད་ཀྱི་གོ་རིམ། སྒོ་སམ་ཇུས་འགོད་བཅས་གཙོར་བཟུང་ནས་འཁྲིད་བཤད་བྱ་དགོས་པ། སློབ་ཁྲིད་ཀྱི་རྩ་དོན་དང་། དམིགས་ཡུལ། སྦྱོར་བ། སྐད་ཆ། གོ་རིམ། འཁྲིད་ཐབས། གྲུབ་འབྲས་སོགས་ལ་དཔྱད་བརྗོད་སྤེལ་དགོས་པ་བཅས་བསྟན་ཡོད།

[གནད་ཚིག] འཁྲིད་སྦྱོར། འཁྲིད་བཤད། འཁྲིད་དཔྱད།

དཔེ་ཁྲིད་ནི་སློབ་མ་ལ་རིག་པའི་བདུད་རྩི་གནང་ཞིང་བསམ་བློའི་འོད་སྣང་སྦྱིན་པ། ཉན་བཤད་འབྲི་ཀློག་སོགས་ཀྱི་ནུས་པ་སྐྱེད་སྲིང་བྱེད་པའི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་རེད། དེ་ཕྱིར། གནའ་ནས་ད་ལྟའི་བར་དུ་དཔེ་ཁྲིད་ལ་མཐོང་ཆེན་མ་བྱས་པའི་སྔོན་ཐོན་གྱི་མི་རིགས་འགའ་ཡང་མེད་དོ། ། ཡ་རབས་དང་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་བཞིན་པའི་མི་རིགས་ཐམས་ཅད་ཀྱིས་རང་གི་འོད་སྟོང་འབར་བའི་རིག་གནས་དག་དཔེ་ཁྲིད་ཀྱི་ཐབས་ལམ་འདི་ལ་བརྟེན་ནས་མི་རབས་རྗེས་མ་རྣམས་ལ་སྤེལ་བ་རེད། ད་ལྟའི་དུས་འདི་ནི། རིག་པ་སྣ་མང་ཆེས་ཆེར་དར་ཞིང་། བརྡ་འཕྲིན་ནམ་མཁར་མི་ཤོང་ཙམ་དུ་འཕེལ་བ། དཔལ་དང་འབྱོར་བ་ཕྱོགས་ཡོངས་ནས་རྒྱས་པ། མི་རིགས་དང་རྒྱལ་ཁབ་ཐམས་ཅད་འགྲན་པ་ནང་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་དུས་ཤིག་རེད། དུས་སྐབས་འདིར། དཔེ་ཁྲིད་ལ་ཤུགས་མི་རྒྱག་མཁན་ཧ་ལམ་ཡོད་པ་མ་རེད། ཐམས་ཅད་ཀྱིས་རང་གི་མི་རབས་རྗེས་མ་སྐྱེད་སྲིང་བྱ་རྒྱུ་ནི་དང་པོའི་དང་པོར་བཞག་སྟེ། ཕྱོགས་སྒོ་མོ་ནས་དཔེ་ཁྲིད་ཀྱི་ལས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་བཞིན་དུ་ཤུགས་རྒྱག་བཞིན་འདུག བདག་གིས་ཀྱང་དུས་བབ་འདི་དང་བསྟུན་ནས་དཔེ་ཁྲིད་ཀྱི་ཐད་ལ་རང་ཉིད་ཀྱི་བསམ་ཚུལ་འགའ་རེ་ཞིག་བརྗོད་འདོད་དོ། །

དེ་ཡང་དཔེ་ཁྲིད་ལ་དཔེ་ཁྲིད་ཀྱི་སྦྱོར་བ་སྟེ་འཁྲིད་སྦྱོར་དང་། དཔེ་ཁྲིད་བཤད་པ་སྟེ་འཁྲིད་བཤད། དཔེ་ཁྲིད་ཀྱི་དཔྱད་བརྗོད་དེ་འཁྲིད་དཔྱད་བཅས་གསུམ་ཡོད་ལ། གཤམ་ནས་འདི་དག་རེ་རེ་བཞིན་དུ་གླེང་བར་བྱའོ། །

