ཀྲུང་གོ་བོད་ཀྱི་དྲ་བ།

ཨམ་སྐད་ཁྲོད་ཀྱི་ཡི་གེ་ཁག་ཅིག་གི་སྒྲ་གདངས་འགྱུར་ཚུལ་སྐོར་གླེང་བ།

ཡོང་ཁུངས། : བོད་ཀྱི་སློབ་གསོ།སྤྱིའི་དེབ་236པ།   རྩོམ་པ་པོ། : བཙུན་ཐར་སྐྱིད།   སྤེལ་དུས། : 2018-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

[གནད་བཏུས] ཨ་མདོའི་ཁ་སྐད་ཁྲོད། ངག་ཏུ་བརྗོད་བདེ་ཕྱིར་དང་། རྗེས་འཇུག་སོགས་ཀྱི་དབང་གིས་ཡིག་གཟུགས་གཅིག་ལ་སྒྲ་གདངས་ཐོན་ཚུལ་ཅི་རིགས་མཆིས་པ་དམིགས་སུ་བཟུང་ནས། དེ་དག་གི་ཁྱད་པར་དང་འབྲེལ་བ་ཇི་ལྟར་ཡིན་ལུགས་ཐད་རེ་རེ་བཞིན་ཉམས་ཞིབ་བྱས་ཡོད།

[གནད་ཚིག] དུས། རེག ཚུལ། རྒྱུ། ཟླ།

        ཨ་མདོའི་ཁ་སྐད་དང་ཡིག་སྐད་གཉིས་བར་ཡི་གེ་ཁག་ཅིག་གི་ཀློག་སྟངས་མི་གཅིག་པ་སོགས་ཀྱི་རྐྱེན་གྱིས་སྒྲ་གདངས་ཐོན་ཚུལ་ཐད་མ་གཞི་ཉིད་ནས་ཁྱད་པར་ཆེ་ཞིང་། རྗེས་འཇུག་མི་འདྲ་བའི་དབང་གིས་མིང་མཐའི་ཚིག་གྲོགས་ཀྱི་ཡི་གེ་ཁག་ཅིག་ངག་ལས་ཐོན་དུས་ཡིག་གཟུགས་གཅིག་ལ་སྒྲ་གདངས་མི་འདྲ་བ་རེ་ཐོན་ཚུལ་ཡོད་པའམ་བརྗོད་པ་བདེ་ཕྱིར་ཡིག་གཟུགས་གཅིག་ལ་སྒྲ་གདངས་མི་འདྲ་བ་རེ་འབྱུང་ཚུལ་ཡོད་ཕྱིར། དེ་གཉིས་བར་གྱི་ཁྱད་པར་ཇི་ལྟར་བྱུང་ལུགས་དང་འབྲེལ་བ་ཇི་ལྟར་ཡིན་ལུགས་སོགས་མ་ཤེས་པར་བརྟེན། འཇིག་རྟེན་རྒན་པོའི་ངག་ལ་ཁྱབ་པའི་དམངས་སྲོལ་རིག་གནས་སྐོར་གྱི་ཤེས་བྱ་རྣམས་ཡི་གེར་འགོད་པའི་ལས་ལ་ཞུགས་ཚེ། ཐ་སྙད་ཁག་ཅིག་ལ་མི་འདོད་བཞིན་དུ་སྒྲ་དོད་ཙམ་གྱིས་འཐུས་པར་བྱས་ནས་ཡིག་ནོར་མི་འབྲི་ཀ་མེད་བྱུང་དང་འབྱུང་བཞིན་མཆིས། དཀའ་གནད་དེ་སེལ་འདོད་ན་ཐོག་མར་ཨ་མདོའི་ཁ་སྐད་དང་ཡིག་སྐད་གཉིས་བར་གྱི་སྒྲ་གདངས་འགྱུར་ཚུལ་གྱི་འབྲེལ་བ་དང་ཆོས་ཉིད་རྟོགས་དགོས་ཤིང་། དེ་རྟོགས་པར་བྱེད་པ་ལ་སྒྲ་དང་མཐུན་ལ། དོན་ལ་གཞོལ་བ། བོད་རང་གི་བརྡ་སྤྲོད་ལུགས་དང་མི་འགལ་བར་ཞིབ་འཇུག་བྱ་རྒྱུ་གལ་ཆེ། དེ་ལྟར་བྱས་ན་ད་གཟོད་བོད་དམངས་ཁྲོད་དུ་དར་བའི་གླུ་དང་གཏམ་དཔེ། གཉེན་བཤད་སོགས་རྩམ་དྲི་མར་དྲི་འཐུལ་བའི་ངག་ཐོག་གི་རིག་པ་རྣམས་ཡིག་ལམ་དུ་འགོད་རྒྱུ་སྟབས་བདེ་ཞིང་ཡིག་སྐྱོན་ཉུང་ངུར་གཏོང་བའི་དགེ་མཚན་ལྡན་ཕྱིར། གཤམ་དུ་ཁོ་མོས་ཨམ་སྐད་ཁྲོད་འགྱུར་ཁྱད་ཆེ་བའི་ཡི་གེ་ཁག་ཅིག་དམིགས་ཀྱིས་བསལ་ཏེ་དབྱེ་ཞིབ་བྱེད་པར་འདོད་དོ། །

དང་པོ། མིང་གཞི་ར་དང་ད་གཉིས་ཀྱི་སྒྲ་གདངས་འགྱུར་ཚུལ་སྐོར།

1. ད་ལྟ་བ་གསལ་བྱེད་ཀྱི་སྒྲ་དུས་ཡིག་མིང་སོགས་ཀྱི་མཐར་སྦྱོར་སྐབས་རྗེས་འཇུག་ད་ན་མ་ར་བཞིའི་རྗེས་སུ“རུས་དྲུས་འདྲུས”གསུམ་གྱི་སྒྲ་ཐོན་ཅིང་། རྗེས་འཇུག་ག་ང་བ་འ་ལ་ས་དང་མཐའ་རྟེན་མེད་མཐར་རུས་སྒྲ་ཐོན།(1)རྗེས་འཇུག་ད་ར་གཉིས་ཀྱི་མཐར་དྲུས་སྒྲ་ཐོན་ཚུལ། དཔེར་ན། སྒོར་མོ་ཡོད་དུས་མེད་དུས་ཞེས་པ་ལ་སྒོར་མོ་ཡོད་དྲུས་མེད་དྲུས། དགེ་རྒན་ཡོད་དུས་སོང་ཞེས་པ་ལ་དགེ་རྒན་ཡོད་དྲུས་སོང། གཏམ་བཤད་དུས་ཐད་ཚོ་ལ་གཏམ་བཤད་དྲུས་ཐད་ཚོ། སྐྲ་བཞར་དུས་ལ་སྐྲ་བཞར་དྲུས། གཅར་དུས་ཐད་ཚོ་ལ་གཅར་དྲུས་ཐད་ཚོ་ཟེར་བ་ལྟ་བུ།(2)རྗེས་འཇུག་ན་མ་གཉིས་ཀྱི་མཐར་འདྲུས་སྒྲ་ཐོན་ཚུལ། དཔེར་ན། ཡིན་དུས་མིན་དུས་ཐད་ཚོ་ཞེས་པ་ལ་ཡིན་འདྲུས་མིན་འདྲུས་ཐད་ཚོ། རྩམ་པ་ཁ་འགམ་དུས་ལ་ཁ་འགམ་འདྲུས། ཕམ་དུས་ལ་ཕམ་འདྲུས་ཟེར་བ་ལྟ་བུ། དེ་བཞིན་དུ། དེ་རེད་དོ་ལ་དི་རེད་དྲོ་ཞེས་དང་། དྲི་མ་ངན་པ་བྲོ་བའི་དོན་གྱི་ཐན་དྲི་བྲོ་ལ་ཐན་འདྲི་བྲོ། སྐར་མ་སྨིན་དྲུག་ལ་སྐར་མ་སྨིན་འདྲུག ཕུ་དུང་ལ་ཕུ་རུང་དང་། ད་དུང་ལ་ད་རུང་། དེ་དིང་ལ་དེ་རིང་སོགས་ཀྱི་སྒྲ་གདངས་འབྱུང་ཚུལ་ཡང་གོང་དང་རིགས་བསྒྲེ་ན་རྟོགས་ནུས། (3)རྗེས་འཇུག་ག་ང་བ་འ་ལ་ས་དང་མཐའ་རྟེན་མེད་མཐར་རུས་སྒྲ་ཐོན་ཚུལ། དཔེར་ན། རྒྱག་དུས་ལ་རྒྱག་རུས། ཡོང་དུས་ལ་ཡོང་རུས། འགེབ་དུས་ལ་འགེབ་རུས། བཞའ་དུས་ལ་བཞའ་རུས། དགོ་དུས་རྡོ་རྗེ། མི་དགོ་དུས་གདོན་རྫས་ཟེར་བ་ལ་དགོ་རུས་རྡོ་རྗེ། མི་དགོ་རུས་གདོན་རྫས། སྐྱ་མི་རྐང་ཐང་ལ་རེ་དུས་དང་། རྐང་ཐང་སྐྱ་མི་ལ་རེ་དུས་ཞེས་པར་སྐྱ་མི་རྐང་ཐང་ལ་རེ་རུས་དང་། རྐང་ཐང་སྐྱ་མི་ལ་རེ་རུས། རྒྱགས་དུས་ལྟོགས་དུས་གཉིས་ཀ་ཡོད་ཅེས་པར་རྒྱགས་རུས་ལྟོགས་རུས་གཉིས་ཀ་ཡོད་ཟེར་བ་ལྟ་བུ། རེབ་གོང་དང་གཅན་ཚ་སོགས་ཀྱི་སྐད་དུ། དུ་འཕྲོའམ་དུས་འཕྲོ་ཞེས་པ་ལ་དྲུས་འཕྲོའམ་ཐུ་འཕྲོ་དང་ཐྲུས་འཕྲོ་ཟེར་ཞིང་། ཐྲུས་འཔྲོ་ཡང་ཟེར་བ་ལྟ་བུའོ། །