དང་པོ། འཁྲིད་སྦྱོར།

འདི་ནི་དཔེ་ཁྲིད་ལ་སྦྱོར་དངོས་རྗེས་གསུམ་ཡོད་པ་ལས་སྦྱོར་བ་སྟེ་གྲ་སྒྲིག་ཡིན། དཔེ་ཁྲིད་བཟང་པོོ་ཞིག་བྱ་འདོད་ན་ངེས་པར་དུ་དཔེ་ཁྲིད་ལ་གྲ་སྒྲིག་ཡག་པོ་ཞིག་བྱ་དགོས། དཔེ་ཁྲིད་ལ་གྲ་སྒྲིག་བྱེད་སྐབས་ཐོག་མར་ངེས་པར་དུ་བསླབ་ཚན་ཚད་གཞི་ལ་སློབ་སྦྱོང་དང་ཞིབ་འཇུག་བྱ་དགོས། དེ་ཡང་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་འགན་བབ་སློབ་གསོའི་བོད་ཀྱི་སྐད་ཡིག་གི་བསླབ་ཚན་ཚད་གཞི་ལ་ཁག་བཞི་ཡོད་དེ། ཁག་དང་པོ་གླེང་གཞི་ལ་བསླབ་ཚན་གྱི་ངོ་བོ་དང་གོ་གནས། བསླབ་ཚན་གྱི་ལྟ་བ། བསླབ་ཚན་གྱི་ཚད་གཞིའི་འཆར་འགོད་རིག་ལམ་བཅས་དོན་ཚན་གསུམ་ཡོད་པ་དང་། ཁག་གཉིས་པ་བསླབ་ཚན་གྱི་དམིགས་ཚད་ལ་སྤྱིའི་དམིགས་ཚད་དང། བྱེ་བྲག་གི་དམིགས་ཚད་གཉིས་ལས་ཕྱི་མ་བྱེ་བྲག་གི་དམིགས་ཚད་ལ། ལོ་རིམ་དང་པོ་དང་གཉིས་པ་སྟེ་སློབ་རིམ་དང་པོ་དང་། ལོ་རིམ་གསུམ་པ་དང་བཞི་པ་སྟེ་སློབ་རིམ་གཉིས་པ་དང་། ལོ་རིམ་ལྔ་པ་དང་དྲུག་པ་སྟེ་སློབ་རིམ་གསུམ་པ་དང་། ལོ་རིམ་བདུན་པ་ནས་དགུ་པའི་བར་ཏེ་སློབ་རིམ་བཞི་པ་བཅས་ཡོད། ཁག་གསུམ་པ་ལག་བསྟར་གྲོས་གཞི་ལ་སློབ་དེབ་རྩོམ་སྒྲིག་གི་གྲོས་གཞི་དང། བསླབ་ཚན་གྱི་ཐོན་ཁུངས་འདོན་སྤེལ་དང་བེད་སྤྱོད། སློབ་ཁྲིད་ཀྱི་གྲོས་གཞི། དཔྱད་འཇོག(བརྗོད)གི་གྲོས་གཞི་བཅས་དོན་ཚན་བཞི་ཡོད། ཟུར་བཀོད་གཅིག་སྟེ། སློབ་ཐུན་ཕྱིའི་ལྟ་ཀློག་སྐོར་གྱི་གྲོས་གཞི་བཅས་བཀོད་སྒྲིག་བྱས་ཡོད།

མཐོ་རིམ་སློབ་འབྲིང་གི་བོད་ཀྱི་སྐད་ཡིག་གི་བསླབ་ཚན་ཚད་གཞི་ལ་ཡང་ཁག་གསུམ་ཡོད་དེ། ཁག་དང་པོ་གླེང་གཞི་ལ་བསླབ་ཚན་གྱི་ངོ་བོ་དང་། བསླབ་ཚན་གྱི་གཞི་རྩའི་ལྟ་བ། བསླབ་ཚན་འཆར་འགོད་ཀྱི་རིག་ལམ་བཅས་དོན་ཚན་གསུམ་ཡོད། ཁག་གཉིས་པ་བསླབ་ཚན་གྱི་དམིགས་ཚད་ལ་ངེས་སྦྱོང་བསླབ་ཚན་དང་འདེམ་སྦྱོང་བསླབ་ཚན་བཅས་དོན་ཚན་གཉིས་ཡོད། ཁག་གསུམ་པ་ལག་བསྟར་གྱི་གྲོས་གཞི་ལ་སློབ་ཁྲིད་ཀྱི་གྲོས་གཞི་དང་། དཔྱད་འཇོག(བརྗོད)གི་གྲོས་གཞི། སློབ་དེབ་རྩོམ་སྒྲིག་གི་གྲོས་གཞི། བསླབ་ཚན་གྱི་ཐོན་ཁུངས་འདོན་སྤེལ་དང་བེད་སྤྱོད་བཅས་དོན་ཚན་བཞི་ཡོད། ང་ཚོས་རང་གི་སློབ་ཁྲིད་ཀྱི་འགན་འཁྲི་ལྟར་དུ་བསླབ་ཚན་གྱི་ཚད་གཞི་ལ་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་བྱས་རྗེས། དེ་ཉིད་ཡང་དག་པའི་སྒོ་ནས་བེད་སྤྱོད་གཏོང་ཞོར་དུ་དཔེ་ཁྲིད་གྲ་སྒྲིག་གི་ལས་ལ་གཞུག་དགོས།

དཔེ་ཁྲིད་གྲ་སྒྲིག་གི་ལས་ལ་འཇུག་སྐབས་ངེས་པར་འབྲེལ་ཡོད་སློབ་ཁྲིད་རྩ་དོན་ཁག་རྒྱུན་འཁྱོངས་བྱ་དགོས། དཔེར་ན། འཆད་པའི་སྐྱོན་རྣམས་སྤངས་ནས་ནི། ། ཤིན་ཏུ་བརྩེ་བའི་བསམ་པས་བཤད། ། ཉན་པའི་སྐྱོན་རྣམས་སྤངས་ནས་ནི། ། ཤེས་པར་འདོད་པས་ལེགས་པར་མཉན། ། ཞེས་པའི་ས་པཎ་གྱི་འཆད་ཉན་གྱི་རྩ་དོན་དང་། བློ་ཅན་རྣམས་ལ་ཟབ་རྒྱ་ཆེ། ། བློ་ཆུང་གཟུང་བདེ་གོ་སླ་བ། །

ཕྱིས་ནས་ཚིག་དོན་འབྲེལ་ཆགས་ནས། ། དོན་ཕྲ་འགལ་འབྲེལ་དཔྱད་ཅིང་བཤད། ། ཅེས་པའི་ས་པཎ་གྱི་གང་འཚམ་གྱི་རྩ་དོན་དང་། སློབ་གསོ་རིག་པའི་གཞུང་ལུགས་དག་ཏུ་གསུངས་པའི་སློབ་ཁྲིད་ཀྱི་རྩ་དོན་རྣམ་བདུན་ཏེ། ཚན་རིག་རང་བཞིན་དང་བསམ་བློ་རང་བཞིན་གཅིག་གྱུར་གྱི་རྩ་དོན། གཞུང་ལུགས་དོན་དངོས་དང་སྦྲེལ་བའི་རྩ་དོན། མངོན་སུམ་རང་བཞིན་གྱི་རྩ་དོན། བློ་འབྱེད་རང་བཞིན་གྱི་རྩ་དོན། རིམ་གྱིས་འཇུག་པའི་རྩ་དོན། བརྟན་པོར་འཛིན་པའི་རྩ་དོན། གང་ལ་གང་འཚམ་གྱི་རྩ་དོན་བཅས་དང་། སློབ་ཁྲིད་ཀྱི་རྩ་དོན་རྣམ་བཞི་སྟེ། བརྡ་འཕྲིན་ཆ་ཚང་བའི་རྩ་དོན་དང་། མཛེས་འཛིན་གྱི་རྩ་དོན་དང་། ལག་ལེན་རང་བཞིན་གྱི་རྩ་དོན་དང་། གསར་གཏོད་རང་བཞིན་གྱི་རྩ་དོན་བཅས་དང་། འཁྲིད་སྦྱོར་གྱི་རྩ་དོན་རྣམ་བཞི་སྟེ། ཕན་ནུས་ལྡན་པའི་རྩ་དོན་དང། བརྒྱུད་རིམ་ཡོད་པའི་རྩ་དོན། ལེགས་བསྡུས་ཀྱི་རྩ་དོན། སྔོན་ཐོན་གྱི་རྩ་དོན་བཅས་དང་། གཞན་ད་དུང་མཁོ་སྤྲོད་དང་སྐྱེད་སྲིང་ཟུང་འབྲེལ་གྱི་རྩ་དོན་སོགས་རྒྱུན་འཁྱོངས་བྱེད་བཞིན་དུ་དཔེ་ཁྲིད་གྲ་སྒྲིག་བྱ་དགོས།

དཔེ་ཁྲིད་གྲ་སྒྲིག་བྱེད་སྐབས། ཐོག་མར་བརྡ་འཕྲིན་ཆ་ཚང་བའི་རྩ་དོན་སོགས་རྒྱུན་འཁྱོངས་བྱེད་བཞིན་དུ། རང་གི་བློ་གྲོས་ཀྱི་རྩལ་དང་དུས་ཚོད་གཉིས་ལ་བརྟེན་ནས་ཤེས་སུ་འཇུག་ཐུབ་པའི་སློབ་ཚན་གྱི་མིང་རེ་རེ་དང་ཚིག་རེ་རེ། ཚན་པ་རེ་རེ། ཁག་རེ་རེའི་དོན་དང་། དེའི་བསྟན་བྱ་དང་། རྩོམ་སྟངས་ཀྱི་ཁྱད་ཆོས་སོགས་རྟོགས་དགོས་ལ། དེ་དག་དང་འབྲེལ་བ་ཡོད་པའི་དོན་དང་། ཆ་འདྲ་བའི་དོན་སོགས་རྟོགས་པར་བྱ་དགོས། དེའི་རྗེས་བསླབ་ཚན་གྱི་ཚད་གཞི་ལྟར་འཁྲིད་གཞི་བཟོ་དགོས། འཁྲིད་གཞི་ལ་སྒེར་དང་ཐུན་མོང་གི་འཁྲིད་གཞི་གཉིས་ཡོད་པ་ལས་མང་ཆེ་བ་ནི་སྒེར་གྱི་འཁྲིད་གཞི་ཡིན། འཁྲིད་གཞིའི་སྒྲིག་གཞི་ལ་སྣ་ཚོགས་ཤིག་ཡོད་ཆོག་མོད། རྒྱུགས་ཆེ་བ་ལྟར་ན་གཤམ་གསལ་ལྟར་རོ། །

+++འཁྲིད་གཞི།

༡. སློབ་ཁྲིད་ཀྱི་དམིགས་ཡུལ།

ཤེས་བྱ་མཁོ་སྤྲོད་དང་ནུས་པ་སྐྱེད་སྲིང་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སློབ་ཁྲིད་ཀྱི་དམིགས་ཡུལ་གཏན་ལ་དབབ་དགོས། འདི་ནི་འཁྲིད་གཞིའི་གོ་རིམ་དང་པོ་ཡིན་ལ། གོ་རིམ་ཀུན་ལས་གཙོ་བོ་ཡང་ཡིན་ནོ། །

༢. སློབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད།

སློབ་མ་དང་སློབ་དེབ་བདག་གིར་བཟུང་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སློབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད་ངོས་འཛིན་དགོས། འདི་གཉིས་ནི་གཅིག་ཡིན་པའི་སྐབས་ཡོད་ལ། ཐ་དད་ཡིན་པའི་སྐབས་ཀྱང་ཡོད།