2. སྐུལ་ཚིག་སོགས་སྟོན་པ་ལ་འཇུག་པའི་དང་ཡིག་ལ་རྗེས་འཇུག་གི་དབང་གིས“ད་དྲ་འདྲ་ར”བཅས་ཀྱི་གདངས་ཐོན། དཔེར་ན། འདིར་ཤོག་དང་ཞེས་པར་འདིར་ཤོག་ར། ཁྱོད་སོང་དང་ལ་ཁྱོད་སོང་ར། འདི་ནས་སྡོད་དང་ལ་འདི་ནས་སྡོད་དྲ། ཁྱོས་ཉོན་དང་ཞེས་པར་ཁྱོས་ཉོན་དའམ་ཁྱོས་ཉོན་འདྲ་ཟེར་བ། ལག་པས་རྒྱོབ་དང་ལ་རྒྱོབ་དྲ། མགོ་རྩོམ་དང་ལ་མགོ་རྩོམ་རའམ་མགོ་རྩོམ་འདྲ། དཀར་མེ་ཁོར་དང་ལ་དཀར་མེ་ཁོར་དྲ། ཇ་སྐོལ་དང་ལ་ཇ་སྐོལ་ར། ཡིད་ལ་ཟུངས་དང་ཞེས་པར་ཡིད་ལ་བཟུངས་ར་སོགས་དང་། ཁ་སང་ཁོ་ཡོད་ཀིན་དང་། དེ་རིང་དང་ཡང་ཁོ་ཡོད་རྒྱུ་རེད་ཀོ་ཞེས་པ་ལ། ཁ་སང་ཁོ་ཡོད་ཀིན་ར། དེ་རིང་ར་ཁོ་ཡོད་གྱུ་རེད་ཀོ་ཟེར་བ་ལྟ་བུའོ། །

3. དེ་མ་ཐག་གི་དོན་ནམ་སྔ་ཕྱི་འགལ་བ་སྟོན་བྱེད་ཀྱི་སྒྲ་རུང་ཡིག་ལས་ཚིག་གི་མཐར་སྦྱོར་སྐབས། (1)རྗེས་འཇུག་ག་ང་བ་མ་འ་ར་ལ་ས་བཅས་ཀྱི་རྗེས་སུ་རུང་སྒྲ་ཐོན་ཏེ། དཔེར་ན། ཐང་ལ་བཙོག་རུང་ཡིན། སྨན་འཐུང་རུང་ཡིན་སོགས་ལྟ་བུ།(2)རྗེས་འཇུག་ད་ཡི་རྗེས་སུ“དྲུང”སྒྲ་ཐོན་ཏེ། ཐང་ལ་བསྡད་མ་ཐག་པའི་དོན་གྱི་ཐང་ལ་བསྡད་རུང་ཡིན་ཞེས་པར་ཐང་ལ་བསྡད་དྲུང་ཡིན། གཉིད་མ་ཐག་པའི་དོན་གྱི་གཉིད་རུང་ཡིན་ཞེས་པར་གཉིད་དྲུང་ཡིན་ཟེར་བ་ལྟ་བུ།(3)རྗེས་འཇུག་ན་ཡི་རྗེས་སུ“འདྲུང”སྒྲ་ཐོན་ཏེ། གློག་བརྙན་བསྟན་མ་ཐག་པའི་དོན་གྱི་གློག་བརྙན་བསྟན་རུང་ཡིན་ཞེས་པར་གློག་བརྙན་བསྟན་འདྲུང་ཡིན། དགེ་རྒན་དུ་བསྟེན་མ་ཐག་པའི་དོན་གྱི་དགེ་རྒན་ལ་བསྟེན་རུང་ཡིན་ཞེས་པར་དགེ་རྒན་ལ་བསྟེན་འདྲུང་ཡིན་ཟེར་བ་ལྟ་བུ། མདོག་བཙོག་རུང་གསེར་ནག་ལཉྫ། སྨན་འཐུང་རུང་གོ་མ་ཆོད་སོགས་ལ་རུང་སྒྲ་ཐོན་ཅིང་། འགྲོ་འདོད་རུང་འགྲོ་དབང་མེད་ཅེས་པར་འགྲོ་འདོད་དྲུང་འགྲོ་དབང་མེད། དབང་ཆ་ཡོད་རུང་བཀོལ་ས་མེད་ཅེས་པར་དབང་ཆ་ཡོད་དྲུང་བཀོལ་ས་མེད། གློག་བརྙན་བསྟན་རུང་ལྟ་མཁན་མེད་ཅེས་པར་གློག་བརྙན་བསྟན་འདྲུང་ལྟ་མཁན་མེད། གྱང་ལ་ཁེན་རུང་འགྲོ་མི་ཐུབ་ཅེས་པ་ལ་གྱང་ལ་ཁེན་འདྲུང་འགྲོ་མི་ཐུབ་ཅེས་དྲུང་དང་འདྲུང་སྒྲ་ཐོན་པ་ལྟ་བུ། 《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》གྱི་ལྡེབ26དང་ལྡེབ29སོགས་སུའང་།

ཕུ་ནུ་བོ་དྲུང་མཆིས་གྱང་མྱི་སྩལདོ། །②ཞེས་འབྱུང་བའི་དྲུང་ནི་གང་ཡང་རུང་བ་ཞེས་པའི་རུང་གི་དོན་ལ་འཇུག་ཅིང་དེ་ལྟར་དུ་བཀྲལ་ཡོད་པ་ལྟ་བུའོ། །

4. སྨོན་པའམ་ངོ་མཚར་བ་སྟོན་བྱེད་ཀྱི་སྒྲ་རེ་ཡིག་མིང་མཐར་སྦྱོར་སྐབས། རྗེས་འཇུག་ག་ང་བ་མ་འ་ར་ལ་ས་བཅས་ཀྱི་རྗེས་སུ་རེ་སྒྲ་ཐོན་ཏེ། དཔེར་ན། ཡག་རེ་ལྟོས། ཆུང་རེ་ལྟོས། ཟབ་རེ་ལྟོས། འཇམ་རེ་ལྟོས། དགའ་རེ་ལྟོས། གཟར་རེ་ལྟོས། བསིལ་རེ་ལྟོས། མགྱོགས་རེ་ལྟོས་ཞེས་རེ་སྒྲ་ཇི་བཞིན་དུ་ཐོན་ཀྱང་། རྗེས་འཇུག་ད་ཡི་རྗེས་སུ“དྲེར”དང་། རྗེས་འཇུག་ན་ཡི་རྗེས་སུ“འདྲེར”ཞེས་པའི་སྒྲ་ཐོན་ཏེ། དཔེར་ན། བཟའ་ཚང་སྐྱིད་རེ་ལྟོས་ཞེས་པར་བཟའ་ཚང་སྐྱིད་དྲེར་ལྟོས། བྱིས་པ་འདི་རྒོད་རེ་ལྟོས་ཞེས་པར་བྱིས་པ་འདི་རྒོད་དྲེར་ལྟོས། ས་འདི་བརླན་རེ་ལྟོས་ཞེས་པར་ས་འདི་བརླན་འདྲེར་ལྟོས་ཟེར་བ་ལྟ་བུའོ། །

5. སྣེ་ཟིན་པའམ་མཐའ་ཆོད་པ་སྟོན་བྱེད་ཀྱི་སྒྲ་རེག་ཡིག་ལས་ཚིག་སོགས་ཀྱི་མཐར་སྦྱོར་ཚེ། སྐད་འགག་རེག་བར་དུ་གླུ་བླངས། རྐང་དྲི་བྲོ་རག་བར་དུ་མི་གཏོང་ཞེས་ཚིག་ཕལ་མོ་ཆེ་ཞིག་ཁ་སྐད་དང་ཡིག་སྐད་ལ་ཁྱད་མེད་དུ་རེག་སྒྲ་ཐོན་ཀྱང་། སྐབས་འགར་རྗེས་འཇུག་གི་དབང་གིས“དྲེག”དང“འདྲེག”སྒྲ་ཐོན་དུས་མཆིས་ཏེ། དཔེར་ན། ཟས་མྱིད་རེག་བར་དུ་བལྟས་བསྡད་ཅེས་པ་ལ་ཟས་མྱིད་དྲེག་བར་དུ་བལྟས་བསྡད་ཟེར་ཞིང་། འགྲུལ་པ་སོང་ཚར་རེག་བར་དུ་བསྒུག་བསྡད་ཅེས་པ་ལ་འགྲུལ་པ་སོང་ཚར་དྲེག་བར་དུ་བསྒུག་བསྡད། ལག་པས་ཟིན་རེག་བར་དུ་མཚམས་མ་བཞག་ཅེས་པ་ལ་ལག་པས་ཟིན་འདྲེག་བར་དུ་མཚམས་མ་བཞག དཀར་ཡོལ་སྐམ་རེག་བར་དུ་ཕྱིས་ཞེས་པ་ལ་དཀར་ཡོལ་སྐམ་འདྲེག་བར་དུ་ཕྱིས་ཟེར་བ་ལྟ་བུའོ། །

6. དོ་ཟླར་བུད་པའམ་འགྲན་བཙུགས་པའི་དོན་གྱི་རེས་ཡིག་ལས་ཚིག་གི་མཐར་སྦྱོར་སྐབས།(1) རྗེས་འཇུག་ག་ང་ན་བ་འ་ལ་ས་རྣམས་དང་། མཐའ་རྟེན་མེད་པའི་མཐར་རེས་སྒྲ་ཐོན། རྒྱག་རེས་བྱས། རྡུང་རེས་བྱས། འགྲན་རེས་བྱས། གཤིབ་རེས་བྱས། བཟའ་རེས་བྱས། སྒུལ་རེས་བྱས། རྒྱུགས་རེས་བྱས། འགྲོ་རེས་བྱས་ཟེར་བ་ལྟ་བུ།(2)རྗེས་འཇུག་ད་མ་ར་གསུམ་གྱི་རྗེས་སུ་དྲེས་དང་འདྲེས་སྒྲ་ཐོན། བཤད་རེས་བྱས་ལ་བཤད་དྲེས་བྱས། རྩོད་རེས་བྱས་ལ་རྩོད་དྲེས་བྱས། འདྲུད་རེས་བྱས་ལ་འདྲུད་དྲེས་བྱས། རྩོམ་རེས་བྱས་ལ་རྩོམ་འདྲེས་བྱས། འགམ་རེས་བྱས་ལ་འགམ་འདྲེས་བྱས། བསྡུར་རེས་བྱས་ལ་བསྡུར་དྲེས་བྱས། སྟེར་རེས་བྱས་ལ་སྟེར་དྲེས་བྱས་ཟེར་བ་ལྟ་བུའོ། །