༣. སློབ་ཁྲིད་ཀྱི་བྱེད་ཐབས།

བློ་ཅན་རྣམས་ལ་ཟབ་རྒྱ་ཆེ། ། བློ་ཆུང་གཟུང་བདེ་གོ་སླ་བ། ། ཞེས་པའི་གང་འཚམ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སློབ་ཚན་དང་སློབ་མ་གཉིས་ལ་འཚམ་པའི་འཆད་ཐབས་ཏེ་སློབ་ཁྲིད་བྱེད་ཐབས་གཏན་ལ་དབབ་དགོས།

༤. དུས་ཚོད་བཀོད་སྒྲིག །

སློབ་ཁྲིད་འཆར་གཞི་ལག་བསྟར་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་སློབ་ཁྲིད་ཀྱི་དུས་ཚོད་བཀོད་སྒྲིག་བྱ་དགོས།

༥. སློབ་ཁྲིད་ཀྱི་གོ་རིམ་དང་ནང་དོན།

རིམ་གྱིས་འཇུག་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སློབ་མའི་འཕེལ་རྒྱས་ལ་ཕན་པའི་སློབ་ཁྲིད་ཀྱི་གོ་རིམ་དང་ནང་དོན་བཀོད་སྒྲིག་བྱ་དགོས། འདིར་འདི་ཡིན་ལ་དེ་མིན་ཞེས་པའི་གཏན་ཁེལ་ཞིག་མེད་མོད། སྤྱིར་བཏང་གི་གོ་རིམ་ནི་གཤམ་གསལ་ལྟར་རོ། །

ཀ རྩོམ་པ་པོ།

ཁ། རྩོམ་གྱི་རིགས་སམ་ལུས།

ག སློབ་ཚན་གྱི་འགྲེལ་བ་དང་དབྱེ་ཞིབ།

a. འགྲེལ་བ།

b. དབྱེ་ཞིབ།

ཚན་པ་དང་ཁག་སོ་སོའི་རྗོད་བྱེད་དང་། བརྗོད་བྱ། བརྗོད་ཚུལ། རྩོམ་ཧྲིལ་པོའི་བསྟན་བྱ། རྩོམ་སྟངས་ཀྱི་ཁྱད་ཆོས་སོགས་ལ་དབྱེ་ཞིབ་བྱ་དགོས།

ང་། སྤྱི་སྡོམ།

ངག་ཉུང་དོན་འདུས་ཀྱི་སྒོ་ནས་རྩོམ་པ་པོའི་ཆེ་བ་དང་། རྩོམ་གྱི་རིགས་སམ་ལུས་ཀྱི་མཚན་ཉིད། བརྩམས་ཆོས་ཀྱི་བསྟན་བྱ་དང་རྩོམ་སྟངས་ཀྱི་ཁྱད་ཆོས་སོགས་སྤྱི་སྡོམ་བྱ་དགོས།

ཅ། ལས་བྱ་བཀོད་སྒྲིག །

སློབ་མའི་ཆུ་ཚད་དང་དུས་ཚོད་གཉིས་ལ་དམིགས་ཏེ། ཁོ་ཚོས་འབད་པ་བྱས་ན་ད་གཟོད་ལེགས་འགྲུབ་འབྱུང་ཐུབ་ལ། ཁོ་ཚོའི་འཕེལ་རྒྱས་ལ་གྲོགས་བྱེད་ཐུབ་པའི་ལས་བྱ་བཀོད་སྒྲིག་བྱ་དགོས། དེ་ཡང་ཉན་བཤད་འབྲི་ཀློག་དང་། བློར་འཛིན་པ། ལྟ་བ་སོགས་ཀྱི་ཐད་ནས་ལས་བྱ་བཀོད་སྒྲིག་བྱས་ན་བཟང་སྙམ།

༦. སྒོ་སམ་ཇུས་འགོད།

སྒོ་སམ་ཇུས་འགོད་བྱེད་སྐབས། ལྟ་བདེ་བ་དང་མིག་ལ་མཛེས་པ་གཉིས་གཙོར་འཛིན་པ་དང་། སྒོ་སམ་དང་ཡོལ་རས་ཟུང་འབྲེལ་བྱེད་པའི་ཕྱོགས་ལ་ཡང་ཀླད་པ་འགུལ་དགོས།

༧. ཁྲིད་རྗེས་ཀྱི་མྱོང་ཚོར།

འདི་ནི་དགེ་རྒན་གྱི་སློབ་ཁྲིད་གྲོལ་རྗེས་ཀྱི་ལས་ཀ་གཙོ་བོ་ཞིག་སྟེ། རང་ཉིད་དང་སློབ་མའི་འཕེལ་རྒྱས་ལ་གྲོགས་བྱེད་ཐུབ་པའི་བྱ་བ་གལ་ཆེན་ཞིག་རེད། དེ་ཕྱིར། རང་གི་དཔེ་ཁྲིད་ལ་རྟོག་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རང་ཉིད་ཀྱི་དཔེ་ཁྲིད་ཀྱི་ལེགས་པའི་ཆ་ཐམས་ཅད་རྒྱུན་འཛིན་དང་ཉེས་པའི་ཆ་ཐམས་ཅད་རིང་དུ་སྤང་དགོས། འདི་ལྟར་རང་ཉིད་ནི་རང་གི་འཁྲིད་སྲོལ་ཡོད་ལ། སློབ་གྲོགས་རྣམས་ལ་ཕན་ཆེན་པོ་འདོགས་ཐུབ་པའི་དགེ་རྒན་ཞིག་ཏུ་བསྒྱུར་དགོས།

དགེ་རྒན་ནི་འཁྲིད་བྱའི་ཐད་ནས་ཤེས་བྱའི་བང་མཛོད་ཅིག་ཡིན་དགོས་ལ། འཁྲིད་གཞི་ནི་བསླབ་ཚན་གྱི་ཚད་གཞི་ལྟར་བཟོས་པའི་ཤེས་བྱ་ཡི་སྒྲོམ་བུ་ཞིག་ཡིན། སྒྲོམ་བུའི་ནང་དུ་ཤེས་བྱའི་འོད་སྣང་ཅི་ཙམ་འཁྱིལ་ཡོད་ན་སློབ་མའི་བློ་ཡི་མུན་པ་དེ་ཙམ་སེལ་ཐུབ་ལ། སློབ་མའི་རྒྱུད་ཀྱི་ནུས་པའི་མྱུ་གུ་ཡང་དེ་ཙམ་གསོ་ཐུབ། དེ་ཕྱིར། དགེ་རྒན་རྣམ་པས་སློབ་ཚན་ཡོད་དོ་ཅོག་ལ་མཐོང་ཆེན་བྱས་ཏེ། དུས་ཚོད་ཡོད་དགུ་བཀོལ་སྤྱོད་དང་། བློ་གྲོས་ཀྱི་ནུས་པ་ཡོད་ཚད་རྩལ་དུ་སྤྲུགས་ནས་འཁྲིད་སྦྱོར་ཏེ་དཔེ་ཁྲིད་གྲ་སྒྲིག་ལ་འབད་འབུངས་བྱས་ན། དགེ་རྒན་རང་ཉིད་ཀྱང་མི་རིང་བར་མཁས་པར་འགྱུར་སྲིད་ལ། སློབ་གསོ་སློབ་ཁྲིད་ཀྱི་གྲུབ་འབྲས་ནི་རིག་པའི་སྡིངས་ཀར་བླ་ལྷག་གིས་སྨིན་སྲིད།

གཉིས་པ། འཁྲིད་བཤད།

འཁྲིད་བཤད་དེ་དཔེ་ཁྲིད་བཤད་པ་ནི་དཔེ་ཁྲིད་ཇུས་འགོད་དང་དེའི་གཞུང་ལུགས་ཀྱི་རྒྱབ་བརྟེན་བཤད་པར་གོའོ། ། འདི་ནི་སློབ་ཁྲིད་ཞིབ་འཇུག་དང་དགེ་རྒན་གསོ་སྦྱོང་གི་བྱ་འགུལ་གཙོ་བོ་ཞིག་རེད། བཤད་ཡུལ་ནི་མགོ་ཁྲིད་དང་དགེ་གྲོགས། སློབ་གསོ་ཞིབ་འཇུག་པ་སོགས་སོ། ། བཤད་སྟངས་ལ་གསུམ་བཤད་དང་། བཞི་བཤད། ལྔ་བཤད། དྲུག་བཤད། བདུན་བཤད་སོགས་ཡོད། བཤད་པའི་དུས་ཚོད་ལ་འཁྲིད་སྦྱོར་གྱི་རྗེས་དང་། དཔེ་ཁྲིད་ཀྱི་རྗེས། དཔྱད་བརྗོད་ཀྱི་རྗེས་བཅས་གསུམ་ཡོད། འཁྲིད་བཤད་ཀྱི་བྱ་འགུལ་འདི་ནི་གསར་དུ་དར་བའི་སློབ་གསོའི་བྱ་འགུལ་ཞིག་ཡིན་ཕྱིར། བཤད་བྱའི་རྣམ་གྲངས་ཀྱི་ཐད་ནས་གསུམ་བཤད་དང་བཞི་བཤད་སོགས་མང་པོ་ཞིག་ཡོད་པ་ལས། འདི་ནི་བདེན་གྱི། གཞན་ནི་གཏི་མུག་གོོ། ཞེས་སུས་ཀྱང་བརྗོད་དཀའ། ཡིན་ན་ཡང། ཡོངས་གྲགས་ལྟར་ན། སྤྱིའི་སྒྲོམ་གཞི་ནི་གཤམ་གསལ་ལྟར་རོ། །

༡. སློབ་དེབ་བཤད་པ།

ཀ སློབ་དེབ་དང་སློབ་ཚན་ངོ་སྤྲོད།

ཁ། སློབ་ཁྲིད་ཀྱི་དམིགས་ཡུལ།

ག སློབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད།

༢. འཁྲིད་ཐབས་བཤད་པ།

a. སློབ་ཚན་ངོ་སྤྲོད།

ཆེ་བ་བཞི་ལྡན་གྱི་འཆད་ཐབས་ལས་ཆོས་ཀྱི་ཆེ་བ་བརྗོད་པའི་འཆད་ཐབས་དང་། བཀྲ་ཤིས་རྟགས་བརྒྱད་ཀྱི་འཆད་ཐབས་ལས་སྤྲོ་བ་བསྐྱེད་པའི་ཡན་ལག་ཏུ་ཕན་ཡོན་གྱི་འབྲས་བུ་སྟོན་པ་ཞེས་པའི་འཆད་ཐབས་སོགས་བེད་སྤྱོད་བཏང་ནས་སློབ་ཚན་གྱི་རིན་ཐང་དང་། གལ་ཆེན་རང་བཞིན་ངོ་སྤྲོད་བྱ་དགོས།