7. ཕོད་མི་ཕོད་དམ་ནུས་མི་ནུས་ཀྱི་དོན་མཚོན་པའི་རོགས་ཡིག་ལས་ཚིག་གི་མཐར་སྦྱོར་སྐབས། ཁ་སྐད་དུ། རྗེས་འཇུག་གི་དབང་གིས་རོགས་དང་དྲོགས་སྒྲ་ཅི་རིགས་ཐོན་ཏེ། དཔེར་ན། རྒྱག་རོགས་མ་ཆོད། འཐུང་རོགས་མ་ཆོད། བསྡམ་རོགས་མ་ཕོད། འགྲོ་རོགས་མ་ནུས། བཤོལ་རོགས་མ་ཆོད། གྱེས་རོགས་མ་ཕོད་ཅེས་རྗེས་འཇུག་ག་ང་མ་འ་ལ་ས་རྣམས་ཀྱི་རྗེས་སུ་རོགས་སྒྲ་ཐོན་པ་དང་། འདྲུད་དྲོགས་མ་ཆོད། བཤད་དྲོགས་མ་ཕོད། འགེབ་དྲོགས་མ་ནུས། སྐྱོབ་དྲོགས་མ་ཆོད། བརྡར་དྲོགས་མ་ཕོད། འགེར་དྲོགས་མ་ཆོད་ཅེས་རྗེས་འཇུག་ད་བ་ར་གསུམ་གྱི་རྗེས་སུ་དྲོགས་སྒྲ་ཐོན། གླུ་ལེན་འདྲོགས་མ་ཆོད། ལ་ཡི་འཐེན་འདྲོགས་མ་ཕོད། མེར་སྒྲོན་འདྲོགས་མ་ནུས་སོགས་རྗེས་འཇུག་ནའི་རྗེས་སུ་འདྲོགས་སྒྲ་ཐོན་མོད། ཆུ་འདྲེན་རོགས་མ་ཆོད། ཤེད་འགྲན་རོགས་མ་ཆོད་ཅེས་པའི་སྐབས་སུ་རོགས་སྒྲ་ཐོན་པའང་མཆིས་སོ། །

8. དྲི་ཡིག་སོགས་ལ་ཁ་སྐད་དུ་རི་སོགས་ཀྱི་སྒྲ་ཐོན་ཚུལ།

        སྒོག་དྲི་བྲོ་ལ་སྒོག་རི་བྲོ་ཞེས་དང་། སྔར་བྱས་ཀྱི་དྲིན་ཡང་ཡང་གླེང་བའི་དོན་གྱི་ཁ་དྲིན་བརྩིས་ལ་ཁ་རིན་བརྩིས།

སྐད་དྲིགས་ལ་སྐད་རིགས། གློ་བ་འདྲིངས་ལ་བློ་བ་རིངས། ཐབ་ཁུང་ནང་གི་མེ་རོ་ཕྱིར་འདྲུ་བྱེད་ཀྱི་མེ་འདྲུ་ལ་མྱེ་རུ། གྲངས་ཀྱི་བཅུ་དྲུག་ལ་བཅུ་རུག ཉི་ཤུ་རྩ་དྲུག་ལ་ཉི་ཤུ་རྩ་རུག ཞབས་དྲུང་ལ་ཞབས་རུང་། ལྡད་དྲིལ་ལ་ལྡད་རིལ(རིས)། ཤོག་དྲིལ་ལ་ཤོག་རིལ། འདྲུལ་ལ་རུལ། ཕྱི་དྲོ་ལ་ཕྱི་རོ་སོགས་ཟེར་བ་ལྟ་བུའོ། །

གཉིས་པ། རྣམ་པའམ་ཡིན་ལུགས་སྟོན་བྱེད་ཀྱི་སྒྲ་ཚུལ་ཡིག་གི་སྒྲ་གདངས་འགྱུར་ལུགས།

        ཨ་མདོའི་ཡུལ་གྲུ་འགའི་སྐད་དུ། རྣམ་པའམ་ཡིན་ལུགས་སྟོན་བྱེད་ཀྱི་སྒྲ་ཚུལ་ཡིག་ལ་སུལ(སུའུ)སྒྲ་ཐོན་ཏེ། དཔེར་ན། འགྲོ་ཚུལ་འདུག་ཚུལ་ལ་འགྱོ་སུལ(སུའུ)འདུག་སུལ(སུའུ)ཞེས་དང་། ཉལ་ཚུལ་ལང་ཚུལ་ལ་ཉལ་སུལ(སུའུ)ལང་སུལ(སུའུ)།

བཟའ་ཚུལ་འཐུང་ཚུལ་ལ་བཟའ་སུལ(སུའུ)འཐུང་སུལ(སུའུ)། དེ་ལྟར་འདུག་ཚུལ་མེད་ལ་དེ་ལྟར་འདུག་སུལ(སུའུ)མེད། དངོས་པོ་དེ་གཞན་ལ་སྟོན་ཚུལ་མེད་ལ་དངོས་པོ་དེ་གཞན་ལ་སྟོན་སུལ(སུའུ)མེད་ཟེར་བ་སོགས་ལྟ་བུ། ཨམ་སྐད་ཁྲོད། ཚུལ་ཡིག་ལ་སུལ་སྒྲ་ཐོན་ལུགས་ནི། ཙ་ཚ་ས་གསུམ་ལ་གཅིག་ཚབ་གཅིག་གིས་བྱ་རུང་བའི་འབྲེལ་བ་ལས་ཐོན་པ་ཡིན་ཏེ། དཔེར་ན། ཚེ་ཏན་དགོན་པ་ལ་སེ་ཏན་དགོན་པ། ཆུ་ཟོ་འཁུར་སྐབས་རྟེན་འཆའ་སའམ་མལ་གསོ་སའི་གནས་ཀྱི་མིང་ལ་མལ་ཙ་ཟེར་བར་མལ་ས། འཚོ་ནམ་ལ་སོ་ནམ། ཡུན་རིང་འགོར་ནས་ཞོ་ལད་པའི་དོན་གྱི་ཞོ་ཚགས་ལ་ཞོ་སགས། མགོའི་སྤྱི་གཙུག་གི་མདུན་ངོས་སུ་མཚོག་མ་ཞེས་པར། སི་ཁྲོན་ཁྱུང་མཆུ་རྫོང་གི་སྐད་དུ་སོག་མ་ཟེར། ཁ་སྩང་ལ་ཁ་སང་། གསོ་མ་ལ་གཙོ་མ། གསོ་སྒྱེ་ལ་གཙོ་སྒྱེ། གསོ་སྐུད་ལ་གཙོ་སྐུད། ཁྱེད་ཚང་དང་ངེད་ཚང་ཞེས་པར་ཁྱེད་སང་དང་ངེད་སང་། འཕྲལ་དུའམ་ཅང་མ་འགོར་བའི་དོན་གྱི་ཐད་ཙེ་ལ་ཐད་ཚེ་དང་ཐད་སེའང་ཟེར་བ། ཐད་ཀ་ཐད་སོ་ལ་ཐད་ཀ་ཐད་ཚོ། ཕྱོགས་གཅིག་ལ་ཡོ་བའི་དོན་གྱི་ཕྱོགས་གཅིག་སར་ཁྱོགས་ཐལ་ཞེས་པ་ལ་ཕྱོགས་གཅིག་ཚར་ཁྱོགས་ཐལ། ཕྱེད་སར་ཡོན་ཐལ་ལམ་ཁྱོགས་ཐལ་ཞེས་པར་ཤད་ཚར་ཡོན་ཐལ། རྒྱལ་བའི་གདུང་ཚོབ་ལ་རྒྱལ་བའི་གདུང་སོབ། འཚང་རྒྱ་ལ་སངས་རྒྱ། འཚོ་ཚིས་ལ་སོ་ཚིས། ཉམས་ཚད་ལ་ཉམས་སད། ཡིད་ཚིམས་ལ་ཡིད་སིམས། ཚུན་ཆད་ལ་སུན་ཆད། ཚབ་ལ་གསབ། ཁྱོད་ཚུར་ཤོག་ལ་ཁྱོད་སུར་ཤོག རྩྭ་ལྡུམ་སྣ་མང་བཏུས་ནས་མང་ཉུང་ལ་འགྲན་རེས་བྱས་པའི་དོན་ལ་ལྡུམ་ཚོགས་བརྒྱབ་ཅེས་པར་ལྡུམ་སོགས་བརྒྱབ། གོ་རེ་རླངས་འཚོད་བྱེད་སྤྱད་ལ་ཡུལ་སྐད་དུ། ཁོན་ཞེས་པར་ཡིག་སྐད་དུ། ཁྲོལ་སག་གམ་ཁོལ་སག་ཟེར་བ་ལ་ཁྲོལ་ཚགས་སམ་ཁོལ་ཚགས་ཟེར་བ། སྦྱིན་སྲེག་ལ་སྦྱིན﹙བཞིན﹚ཚེག་ཟེར་བ་ལྟ་བུ་ཤིན་ཏུ་མང་། 《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》ཀྱི་ལྡེབ140པར། བློན་ཆེན་པོས། ། འདུན་ཙ་ལོང་ཅུ་ནས། ། ཞེས་པའི་འབྲུ་འགྲེལ་དུ། འདུན་ས་ལོང་ཅུ་ནས།③ཞེས་བཀྲལ་ཡོད་ཅིང་། 《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང》དུ། བསལ་བ་ལ་བསྩལ་བ་དང་། སོགས་པ་ལ་སྩོགས་པ། བསུ་བ་ལ་བསྩུ་བ། དྲི་བསུང་ལ་དྲི་བསྩུང་། བསངས་པ་ལ་བསྩངས་པ། ④ ཞེས་བཀྲལ་ཡོད་པ་ལྟ་བུའོ། ། དེང་སང་སྲོལ་དང་ཚུལ་ཡིག་གཉིས་ཀྱི་གོ་དོན་ལ་ཞིབ་ཆ་མ་ཕྱེས་པར་གཅིག་ལྟར་དུ་སྦྱོར་མཁན་མང་སྟེ། སྲོལ་དང་ཚུལ་གཉིས་ཀྱི་བསྟན་དོན་ལ་ཁྱད་པར་ཡོད་པར་མ་ཟད་སྒྲ་གདངས་ལའང་ཁྱད་པར་མཆིས། དཔེར་ན། ཡུལ་སྲོལ་གོམས་འདྲིས་དང་ཡུལ་ལུགས་གོམས་གཤིས་ཀྱི་དོན་སྟོན་པ་ལ་སྲོལ་བྲིས་ན་འགྲིག་མོད། འོན་ཀྱང། རྣམ་པའམ་ཡིན་ལུགས་སྟོན་པའི་དུས་སུ། ཚུལ་བྲིས་ན་སྒྲ་དོན་གཉིས་ཆར་ནས་འགྲིག་སྟེ། དཔེར་ན། མི་དེའི་འགྲོ་ཚུལ་འདུག་ཚུལ་དང། བཟའ་ཚུལ་འཐུང་ཚུལ། བཅའ་ཚུལ་ལས་ཚུལ་ཅེས་པ་ལ། ཨམ་སྐད་དུ། མི་དེའི་འགྲོ་སུལ་འདུག་སུལ་དང། བཟའ་སུལ་འཐུང་སུལ། བཅའ་སུལ་ལས་སུལ་ཟེར་ཞིང། དེ་མཚུངས་ཀྱི་དཔེ་གཞན་ཡང་། ཟས་ལ་ཚྭ་ཁུ་ཁ་ནས་བཟའ་ཚུལ་མེད་ལ་བཟའ་སུལ་མེད། ལྭ་ཆད་པོ་འདི་གོན་ནས་མི་ཁྱུ་ལ་འགྲོ་ཚུལ་མེད་ལ་འགྲོ་སུལ་མེད། སྐད་ཆ་འདི་སེམས་ཅན་ལ་བཤད་ཚུལ་མེད་ལ་བཤད་སུལ་མེད། ཡི་གེ་བྲིས་བཙོག་པ་འདི་གཞན་ལ་སྟོན་ཚུལ་མེད་ལ་སྟོན་སུལ་མེད། འདིའི་ཡོན་ཏན་ལ་གཞན་གྱིས་འགྲན་ཚུལ་མེད་ཅེས་པར་འགྲན་སུལ་མེད། གོ་བ་ལེན་ཚུལ་མི་གཅིག་པ་ལ་གོ་བ་ལེན་སུལ་མི་གཅིག་ཟེར་བ་སོགས་ལ། ཟས་ལ་ཚྭ་ཁུ་ཁ་ནས་བཟའ་སྲོལ་མེད། ལྭ་ཆད་པོ་འདི་གོན་ནས་མི་ཁྱུ་ལ་འགྲོ་སྲོལ་མེད། སྐད་ཆ་འདི་སེམས་ཅན་ལ་བཤད་སྲོལ་མེད། ཡི་གེ་བྲིས་བཙོག་པ་འདི་གཞན་ལ་སྟོན་སྲོལ་མེད། འདིའི་ཡོན་ཏན་ལ་འགྲན་སྲོལ་མེད། གོ་བ་ལེན་སྲོལ་མི་གཅིག་ཅེས་སྲོལ་ཡིག་བྲིས་ན་བསྟན་དོན་ལོག་པར་གྱུར་ཡོད། ཀན་ལྷོའི་དཔའ་རིས་རྫོང་གི་སྐད་དུ། ཚུལ་གྱི་ཚབ་ཏུ་ལུགས་སྦྱར་ནས་འཆད་དེ། ཚྭ་ཁུ་ཁ་ནས་འཐུང་ལུགས་མེད། ཤ་རུལ་ནས་བཟའ་ལུགས་མེད་ཟེར་བ་ལྟ་བུ། དེ་བཞིན་དུ། ཆོས་སྐྱབས་འགྲོ་མ་བཏོན་འདོན་ཚུལ་མེད། ། ཟས་མཆོད་ཁ་མ་འཕངས་བཟའ་ཚུལ་མེད། ། ཅེས་པ་ལ། ཆོས་སྐྱབས་འགྲོ་མ་བཏོན་འདོན་སུལ་མེད། ། ཟས་མཆོད་ཁ་མ་འཕངས་བཟའ་སུལ་མེད། ། ཅེས“ཚུལ”ལ་སུལ་སྒྲ་ཐོན་པ་ལས། སྲོལ་ལ་ཨ་མདོའི་ཁ་སྐད་དུ། ཞིང་རྨོས་པའི་སྲོལ་ལ“ཧྲུའུ”ཞེས་དང་། སྲོལ་ལོག་ལ“ཧྲུའུ་ལོག”ཅེས“ཧྲུའུ”སྒྲ་མ་གཏོགས“སུའུ”སྒྲ་ཞིག་ཡེ་མི་ཐོན། །