b. རྩོམ་པ་པོ་ངོ་སྤྲོད།

ཆེ་བ་བཞི་ལྡན་གྱི་འཆད་ཐབས་ལས་རྩོམ་པ་པོའི་ཆེ་བ་བརྗོད་པའི་འཆད་ཐབས་ལ་བརྟེན་ནས་རྩོམ་པ་པོའི་ཡོན་ཏན་ངོ་སྤྲོད་བྱས་ཏེ། སློབ་མའི་དང་བ་རྩོམ་པ་པོའི་ཕྱོགས་སུ་འདྲེན་དགོས། འདི་ནི་རྩོམ་པ་པོ་ངོ་སྤྲོད་བྱེད་པའི་སྐབས་སུ་འགྲུབ་དགོས་པའི་འགན་ཁུར་གཉིས་ཡིན་ནོ། །

c. རྩོམ་གྱི་རིགས་སམ་ལུས།

འཆད་ཐབས་རྣམ་བཞི་ལས་མཚན་ཉིད་ཀྱིས་འཆད་པ་ཞེས་པའི་འཆད་ཐབས་ལ་བརྟེན་ནས་རྩོམ་གྱི་རིགས་ཏེ། ཇི་བཞིན་བརྗོད་པའི་རྩོམ་ཡིག་གམ། གསལ་བཤད་རྩོམ་ཡིག ། ཡང་ན་དཔྱད་བརྗོད་རྩོམ་ཡིག་གང་ཡིན་ན་དེ་ཉིད་ངོ་སྤྲོད་བྱ་དགོས། ཡང་ན་རྩོམ་གྱི་ལུས་ཏེ། སྙན་ངག་གམ། སྒྲུང་གཏམ། ལྷུག་རྩོམ། ཟློས་གར་འཁྲབ་གཞུང་། ལེགས་བཤད། བསླབ་བྱ། མགུར་མ་སོགས་ལས་གང་ཡིན་ན་དེ་ཉིད་ངོ་སྤྲོད་བྱ་དགོས་སོ། །

d. སློབ་ཚན་གྱི་འགྲེལ་བ་དང་དབྱེ་ཞིབ།

འཆད་ཐབས་ཡན་ལག་གསུམ་ལྡན་ལས་ཚིག་དོན་ངེས་པའི་ཡན་ལག་ཏུ་ངག་དོན་འགོད་པ་ཞེས་པའི་འཆད་ཐབས་དང་། གནད་དོན་ངེས་པའི་ཡན་ལག་ཏུ་སྤྱི་དོན་བཤད་པ་ཞེས་པའི་འཆད་ཐབས། རྩོད་པ་འཕེལ་བའི་ཡན་ལག་ཏུ་མཐའ་དཔྱོད་སྤྲོ་བ་ཞེས་པའི་འཆད་ཐབས། གཞན་ད་དུང་། རྣམ་གྲངས་ཀྱིས་འཆད་པ་དང། མཚན་ཉིད་ཀྱིས་འཆད་པ། ངེས་ཚིག་གིས་འཆད་པ། རབ་ཏུ་དབྱེ་བས་འཆད་པ་སྟེ། འཆད་ཐབས་རྣམ་བཞི་དང་། ལུང་འདྲེན་པའི་འཆད་ཐབས། ཞུམ་རྒོད་རྨུགས་གསུམ་སེལ་བའི་འཆད་ཐབས། གང་ལ་གང་འཚམ་གྱི་འཆད་ཐབས། འཆད་ཐབས་ལུགས་གཉིས་མ་སོགས་སྤྱད་ནས་སློབ་ཚན་ལ་འགྲེལ་བ་དང་དབྱེ་ཞིབ་བྱ་དགོས།

༣. སློབ་ཐབས་བཤད་པ།

སློབ་སྦྱོང་གི་གྲུབ་འབྲས་ལེགས་མིན་ནི་སློབ་སྦྱོང་གི་གོམས་སྲོལ་ལེགས་མིན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན་ཕྱིར། སློབ་སྦྱོང་ལས་བྱུང་བའི་གོམས་སྲོལ་ཁག་ལ་སྦྱང་བརྩོན་བྱས་ནས་རང་ཉིད་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སློབ་སྦྱོང་གི་གོམས་སྲོལ་ཞིག་ཆགས་པར་བྱས་པའི་རྨང་གཞིའི་སྟེང་། སློབ་སྦྱོང་གི་བྱེད་ཐབས་ཡག་ཤོས་དག་བེད་སྤྱོད་གཏོང་དགོས། ང་ཚོས་ཐོག་མར་རྒྱལ་ཁབ་ཕྱི་ནང་གི་སློབ་སྦྱོང་བྱེད་ཐབས་མང་པོར་སློབ་སྦྱོང་དང་ཞིབ་འཇུག་བྱས་ཏེ། རང་ཉིད་ལ་ཕན་ངེས་ཡིན་པའི་བྱེད་ཐབས་ཏེ། བློ་ངོར་ཤེས་བྱའི་སྒྲོམ་གཞི་ནི། །

བཟོས་ཏེ་ཤེས་བྱ་གསོག་པར་བྱེད། ། ཅེས་པ་ལྟ་བུ་དང་། རང་གི་རྒྱུད་ལ་རྟོག་ཞོར་དུ། ། རིག་པའི་གནས་ལ་འབད་པས་འཇུག ། ཅེས་པ་ལྟ་བུ། ཉན་པའི་སྐྱོན་རྣམས་ཡོངས་སྤངས་ཏེ། ། ཤེས་འདོད་བསམ་པས་ལེགས་པར་ཉན། ། ཞེས་པ་ལྟ་བུ། ཕྱི་རོལ་སྣོད་བཅུད་སློབ་དེབ་ཏུ། ། བཟུང་ནས་བསླབས་ན་ཕན་ཡོན་ཆེ། ། ཞེས་པ་ལྟ་བུ་སོགས་བདག་གིར་བཟུང་ཞིང་སློབ་སྦྱོང་གི་སྐབས་དང་སྐབས་སུ་གང་འོས་ཀྱིས་བེད་སྤྱོད་གཏོང་དུ་འཇུག་དགོས།

༤. སློབ་ཁྲིད་ཀྱི་གོ་རིམ་བཤད་པ།

ངག་ཉུང་དོན་འདུས་ཚིག་གསལ་གྱི་ལམ་ནས་སློབ་ཁྲིད་ཀྱི་གོ་རིམ་གཙོ་བོ་དང་། དེའི་ཚན་རིག་རང་བཞིན་སོགས་བརྡ་སྤྲད་པར་བྱའོ། །

༥. སྒོ་སམ་ཇུས་འགོད་བཤད་པ།

ལྟ་བདེ་བ་དང་མིག་ལ་མཛེས་པ། ཡིད་ལ་གཟུང་སླ་བ་སོགས་སུ་ཇི་ལྟར་བསྒྱུར་ཡོད་པའི་སྐོར་བཤད་དགོས། གཞན་ད་དུང་ཡོལ་རས་ཡོད་ན་དེ་ཉིད་ཇི་ལྟར་སྤྱོད་པའི་ཚུལ་ཡང་བརྗོད་དགོས།

གོང་དུ་སྨྲས་པ་ལྟར་དུ་འཁྲིད་བཤད་བྱས་ན་ཁེབས་རྒྱ་ཆེ་ཞིང་གནད་ཀ་ཟིན་ཡོད་པར་འདོད། དེ་ཕྱིར། དགེ་གྲོགས་རྣམས་ཀྱིས་འདི་ལ་བསམ་གཞིག་བཏང་སྟེ། འཐད་ན་ལག་བསྟར་དང་མིན་ན་བཤད་ལུགས་གཞན་ལྟར་བྱ་དགོས།

གསུམ་པ། འཁྲིད་དཔྱད།

འཁྲིད་དཔྱད་དེ་དཔེ་ཁྲིད་དཔྱད་བརྗོད་ནི་སློབ་ཁྲིད་བདག་གཉེར་དང་ཞིབ་འཇུག བཅོས་སྒྱུར་བཅས་ཀྱི་བྱ་འགུལ་གལ་ཆེན་ཞིག་ཡིན་ཕྱིར། སློབ་མའི་སློབ་སྦྱོང་དང་དགེ་རྒན་གྱི་འཕེལ་རྒྱས་གཉིས་ཀར་གྲོགས་བྱེད་ཐུབ་པའི་བྱ་འགུལ་གཙོ་བོ་ཞིག་རེད། དེ་ཕྱིར། དཔེ་ཁྲིད་ལ་ཉན་པའི་དགེ་གྲོགས་དང་མགོ་ཁྲིད། ཡང་ན་སློབ་གསོ་ཞིབ་འཇུག་པ་རྣམས་ནི། གཅིག་ཏུ་ན་ཀུན་སློང་རྣམ་དག་སྟེ་ཡོན་ཏན་ལེན་པ་དང་སྐྱོན་འགོག་པའི་ཀུན་སློང་ཡོད་པ་ཞིག་ཡིན་དགོས། གཉིས་སུ་ན་ཡོན་ཏན་ལ་ལྟ་བའི་མིག་དང་སྐྱོན་འགོག་པའི་བློ་དང་ལྡན་པ་ཞིག་ཡིན་དགོས། འཁྲིད་དཔྱད་ཀྱི་གཞི་ལ་མང་པོ་བཞག་ཆོག་མོད། བདག་གིས་བལྟས་ན་གཤམ་གྱི་གཞི་དག་གཙོར་བཟུང་ན་འཐུས་སྙམ།

༡. སློབ་ཁྲིད་རྩ་དོན།

སློབ་ཁྲིད་རྩ་དོན་རྣམ་བཞི་དང་རྣམ་བདུན། འཆད་ཉན་གྱི་རྩ་དོན། གང་འཚམ་གྱི་རྩ་དོན་སོགས་རྒྱུན་འཁྱོངས་བྱས་མིན་དང་། བྱས་ན་ཚད་ག་འདྲ་ཡིན་པ་སོགས་ལ་བརྟག་ཅིང་དཔྱད་དགོས།

༢. སློབ་ཁྲིད་ཀྱི་དམིགས་ཡུལ།

སློབ་ཁྲིད་ཀྱི་དམིགས་ཡུལ་གསལ་བོ་ཡིན་མིན་དང་། ཡང་དག་ཡིན་མིན། དམིགས་ཡུལ་འགྲུབ་མ་འགྲུབ་སོགས་ལ་བརྟག་ཅིང་དཔྱད་དགོས།