གསུམ་པ། རྒྱུ་ཡིག་ལ་གྱུ་སྒྲ་ཐོན་ཚུལ།

        དུས་མ་འོངས་གསལ་བྱེད་ཀྱི་སྒྲ་རྒྱུ་ཡིག་ལས་ཚིག་གི་མཐར་སྦྱོར་སྐབས། རྗེས་འཇུག་བཅུ་བོའི་རྗེས་སུ། ཟོག་ལུག་ལྷས་རར་འགོག་རྒྱུ་རེད། ཆང་འཐུང་རྒྱུ་མིན། འགྲོ་རྒྱུ་ཡིན་སོགས་ཁྱད་མེད་དུ་རྒྱུ་སྒྲ་ཐོན་ཡང་། དམིགས་བསལ་གྱིས་རྗེས་འཇུག་ད་བ་གཉིས་ཀྱི་རྗེས་སུ་རྒྱུ་ཡི་ར་མགོ་བོར་བའི་གྱུ་སྒྲ་ཐོན་པ་ཤས་ཆེ།⒈དཔེར་ན། གཏམ་བཤད་རྒྱུ་རེད་ཅེས་པར་གཏམ་བཤད་གྱུ་རེད། ཁྱོད་སྐྱིད་རྒྱུ་རེད་ལ་ཁྱོད་སྐྱིད་གྱུ་རེད། མེ་ཏོག་གད་རྒྱུ་རེད་ལ་མེ་ཏོག་གད་གྱུ་རེད། གཉིད་རྒྱུ་ཡོང་གིན་མེད་ཅེས་པར་གཉིད་གྱུ་ཡོང་གིན་མེད། དཔྱད་རྒྱུ་རེད་ལ་དཔྱད་གྱུ་རེད། དེ་བཞིན་དུ། རྗེས་སུ་འཁྲིད་གྱུ་མིན། ཤིང་གད་གྱུ་རེད། འབྲེལ་ཐག་གཅོད་གྱུ་རེད། སྐུད་པ་ཆད་གྱུ་རེད། སྣོད་ནང་དུ་ཆུད་གྱུ་མ་རེད། གྲིས་ཆོད་གྱུ་རེད། དོན་བརྗེད་གྱུ་རེད། སྒོར་མོ་རྙེད་གྱུ་རེད། མེ་ཏོག་རྙིད་གྱུ་རེད། རྟ་བརྟོད་གྱུ་རེད། སྡེ་བ་འཐད་གྱུ་མ་རེད། ཐག་པ་མཐུད་གྱུ་རེད། ཁལ་ཐྲུད་གྱུ་མ་རེད། སེམས་ལ་གནོད་གྱུ་རེད། རྒྱུ་ནོར་སྤྲོད་གྱུ་རེད། དངོས་པོ་འཕྲོད་གྱུ་རེད། བྱ་ངན་བྱེད་གྱུ་མིན། ཀ་ར་མྱིད་གྱུ་རེད། ས་ཆུ་རྩོད་གྱུ་རེད། ཤ་འཚོད་གྱུ་ཡིན། སློབ་གྲྭའི་མྱིང་བརྫོད་གྱུ་རེད། གྲི་ཁ་ཟད་གྱུ་རེད། སྐྲ་ཡིད་གྱུ་རེད། དགེ་རྒན་ཡོད་གྱུ་རེད། མི་གཤིས་ལད་གྱུ་རེད། སྐྲ་ཤད་གྱུ་མིན། ལམ་ནས་ཤུད་གྱུ་རེད། གཉིད་ལས་སད་གྱུ་མ་རེད། རི་དྭགས་གསོད་གྱུ་མིན་སོགས་ལྟ་བུ་དང་། ཉལ་གོས་འགེབ་གྱུ་མ་རེད། ཤ་གཙབ་གྱུ་མིན་སོགས་ཟེར་བ་ལྟ་བུ། འབུད་ཆས་ཨོང་བ་སོགས་ཀྱི་སྤྱི་མིང་ལ་འབུད་རྒྱུ་ཡིན་ཡང་། ཨམ་སྐད་དུ། འབུད་གྱུ་ཞེས་པའི་གདངས་ཐོན། ང་ལ་འབུད་གྱུ་སེལ་བོ་གང་ཁྱེར་ཤོག་ཟེར་བ་ལྟ་བུ། གསང་གནད་དེ་མ་ཤེས་པས་དེང་སང་གྱུ་ཡི་ཚབ་ལ་འབྲེལ་སྒྲའི་ཕྲད“ཀྱི”སོགས་བྲིས་ནས། བཤད་ཀྱི་ཞིག་ཡོད། སྐྱིད་ཀྱི་རེད། རྗེས་སུ་ཁྲིད་ཀྱི་མིན། བསྐྱར་བཟློས་བྱེད་ཀྱི་མིན། སྙན་ཞུ་འབུལ་གྱི་ཡིན་སོགས་བྲིས་དང་འབྲི་བཞིན་པ་ནི་མ་དག་པར་སེམས་སོ། །⒉ ལས་ལ་འཇུག་པར་སྟ་གོན་ནམ་སྐུལ་བ་བྱེད་དུས། བསྒྲུབ་བྱ་གང་ཡིན་ངོས་འཛིན་བྱེད་ཀྱི་སྒྲ་རྒྱུ་བོ་ཞེས་པ་བསྡུས་ནས་རྒྱུའོ་སྒྲ་དང་གྱུའོ་སྒྲ་འགྱུའོ་སྒྲ་བཅས་ཐོན་ཏེ། རྗེས་འཇུག་དའི་རྗེས་སུ་གྱུའོ་སྒྲ་དང། ནའི་རྗེས་སུ་འགྱུའོ་སྒྲ། ལྷག་མ་རྣམས་ཀྱི་རྗེས་སུ་རྒྱུའོ་སྒྲ་ཐོན། དཔེར་ན། ཟས་བཟའ་རྒྱུའོ་མི་བྱེད་པར་ཅི་བྱེད། ཟས་བཟའ་རྒྱུའོ་བྱོས། ལམ་ལ་ཆས་རྒྱུའོ་མི་བྱེད་པར་ཅི་བྱེད། ལམ་ལ་ཆས་རྒྱུའོ་བྱོས། གཏམ་བཤད་གྱུའོ་མི་བྱེད་པར་ཅི་བྱེད། གཏམ་བཤད་གྱུའོ་བྱོས། ལྭ་གོན་འགྱུའོ་མི་བྱེད་པར་ཅི་བྱེད། ལྭ་གོན་འགྱུའོ་བྱོས། དཔེ་ཆ་འདོན་འགྱུའོ་མི་བྱེད་པར་ཅི་བྱེད། དཔེ་ཆ་འདོན་འགྱུའོ་བྱོས་སོགས་ཟེར་བ་ལྟ་བུའོ། །

བཞི་པ། ནས་སྒྲ་ལྷག་བཅས་སྟོན་པར་འཇུག་པ་བཞིན་དུ་ལས་སྒྲའང་འཇུག་ཚུལ་ཡོད་པ།

བོད་ཀྱི་རྣམ་དབྱེ་དང་ཚིག་ཕྲད་སྟོན་པའི་སྐབས་སུ། ནས་ལས་གཉིས་ནི་ཆོས་གང་ཞིག ། གང་ལས་བྱུང་བར་སྟོན་བྱེད་ཅིང་། ། མང་པོ་རྣམས་ལས་དགར་བ་

དང་། ། སྡུད་པའི་དོན་ལའང་འཇུག་པར་གསུངས། ། ཞེས་ནས་ལས་གཉིས་ཀྱི་འཇུག་ཚུལ་གྲངས་ངེས་ཅན་དུ་གསུངས་ཡོད་པ་བདེན་མོད། འོན་ཀྱང་ཡུན་རིང་གི་ལག་ལེན་ཁྲོད་ནས་ལས་གཉིས་ཀྱི་འཇུག་ཚུལ་ལ་འཕེལ་འགྱུར་བྱུང་ནས་གོང་གསལ་དེ་ག་ཙམ་དུ་མ་ཟད། ནས་སྒྲ་རྣམ་དབྱེ་གསུམ་པའི་ཚབ་ཏུ་འཇུག་པ་སྣང་སྟེ། དཔེར་ན། དགེ་རྒན་གྱིས་སུམ་རྟགས་ཁྲིད་ཅེས་པ་ལ་དགེ་རྒན་ནས་སུམ་རྟགས་ཁྲིད་ཅེས་དང་། གྲོས་ཚོགས་ཀྱིས་བསྟན་དོན་ལ་གྲོས་ཚོགས་ནས་བསྟན་དོན། བློ་བཟང་གིས་ཕུལ་ཞེས་པ་ལ་བློ་བཟང་ནས་ཕུལ་ཟེར་བ་སོགས་ལྟ་བུའོ། ། ནས་ལས་གཉིས་ལྷག་བཅས་སྟོན་བྱེད་ཀྱི་ཕྲད་ཏེ་དེ་སྟེ་གསུམ་གྱི་དོད་དུ་སྦྱོར་བ་སྤེལ་སྐབས། ཨམ་སྐད་ཁྲོད། སྤྱིར་བཏང་དུ་རྗེས་འཇུག་རང་འདྲའི་རྗེས་སུ་ས་ཡིག་སྦྱར་བ་ཅན་ཐོན་པ་མ་ཟད། ནས་དང་ལས་སྒྲའང་ཐོན་དུས་མཆིས། དཔེར་ན། སྐེ་བསྒག་གས(སྟེ། ནས)བསད། ཆང་འཐུང་ངས(སྟེ། ནས)བཟི། ཁ་བགད(དེ། ནས)ལས་བཤད། ཤ་ལྡད་ལས(དེ། ནས)མྱིད། བརྗེད་ལས(དེ། ནས)ཤུལ་མེད། གྱང་ལ་ཁེན་ནས་སོང་། ལྭ་བ་གོན་ནས་བསྡད། ལག་པས་འཐེན་ནས་སོང་། མགོ་བོ་ཡོན་ནས་བསྡད། ས་བཀབ་བས(སྟེ། ནས)བཞག བྲོ་འཆམ་མས(སྟེ། ནས)སོང་། ཕག་ལ་བཞའ་འས(སྟེ། ནས)བསྡད། སྐྲ་བཞར་རས(ཏེ། ནས)སོང་། ཁལ་བཀལ་འས་སོང་། ཟ་མ་ཟོས་འས(ཏེ། ནས)སོང་སོགས་མང་དུ་སྣང་། ཡིན་ནའང་སྐབས་འགར་རྗེས་འཇུག་གི་དབང་གིས་ནས་ལས་གཉིས་ཏེ་དེ་སྟེ་གསུམ་གྱི་ཚབ་ལ་ཁྱབ་མཉམ་དུ་སྦྱར་ཆོག་སྟེ། འགད་རྫས་བཀད་ལས་སོང་། རྗེས་སུ་ཁྲིད(ཁྱིད)ལས་སོང། ཤིང་བཅད་ལས་སོང་། ཐག་པ་ཆད་ལས་སོང་། མེ་ཏོག་རྙིད་ལས་སོང་། ཉིན་གང་བོར་གཉིད་ལས་བསྡད། ཤིང་རྟ་གཏད་ལས་སོང་། སྣེ་མོར་མཐུད་ལས་སོང་། མདུད་པ་མདུད་ལས་སོང་། འཕལ་ཀ་སྤྲད(སྤད)ལས་བཞག ཀ་ར་མྱིད་ལས་ཕུད་དེངས། རྐང་པ་སྦྲིད(སྦིད། བརིད)ལས་སོང་། མགོ་དམད་ལས་བསྡད། རྒྱ་མར་ཚད་ལས་བཞག མིང་བརྫད་ལས་འཕངས་དེངས། གྲི་ཁ་ཟད་ལས་བུད་ཐལ། སྐྲ་ཡིད་ལས་བུད་ཐལ། རྐང་འོག་ནས་ཤུད་ལས་བུད་ཐལ། དགྲ་བོ་བསད་ལས་སོང་། འདྲེ་མོ་ལྷ་མོ་ཞིག་ཏུ་སྲིད་ལས་སོང་། ཧད་ལས་བསྡད་ཅེས་པ་རྣམས་དང་། ཁ་བརྡ་ཡས(བྱས)ལས་སོང་། ཁྱོའི་སྟངས་ཡས(བྱས)ལས་བྱིས་པ་སློབ་གྲྭར་བསྐྱལ། ཟ་མ་ཟོས་ལས་སོང་། ཁྱོས་ང་ལ་གཟས་ལས་སྙད་བརྐོ་དོན་ཅི། ཁྱོས་ཤེས་ལས་བཤད་པ་མིན་ནམ།(ཁྱོས་ཤེས་བཞིན་དུ་ཞེས་པའི་དོན)ཁྱོས་དེ་ལྟར་བཟས(བཟླས་པའམ་སྨྲས་པའི་དོན)ལས་ཅི་བྱེད་ལྟ་བུ་སོགས་རྗེས་འཇུག་དའི་རྗེས་སུ་ལས་སྒྲ་ཐོན་པར་མ་ཟད། རྗེས་འཇུག་སའི་རྗེས་སུའང་ལས་སྒྲ་ཐོན་དུས་མཆིས། གནད་འདི་མ་ཤེས་པས། ཁ་ཅིག་གིས། ཁ་བགད་ལས་ཚིག་གསུམ་བཤད་ནོ། །ཡིད་ཙིག(ཞིག)ནས་བརྗེད་གྱུ་ཆེད་ཡོད། ། ཅེས་པ་ལ། ཁ་བགད་ལེ་ཚིག་གསུམ་བཤད་ནོ། ། ཞེས་བྲིས་ཡོད་ཅིང། དེ་ལྟར་དུ། སྐེ་བསྒག་གེ(སྟེ། ནས)བསད། ཆང་འཐུང་ངེ(སྟེ། ནས)བཟི། ཤ་ལྡད་ལེ(དེ། ནས)མྱིད་སོགས་འགྲེང་བུ་ཅན་དུ་བྱེད་པ་ཡོད་མོད། སྒྲའི་སྒོ་ནས་དང་ཚིག་ཕྲད་ཐོབ་སྟངས་ཀྱི་ཆ་གང་ནས་བརྟག་ཀྱང་མཐུན་པོ་འགྲིག་མོ་ཞིག་མ་ཡིན་པར་སེམས་སོ། །

ལྔ་པ། མིང་ཁག་ཅིག་ལ་རྗེས་འཇུག་མེད་ཀྱང་བརྗོད་བདེའི་དབང་གིས་ཡོད་པ་ལྟར་དུ་གདངས་ཐོན་ཚུལ།

1. རྗེས་འཇུག་མེད་པའི་མིང་ཁག་ཅིག་ངག་ལས་བརྗོད་དུས། སྐབས་འགར་རྗེས་འཇུག་ས་ཡོད་པའི་ཚུལ་དུ་གདངས་ཐོན། དཔེར་ན། གྱོང་རག་པའི་དོན་གྱི་གྱོང་ཁ་བརྒྱབ་ལ་གྱོང་ཁས་བརྒྱབ་ཅེས་དང་། འགྲོ་སྒོ་ལ་འགྲོ་སྒོས། འགྲོ་རྒྱུ་ལ་འགྲོ་རྒྱུས། སྙོར་མགོ་ཕུད་ལ་སྙོར་མགོས་ཕུད། མགོ་ཏི་ལ་མགོ་ཏིས། སྐེ་ཏི་ལ་སྐེ་ཏིས། དཔུང་ཏི་ལ་དཔུང་ཏིས། སུག་ཏི་ལ་སུག་ཏིས། མི་ཁྱུ་ལ་མི་ཁྱུས། འདི་མོ་ལ་འདིས་མོ། དེ་མོ་ལ་དེས་མོ། ད་ཅི་ལ་ད་ཅིས། རྭ་ཡ་ལ་རྭ་ཡས། ཁ་ཡ་ལ་ཁ་ཡས། འཁང་ར་བྱས་པའི་དོན་གྱི་ལེ་བདའ་ལ་ལེས་བདའ་འམ་ལེས་འདེད། བསོད་ནམས་ཚེ་རིང་བསྡུས་པས་བསོད་ཚེས་དང་། རྡོ་རྗེ་ཚེ་རིང་བསྡུས་པས་རྡོ་ཚེས་ཟེར་བ་སོགས་ལྟ་བུའོ། །