༣. འཁྲིད་སྦྱོར།

སློབ་ཁྲིད་གྲ་སྒྲིག་བྱས་པ་ཕུན་སུམ་ཚོགས་མིན་དང་། འཁྲིད་གཞི་བཟོས་པ་ཡང་དག་ཡིན་མིན། ཚན་རིག་དང་མཐུན་མིན་སོགས་ལ་བརྟག་ཅིང་དཔྱད་དགོས།

༤. སློབ་ཁྲིད་ཀྱི་གོ་རིམ།

རིམ་གྱིས་འཇུག་པའི་རྩ་དོན་ལ་བརྟེན་ནས། སློབ་ཁྲིད་ཀྱི་གོ་རིམ་ཡང་དག་ཡིན་མིན་བརྟག་ཅིང་དཔྱད་དགོས།

༥. སློབ་ཁྲིད་ཀྱི་སྐད་ཆ།

སློབ་ཁྲིད་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན། དེ་ཕྱིར། སྐད་ཆ་ལ་ལྷག་ཆད་འཁྲུལ་བའི་སྐྱོན་ཡོད་མེད་དང། སྒྱུ་རྩལ་གྱི་རང་བཞིན་ཡོད་མེད་དང་། དོན་འདུས་ཚིག་གསལ་བརྗོད་པ་བདེ། ། ངག་ཉུང་ཚིག་སྙོམས་གཟུང་བ་སླ། ། བསྡུས་དོན་ཉིད་ཀྱིས་གཞུང་གོ་བ། ། ཞེས་ས་པཎ་གྱིས་གསུངས་པའི་ཁྱད་ཆོས་ཚང་མིན་ལ་བརྟག་ཅིང་དཔྱད་དགོས།

༦. འཁྲིད་ཐབས།

ང་ཚོ་བོད་ལ་འཆད་ཐབས་ཏེ་འཁྲིད་ཐབས་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ལས་གང་དག་བེད་སྤྱོད་བཏང་བ་དང་། ཆེས་ཆེར་འཚམ་པའི་འཆད་ཐབས་ནི་གང་དག་ཡིན་པ་སོགས་ལ་བརྟག་ཅིང་དཔྱད་དགོས།

༧. དཔེ་ཁྲིད་ཀྱི་རྩ་འཛུགས།

དཔེ་ཁྲིད་རྩ་འཛུགས་ཀྱི་བཟང་ངན་གྱིས་དཔེ་ཁྲིད་གྲུབ་འབྲས་བཟང་ངན་བསྐྱེད་པ་ལ་གྲོགས་བྱེད་ངེས་ཡིན། དེ་ཕྱིར། ང་ཚོས་དཔེ་ཁྲིད་རྩ་འཛུགས་ཀྱི་བཟང་ངན་ལ་བརྟག་ཅིང་དཔྱད་དགོས།

༨. སྒོ་སམ་ཇུས་འགོད།

ལྟ་བདེ་མིན་དང་། མིག་ལ་མཛེས་མིན། ཡིད་ལ་གཟུང་སླ་མིན་སོགས་ལ་བརྟག་ཅིང་དཔྱད་དགོས། གཞན་ཡོལ་རས་ཡོད་ན་སྒོ་སམ་དང་ཇི་ལྟར་སྦྲེལ་ཚུལ་སོགས་ལ་ཡང་བརྟག་ཅིང་དཔྱད་དགོས།

༩. སློབ་ཁྲིད་ཀྱི་གྲུབ་འབྲས།

ཤེས་བྱ་མཁོ་སྤྲོད་དང་ནུས་པ་སྐྱེད་སྲིང་གཉིས་ཀའི་ཕྱོགས་ནས་སློབ་ཁྲིད་ཀྱི་གྲུབ་འབྲས་ལ་བརྟག་ཅིང་དཔྱད་དགོས།

གོང་དུ་སྨྲས་པ་ནང་བཞིན་དཔེ་ཁྲིད་ལ་དཔྱད་བརྗོད་སྤེལ་ན་དཔེ་ཁྲིད་བདག་གཉེར་དང་ཞིབ་འཇུག བཅོས་སྒྱུར་བཅས་ལ་ཕན་ཐོགས་ངེས་སོ། །

མདོར་ན། དཔེ་ཁྲིད་ཀྱི་སྦྱོར་བ་དང་བཤད་པ། དཔྱད་བརྗོད་གསུམ་ནི་སློབ་གསོ་སློབ་ཁྲིད་ཀྱི་བྱ་གཞག་ནང་གི་བྱ་བ་གལ་ཆེན་གསུམ་དུ་མཐོང་བས། སློབ་གསོ་དོན་གཉེར་པ་རྣམས་ཀྱིས་རང་གཞན་གྱི་འཕེལ་རྒྱས་དང་། མི་རིགས་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་དམིགས་ནས། བྱ་བ་འདི་དག་ལ་རང་གི་བློ་དང་དུས་ཚོད་གཉིས་ཀ་ཕུལ་ན་མི་ཚེ་དོན་ལྡན་དུ་འགྱུར་རོ་སྙམ། རྩོམ་ཐུང་འདིས་ཀྱང་རང་རིགས་ཀྱི་སློབ་གསོ་འཕེལ་རྒྱས་ལ་ཕན་ཅུང་ཟད་ཙམ་ཞིག་འདོགས་ཐུབ་པའི་སྨོན་འདུན་ཞུ། །

①སྟོབས་ལྡན།  མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་ན་ཕྱག་ལས་གནང་བཞིན་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།