2. མིང་ཆ་སྔ་མ་ལ་རྗེས་འཇུག་མེད་ཚེ་མིང་ཆ་ཕྱི་མའི་སྔོན་འཇུག་འ་ཡིག་ཅན་ཁག་ཅིག སྐབས་འགར་མིང་ཆ་སྔ་མ་ལ་རྗེས་འཇུག་ན་ཡོད་པའི་ཚུལ་དུ་གདངས་ཐོན། དཔེར་ན། བཀྲ་མི་ཤིས་པའི་གཏམ་སྨྲས་པའི་དོན་གྱི་ཁ་འཁྱག་ལ་ཁན་འཁྱག་ཅེས་དང་། ཚི་ལེན་ཁ་འདྲིལ་ཅན་ལ་ཚི་ལེན་ཁན་འདྲིལ་ཅན། ཁ་འཇོག་གམ་ཐོག་འཇོག་གི་སྒོར་མོའི་མིང་ལ་ཁན་འཇོག མཁའ་འགྲོ་ལ་མཁན་འགྲོ། དགེ་འདུན་ལ་དགེན་འདུན། དགྲ་འདུལ་ལ་དགྲན་འདུལ། སྤྱི་འདུ་ལ་སྤྱིན་འདུ། དེང་སང་གི་སྤྱི་འཚོགས་ལ་དེང་སང་གི་སྤྱིན་འཚོགས། ཆུ་རྒོད་ཚ་འདེ་ལ་ཆུ་རྒོད་ཚན་འདེ། ཕྲེང་བའི་མདོ་འཛིན་ལ་མདོན་འཛིན། ཉི་འཛིན་ལ་ཉིན་འཛིན། མགོ་འཛིན་ལ་མགོན་འཛིན། ཇ་འཐུང་ལ་ཇན་འཐུང་། ཁྲི་འདུ་ལ་ཁྲིན་འདུ། ལས་རྒྱུ་འབྲས་ལ་ལས་རྒྱུན་འབྲས། མཚོ་སྔོན་བ་ཡན་རྫོང་ཁོངས་སུ་ཆུ་འཁོར་ཞེས་པའི་གྲོང་རྡལ་ཞིག་ཡོད་པར་ཆུན་འཁོར་ཟེར་བ་སོགས་ལྟ་བུའོ། ། ཡང་སྤྱི་འཇོག་དང་། སྒྲོ་འདོགས། དབུ་འཛིན། ཟླ་འཛིན། ལྷ་འདྲེ་སོགས་ཀྱི་སྐབས་སུ་ན་སྒྲ་མི་ཐོན་པའང་ཡོད་ཕྱིར་མཐའ་ཅིག་ཏུ་ནི་མ་ངེས་སོ། །

3. རྗེས་འཇུག་མ་ཅན་གྱི་ཡི་གེ་ཁག་ཅིག་ལ་ཡུལ་འགའི་སྐད་དུ་རྗེས་འཇུག་ན་ཡི་གདངས་ཐོན་དུས་མཆིས། དཔེར་ན། ལམ་ལ་ལན་ཞེས་དང་། སེམས་ཅན་ལ་སེན་ཅན། སེམས་དཔའ་ལ་སེན་དཔའ། གྲངས་ཀྱི་འབུམ་ཏེར་ལ་འབུན་ཏེར་རམ་འབུན་ཐེར་ཟེར་བ་ལྟ་བུ། 《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས》ཀྱི་ལྡེབ79པར། བཙན་པོའི་ཞལ་སྔ་ནས། ངའི་སྲིང་མོ་ཞིག་ཀྱང་ཟིང་བོ་རྗེའི་གན་དུ་འདུག་མོད་ཀྱི། འོན་ཀྱང་ཁྱེད་ཟེར་བ་བཞིན་བྱའོ་ཞེས་བཀའ་སྩལ་ནས།…⑤ཞེས་དང་། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》གྱི་ལྡེབ19པར།…བརྒྱགས་ཆད་ལྷམ་བུག་སྟེ། སླར་མ་འྀ་གན་དུ་འོངས་ནས།…ཆོ་མྱི་བྱ་འྀ་བུ་མོ་ཞིག་ཡུར་བ་བྱེད་པ་འྀ་གན་དུ་སོང་ན།…⑥ཞེས་འབྱུང་བ་ལྟ་བུ། 《དག་ཡིག་ཐོན་མིའི་དགོངས་རྒྱན》སོགས་སུའང་།⑦ གན་དང་གམ་གཉིས་དོན་གཅིག་ཏུ་བཀྲལ་ཡོད་པ་ལྟ་བུའོ། །

དྲུག་པ། རྩེག་འདོགས་ཡི་གེ་ཁག་ཅིག་གི་སྒྲ་གདངས་ཅི་རིགས་ཐོན་ཚུལ་སྐོར།

1. རྩེག་ཡིག་ཁག་ཅིག་ལ་མགོ་ཅན་དང་མིང་གཞིའི་གནས་ལ་འཕོ་འགྱུར་བྱུང་སྟེ་གདངས་གཞན་ཐོན་པའམ་མིང་གཞིའི་སྒྲ་ཁོ་ན་ལས་མགོ་འདོགས་ཀྱི་སྒྲ་མི་ཐོན་པ་སོགས་ཀློག་གདངས་ཅི་རིགས་ཐོན། དཔེར་ན། མི་ཁ་དགོད་ཅན་ནམ་ཁ་མཚར་ཅན་ལ་སྤྲོ་མོ་ཟེར་ཡང་ངག་ཏུ་བསོར་མོ་ཞེས་པའི་གདངས་ཐོན་ཏེ། སྤྲོ་ཡིག་གི་མིང་གཞི་པ་དེ་སྔོན་འཇུག་བ་རུ་འཕོས་ཤིང། མགོ་ཅན་ས་དེ་མིང་གཞིར་འཕོས་པ། ར་བཏགས་རྗེས་འཇུག་ཏུ་འཕོས་པ་བཅས་ལས་བསོར་རུ་གྱུར་པ་ཡིན། ཨ་མདོའི་འབྲོག་སྐད་དུ། སྦྲིད་ལ“བརིད།”ཅེས་དང་། སྦྲུལ་ལ“བརུལ།”ཞེས་སྔོན་འཇུག་བ་ཡིག་ལྡན་པའི་ཚུལ་དུ་གདངས་ཐོན་ཟེར་བ་དེས་ཀྱང་རིགས་ལམ་དེ་ཡང་དག་པར་བསྒྲུབ་ནུས། འགྲོས་དེ་དང་མཐུན་པར། ཁ་སྤུ་ལ་ཁ་བསུ། རྣ་སྐྱག་གི་མིང་ལ་རྣ་སྤབས་ཞེས་པར་རྣ་བསབས། རྔ་སོགས་ལ་རླན་ཞད་འདྲེས་པའམ་ནེམ་ཞུགས་པའི་དོན་ལ་སྤབས་ཞེས་པར་བསབས། རྩམ་པ་རྙིང་བའི་དོན་ལ་རྩམ་པ་སྤབས་ཞེས་པར་རྩམ་པ་བསབས། བླ་སྤང་ལ་བླ་བསང་། དྲི་ཆུ་འདོར་བའི་དོན་གྱི་ཆབ་སྤང་ལ་ཆབ་བསང་། རྐང་པའི་ཚིགས་སྤར་བ་ལ་ཚིགས་བསར། གནས་སྤོར་བ་ལ་གནས་བསོར། རས་སོགས་འཐགས་པའི་རྒྱུ་སྤུན་ལ་རྒྱུ་བསུན། སྤུན་ཟླ་ལ་བསུན་ཟླ། རྒྱུ་སྤུས་ལ་རྒྱུ་བསུས། མི་སྤུས་ལ་མྱི་བསུས། སྤེན་མ་ལ་བསེན་མ། གོམ་པ་སྤོས་ལ་གོམ་པ་བསོས། མཆོད་མེའི་སྡོང་སྤོས་ལ་སྡོང་བསོས། དཀར་ཡོལ་སོགས་སུ་འབྲས་ཐུག་ཁ་སྤུངས་སུ་བཅུས་པ་ལ་ཁ་བསུངས་བཅུས་དང་། མགོ་སྤུངས་སུ་བཅུས་པ་ལ་མགོ་བསུངས་བཅུས་ཞེས་པའི་སྤུ་དང་སྤབས་སོགས་ཀྱང་རིམ་པ་བཞིན་བསུ་དང་བསབས་སོགས་ཀྱི་སྒྲ་རུ་གྱུར་པ་ཡིན། ཀན་ལྷོའི་བླ་བྲང་ཕྱོགས་ཀྱི་བསང་ཁོག་དང་བསང་ཆུ་ཞེས་པའི་ས་མིང་ཆུ་མིང་དེ་ཡང་། གནའ་སྔ་མོའི་དུས་སུ་སྤྱང་ཁོག་དང་སྤྱང་ཆུ་ཞེས་འབྲི་ཡང་རིམ་གྱིས་ཡ་བཏགས་བོར་ནས་སྤང་ཁོག་དང་སྤང་ཆུ་ཞེས་པར་གྱུར་ཅིང་། དེ་ནས་མིང་གཞི་པ་དེ་སྔོན་འཇུག་ཏུ་ཡར་འཕོས་ཤིང་། མགོ་ཅན་ས་དེ་མིང་གཞིར་བྱས་པ། རྗེས་འཇུག་སོར་འཇོག་བྱས་པ་བཅས་ལས་བསང་ཁོག་དང་བསང་ཆུ་ཞེས་པར་གྱུར་པ་ཡིན་པར་བཞེད། དེར་མ་ཟད། གཅན་གཟན་སྤྱང་ཁི་ཞེས་པའི་སྤྱང་ལ། ཨ་མདོའི་ཡུལ་ལ་ལའི་སྐད་དུ། སྤྱང་གི་ཡ་བཏགས་བོར་བའི་ཚུལ་དུ་སྤང་ཀིའམ་སྤང་ཁི་ཟེར་མོད། ཀན་ལྷོའི་དཔའ་རིས་རྫོང་གི་སྐད་དུ། སྤྱང་ཁི་ལ་བསང་ཁི་དང་། སྤྱང་ཁིའི་རྒྱུ་ལམ་ལ་བསང་ལམ་ཟེར་བས། སྤྱང་གི་ཡ་བཏགས་བོར་ནས་སྤང་དུ་གྱུར་རྗེས། ད་གཟོད་གོང་སྨྲས་སྤྱི་འགྲོས་ལྟར་སྤང་དེ་བསང་དུ་གྱུར་པ་ཡིན། རྒྱུ་རྫས་བདག་པོ་ལ་སྤྲད་དང་སྤྲོད་ཅེས་པའི་སྤྲད་དང་སྤྲོད་ཀྱི་འདོགས་ཅན་བོར་ནས་སྤད་དང་སྤོད་ཀྱི་སྒྲ་ཐོན་ཅིང་། དེ་ནས་གོང་གསལ་གྱི་འགྲོས་ལྟར་སྤད་དང་སྤོད་ཀྱི་མིང་གཞི་པ་སྔོན་འཇུག་ཏུ་འཕོས་པས་བསད་དང་བསོད་བྱུང་བ་ཡིན། དཔེར་ན། དཔྱ་ཁྲལ་འཇལ་བའི་དོན་ལ་ཁྲལ་བསྲད་དང་སྲོད་ཅེས་ཟེར་ཞིང་། ཨམ་སྐད་དུ། ཁྲལ་ཧྲད་དང་ཧྲོད་ཅེས་པའི་གདངས་ཐོན་ལ། བསྲད་དང་སྲོད་ཀྱི་ར་བཏགས་བོར་ཏེ་བསད་དང་སོད་བྱུང་བས། དོམ་བསད་དང་སོད་ཅེས་པའི་གདངས་ཐོན་པ་ལྟ་བུའོ། ། མཚོ་སྔོན་གྱི་ཡུལ་འགའི་སྐད་དུ། མལ་ས་གཅིག་ལས་མི་འགའ་རེ་མགོ་ཡར་འཁོར་མར་འཁོར་གྱིས་འཚང་ཁ་བྱས་ཏེ་ཉལ་བའི་དོན་ལ། གཏད་སྤྲོད་བརྒྱབ་ཅེས་འབྲི་དགོས་ཀྱང་ངག་ཏུ་སྤྲོད་ཀྱི་ར་བཏགས་བོར་ནས་གཏད་སྤོད་བརྒྱབ་ཟེར། སི་ཁྲོན་གྱི་མཛོད་དགེ་དང་ཁྱུང་མཆུ་རྫོང་གི་སྐད་དུ། སྤྲད་དང་སྤྲོད་ཀྱི་མིང་གཞི་པ་བོར་ནས་མགོ་ཅན་ས་ལ་ར་བཏགས་སྦྱར་བའི་ཚུལ་གྱིས་སྲད་དང་སྲོད་ཀྱི་གདངས་ཐོན། གཏད་སྤོད་བརྒྱབ་ལ་གཏད་སྲོད་བརྒྱབ་ཟེར། དེ་ཡང་ནམ་མཁའི་སྤྲིན་ལ་བསྲིན་ཟེར་བ་དང་འགྲོས་མཚུངས། སི་ཁྲོན་རྔ་པ་རྫོང་དང་ཁྱུང་མཆུ་རྫོང་སོགས་ཀྱིས་སྤྲིན་གྱི་མིང་ལ་སྤིན་དང་། སྤྲེལ་གྱི་མིང་ལ་སྤེལ། སྤྲོ་ལ་སྤོ་ཟེར། ཡུལ་ལ་ལའི་སྐད་དུ། མེ་བཙའ་འཇོག་བྱེད་ཀྱི་རྒྱུ་སྤྲ་ཏོག་ལ་སྤ་ཏོག སྤྲང་པོ་ལ་སྤང་བོ། སྤྲུགས་ལ་སྤུགས། སྦྲུལ་ལ་སྦུལ་ཟེར་མཁན་ཚོས་དེའི་ར་བཏགས་བོར་བ་ཡིན་ལ། མཚོ་སྔོན་གྱི་མགོ་ལོག་དང་། ཀན་ལྷོའི་རྨ་ཆུ་རྫོང་སོགས་ཀྱིས། སྤྲ་ཏོག་ལ་དཔའ་ཏོག་གམ་དཔའ་ཐོག་དང་། སྤྲིན་ལ་དཔིན། སྤྲེལ་ལ་དཔེལ། ཁྲོ་བའི་དོན་གྱི་སྤོ་ལངས་ལ་དཔོ་ལངས་ཟེར་བས། དེ་དག་གིས་ས་པ་བཏགས་དཔའ་རུ་བཀླགས་པས་ཡིན། ཡ་མཚར་དགོས་པ་ཞིག་ལ། བེའུ་སྩེབས་མ་ཐག་བཞོས་པའི་འོ་མ་ཐོག་མའི་མིང་ལ་སྤྲི་ཞེས་པའི་སྐབས་སུ། ཨ་མདོའི་ཡུལ་བྱིངས་ལ་སྒྲ་གདངས་གཅིག་མཐུན་འབྱུང་བའི་སྐབས་ཀྱང་མཆིས། དཔེར་ན་འོ་སྤྲི་དང་། སྤྲི་མར། སྤྲི་ཞོ་ཟེར་བ་ལྟ་བུ། གཞན་ཡང་། ལྷམ་ལ་ཧམ་ཞེས་དང་། སྐེའི་མིང་ལ་ལྦ་ཞེས་པར་བ་ཟེར་བ།(སྐེ་ལ་བ་གཅིལ་ནས་ཞུ་བ་བྱས)འབྲོག་པའི་སྦྲ་ལ་སྦ་དང་ར་ཟེར་བ། དུག་དང་བཟི་སྨན་སོགས་ཀྱིས་ལུས་ཀྱི་ཚོར་བ་ཉམས་སུ་བཅུག་པའི་དོན་གྱི་སྦྲིད་ཅེས་པ་ལ། མགོ་ལོག་སོགས་ཀྱི་སྐད་དུ། བིད་ཅེས་མགོ་འདོགས་གཉིས་བོར་ནས་མིང་གཞི་དང་དབྱངས། འཕུལ་བཅས་ཀྱི་སྒྲ་ལས་མི་ཐོན་པ་ལྟ་བུ། དོན་དག་བསྒྲུབས་ཚར་བའམ་བསྒྲུབས་ཟིན་པའི་དོན་ལ། ཨམ་སྐད་དུ། དོན་དག་བསྲུབས་དང་། བཅའ་བ་བསྲུབས་ཞེས་བསྒྲུབས་ཀྱི་མིང་གཞི་ག་བོར་ནས་བསྲུབས་བྱུང་བ་ལས་ཧྲུབས་ཀྱི་སྒྲ་ཐོན་པ་ལྟ་བུ། ཀན་ལྷོའི་ཐེ་བོ་རྫོང་དང་འབྲུག་ཆུ་རྫོང་གི་སྐད་དུ། དེང་སྐབས་ཀྱང་སྐྲ་ལ་སྲ་ཞེས་པའི་གདངས་ཐོན་ཏེ། སྐྲ་བཞར་ལ་སྲ་ཝ﹙དབལ་ཏེ་འབལ་གྱི་དོན﹚ཞེས་དང་། སྐྲག་ལ་སྲེད་ཀྱི་སྒྲ་ཐོན་ཟེར་བ་ལྟ་བུའོ། །

2.སྦ་ཡིག་ཁག་ཅིག་ལ་སྐབས་འགར“བཟའ”སྒྲ་ཐོན། དཔེར་ན། སྦལ་བ་ལ་བཟལ་བ་ཟེར་ཏེ། ལོག་བཟལ་ཁ་བཀྱེད་ཟེར་བ་ལྟ་བུ། ལག་པའི་སྦར་བ་ལ་ལག་པའི་བཟར་ར། གདོང་ལ་སྦར་མོ་བསྟན་པའི་དོན་ལ་གདོང་ལ་བཟར་བ་གདང་ངམ་བཟར་ར་བརྒྱབ་ཟེར་བ་ལྟ་བུ། ཡི་གེ་སྦྱོར་བར་ཀློག་ཅེས་པ་ལ་བཟོར་བར་ཀློག་ཅེས་སྦྱོར་ལ་བཟོར་གྱི་གདངས་ཐོན་པ་དེ་ཡང་སྦྱོར་གྱི་ཡ་བཏགས་བོར་ཤུལ་གྱི་སྦོར་ལ་བཟོར་སྒྲ་ཐོན་པས་ཡིན། ཁྱོས་བོད་ཡིག་བཟོར་བར་ཐོན་ཟེར་བ་ལྟ་བུ། ཆང་གི་སྦང་མ་ལ་བཟང་མའམ་རྫང་མ་ཟེར་ཞིང་། རྒྱལ་རོང་སྐད་དུ། སྦས་ལ་བཟས་དང་། བསྲེས་པའམ་ལྷད་བརྒྱབ་པའི་དོན་གྱི་སྦགས་ལ་བཟགས་སྒྲ་ཐོན་ཏེ། ཆུ་གསར་བའི་ནང་དུ་རྙིང་བས་མ་སྦགས་ན་ཆུ་འདིར་བཟགས་མེད་པས་མཆོད་པ་བཤམ་ན་ཆོག་ཟེར་བ་ལྟ་བུ། ཡུལ་ཤུལ་ནང་ཆེན་རྫོང་གི་སྐད་དུ། སྦྲ་ཡིག་གི་ར་བཏགས་བོར་ནས་སྦ་རུ་གྱུར་རྗེས་སྦ་ལ་བཟའ་སྒྲ་ཐོན་པ་ལྟ་བུའོ། ། ཀན་ལྷོའི་དཔའ་རིས་རྫོང་གི་ཡུལ་དུ། དང་པོར་ཀློག་སློབ་དུས་ནས་བཟུང་ས་བ་བཏགས་བཟའ་ཞེས་སློབ་ཟེར་བས་དཔྱད་གཞིར་རིགས། །

3. མིང་གཞི་ད་ཅན་གྱི་རྩེག་ཡིག་རེ་གཉིས་སམ་དབྱངས་ཞུགས་པའི་ད་ཡིག་ཅན་འགའ་རེར། གཞི་གདངས“གཟའ”ཡི་སྒྲ་ལྟ་བུ་ཐོན། དཔེར་ན། མཚོ་སྔོན་བ་ཡན་རྫོང་གི་སྐད་དུ། སྡེ་ལ་བཟེ་ཞེས་དང། གདུང་མ་ལ་གཟུང་མ། བྱིས་པའི་སྔུན་ནས་ཟས་ཞིམ་པོ་ཟོས་ནས་ཧེབ་བསྩངས་ཚེ་སྡིག་པ་ཡོད་ཟེར་བར་གཟིག་ག་ཡོད། གཤེ་གཤེ་བཏང་བའི་དོན་གྱི་བསྡིགས་ལ་གཟིགས། ཁྱི་སྡིགས་སྤྲང་སྡིགས་བྱས་ལ་ཁྱི་གཟིགས་སྤང་གཟིགས་བྱས་ཟེར་བ། ཐང་འཕྱག་བྱེད་ཀྱི་སྡུད་མ་ལ་གཟུད་མ། ལྗོན་ཤིང་སྡོང་པོ་ལ་གཟོང་བོ། སྡོམ་པ་སྲུང་ལ་གཟོམ་པ་སྲུང་། ཐང་ནས་སྡོད་ལ་ཐང་ནས་གཟོད་ཅེས་པའི་གདངས་དང་ཡི་གེ་གཉིས་ཀ་འབྱུང་སྟེ། 《བོད་རྒྱ་ཚིག་མཛོད་ཆེན་མོ》སོགས་སུ།﹙གཟོད་མ﹚ལ་གདོད་མ་ཞེས་དང་། གདོད་ལ་གཟོད་དམ་ད་གཟོད། ⑧ ཅེས་འབྱུང་བ་ལྟ་བུ། ཡང་། བསྡུས་ཞེས་པ་ལ། ཨ་མདོའི་ཡུལ་འགའི་སྐད་དུ།“རུས”སྒྲ་ཐོན་དུས་མཆིས། ཁྲལ་བསྡུས་ལ་ཁྲལ་རུས། མང་ཚོགས་ལ་ཁྲལ་བསྡུས་ཆ་བརྒྱབ་ལ་ཁྲལ་རུས་ཆ་བརྒྱབ། འབྲུ་རིགས་ཉི་མར་བསྐམས་པའི་ཐང་མ་ཕྱིར་ལོག་ལོག་བྱས་པའི་དོན་ལ་ཐང་མ་བསྡུས་ཡིན་ཡང་ཐང་མ་རུས་ཟེར་ཞིང་། ཐང་ཕྱགས་པའི་དོན་ལ་ཐང་བསྡུས་ཡིན་ཡང་ཐང་རུས། གཤིན་པོར་འདུན་བྱེད་པའི་རྟགས་སུ་སྐེ་རགས་མདུན་ངོས་སུ་བསྡུས་པ་ལ་སྐེ་རགས་རུས་ཟེར་བའི་སྒྲ་ཐོན་པ་ལྟ་བུའོ། །

4.ཟླ་ཡིག་ལ་ཟླ་དང་རྫ། སྐབས་འགར་ཀླ་དང་ཟ་བཟའ་བཅས་ཀྱི་གདངས་ཐོན་དུས་མཆིས། དཔེར་ན། ནམ་མཁའི་ཟླ་བ་ལ་རྫའམ་རྫ་བ། ཟླ་ཕོགས་ལ་རྫ་ཕོགས། སྦྲུམ་མར་ཟླ་ཁ་གང་ལ་རྫ་ཁ་གང་། ཁ་ཡ་ན་ཟླ་ལ་ཁ་ཡ་ན་རྫ། ཟླ་ཆུ་ལ་རྫ་ཆུ།(澜沧江)མི་བཟང་པོའམ་ཡ་རབས་ཅན་ལ་མྱི་ཨ་ཟླ་ཞེས་འབྲི་དགོས་ཀྱང་ཨ་རྫ་ཞེས་པའི་སྒྲ་ཐོན་པ།(ཨ་ནི་བཟང་པོའི་དོན་ནམ་གུས་ཚིག་ཏུ་འཇུག་སྟེ། ཨ་ཕ། ཨ་མ། ཨ་ཁུ། ཨ་ཅེ། ཨ་ནུ་སམྦྷོ་ཊ། ཐོན་མི་ཨ་ནུ་ཞེས་འབོད་པ་ལྟ་བུ། ཀན་ལྷོའི་ཐེ་བོ་རྫོང་གིས་མི་ཆེ་ཆུང་ཀུན་པོར་མིང་གི་སྔོན་ལ་ཨ་སྦྱར་ནས་འབོད་སྲོལ་ཡོད་ཟེར) རྗེས་སུའམ་རྗེས་མའི་དོན་ལ་ཟླ་ནས་སམ་རྫ་ནས། རྫ་མར་ཟེར་བ་ལྟ་བུ། དམག་ཁ་ཕྱིར་ཟློག་པ་ལ་དམག་ཁ་ཕྱིར་རྫོག ལྭ་བ་ཕྱིར་ཟློག་པ་ལ་ལྭ་བ་ཕྱིར་རྫོག ཁ་ངོ་ཟློག་མ་ཕོད་ལ་ཁ་ངོ་རྫོག་མ་ཕོད། ཚོང་ཟོང་ཕྱིར་ཟློག་པ་ལ་ཚོང་ཟོང་ཕྱིར་རྫོག རེབ་གོང་ཡུལ་གྱི་དྲུག་པའི་ཀླུ་རོལ་སྐབས་སུ། མིའི་ན་ཚ་དང་ཕྱུགས་ཀྱི་གོད་ཁ་སོགས་བཟློག་ཕྱིར་དུ་ཟློག་པ་འཕེན་པའི་ཆོ་ག་ཞིག་བསྟར་རྒྱུ་ཡོད་ལ། དེའི་སྐབས་ཀྱི་ཟློག་ཤིང་གི་མིང་ལ་རྫོག་ཤིང་ཟེར་བ་ལྟ་བུ། ཀན་ལྷོའི་རྨ་ཆུ་རྫོང་དང་སི་ཁྲོན་གྱི་མཛོད་དགེ་རྫོང་གི་སྐད་དུ། གཏམ་བཤད་པའམ་སྨྲས་པའི་དོན་གྱི་ཟློ་ལ་རྫོ་ཞེས་དང་། ཟློས་ལ་རྫོས་སྒྲ་ཐོན། ཁྱོད་ཀྱིས་དེ་ལྟར་རྫོ་གིན་མ་འདུག་ཟེར་བ་ལྟ་བུ། ཟླ་དང་ཀླ་གཉིས་ཀྱི་སྒྲ་གདངས་གོ་བརྗེ་བའི་ཚུལ་དུ་ཐོན་པ། དོན་ཞིག་བརྗེད་པར་དོགས་ནས་ཡིད་ལ་ཡང་ཡང་བཟློས་པའི་དོན་ལ་བཟླ﹙ཀླི་གིན﹚གིན་བཟླ་གིན་ཟེར། ཁྱོས་བརྗེད་འགྲོར་འདོད་ན་བཟླ་གིན་བཟླ་གིན་སོང(ཀླི་གིན་ཀླི་གིན་སོང)ཟེར་བ་ལྟ་བུ། མཚོ་སྔོན་མགོ་ལོག་གི་པདྨ་རྫོང་དང་དགའ་བདེ་རྫོང་། དར་ལག་རྫོང་བཅས་ཀྱི་སྐད་དུ། ནམ་མཁའི་ཟླ་བའི་མིང་ལ་ཀླ་བ་ཞེས་དང་། ཟླ་བཞི་པ་ལྔ་པ་ཚེས་པ་ལ་ཀླ་བཞི་པ་ལྔ་པ་ཚེས་པ། སྔགས་བཟླས་པ་ལ་སྔགས་ཀླས་པ། ཟློག་པ﹙ག﹚འཕངས་ལ་ཀློག་ག་འཕངས། ཟླ་ཕོགས་ལ་ཀླ་ཕོགས་ཟེར་བ་ལྟ་བུ། ཡང་སི་ཁྲོན་ཁྱུང་མཆུ་རྫོང་གི་སྐད་དུ། ཀླད་པ་ལ་ཟླད་པ་ཞེས་དང་། ཀླད་ཤུན་ལ་ཟླད་ཤུན་ཟེར་ཏེ། སེམས་ཅན་གྱི་ཀླད་པ་ལ་སེམས་ཅན་གྱི་ཟླད་པ་ཟེར་བ་ལྟ་བུ། སྐྱེས་ལོ་གཅིག་ཡིན་ཡང་སྐྱེས་ཟླ་མི་གཅིག་པར་སྔ་གཞུག་གི་ཁྱད་པར་ཡོད་པ་སྟོན་པའི་དུས་སུ། ཨ་མདོའི་ཡུལ་ལ་ལའི་སྐད་དུ། ཟླ་ལ་ཟ་དང་བཟའ་ཡི་གདངས་ཐོན་ཏེ། འུ་གཉིས་ཀའི་ཟ་རྒྱབ་བམ་བཟའ་རྒྱབ་ཀྱིས་ཆེ་བོ་ང་རེད་ཟེར་ཞིང་། ཟླ་རྗེས་མ་ལ་བཟའ་རྗེས་མ་ཟེར་བ། སྐད་ཆ་བཤད་པའམ་སྨྲས་པའི་དོན་གྱི་བཟས་དང་བཟོས་ཞེས་པ་དེ་ཡང་ཟེར་གྱི་སྒྲ་འགྱུར་ནས་བྱུང་བ་མིན་པར། བཟླས་དང་ཟློས་ཀྱི་མིང་གཞི་ཟ་ཡིག་ཁོ་ནར་འཕུལ་རྟེན་དབྱངས་གསུམ་ཞུགས་པ་ཉིད་ལས་སྒྲ་གཟུགས་ཐོན་པ་ཡིན་ཏེ། ཁྱོས་དེ་ལྟར་བཟས་ནས་ཅི་བྱེད། ཁྱོས་དེ་ལྟར་བཟས་དེངས་ཐལ་མོད། དེ་ལྟར་བཟོས་ལ་ཐོངས་ཟེར་བ་ལྟ་བུའོ། །

①བཙུན་ཐར་སྐྱིད།  རྨ་ལྷོ་ཁུལ་ཐུན་རིན་རྫོང་ཆ་ཚང་སློབ་གྲྭ་དང་པོ་ན་ཕྱག་ལས་གནང་བཞིན་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།