ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་སློབ་གསོར་རྟོག་ཞིབ་བྱས་པའི་ཟིན་ཐོ།

ཡོང་ཁུངས། : བོད་ཀྱི་སློབ་གསོ།སྤྱིའི་དེབ་236པ།     སྤེལ་དུས། : 2018-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2016ལོའི་ཟླ9པར། ང་རང་ཨུ་རུ་སུའི་མའོ་སི་ཁའོ་ཁུལ་དང་ཧྲིན་པུས་ཏེ་པའོ་ཁུལ་གྱི་སློབ་གསོར་འཚམས་འདྲིར་སྐྱོད་པའི་གོ་སྐབས་ཐོབ། ལྟ་ཞིབ་བྱེད་པའི་གོ་རིམ་ཁྲོད། རང་ཉིད་ལ་ཨུ་རུ་སུའི་སློབ་གསོ་ནི“ཐམས་ཅད་སློབ་མའི་འཕེལ་རྒྱས་ཀྱི་ཆེད”ཡིན་པའི་དོན་དེ་རྟོགས།
གཅིག བྱིས་པའི་རང་བྱུང་འཕེལ་རྒྱས་ལ་བསྟུན་པ།
        ཨུ་རུ་སུའི་བཅའ་ཁྲིམས་སུ་གཏན་འཁེལ་བྱས་པ་ལྟར་ན། སློབ་གྲྭའི་ཕྱི་རོལ་ནས་གཞུང་དང་སྒེར་གང་གིས་ཀྱང་གསོ་སྐྱོང་སྦྱོང་བརྡར་གྱི་སློབ་ཚན་བཙུགས་མི་ཆོག དེའི་ནང་དུ་གླུ་དབྱངས་དང་ཞབས་བྲོ། རི་མོ། དཀྲོལ་རྡུང་། ཡིག་གཟུགས། ཕྱི་ཡིག ཨའོ་རྩིས་སོགས་འདུས་པ་རྣམས་མཐའ་གཅིག་ཏུ་བཀག་ཡོད་དོ། ། ཡིན་ནའང་བསླབ་ཚན་འདི་དག་སློབ་ཁྲིད་ཚན་པ་ལྟར་སློབ་གྲྭ་ནས་རང་བདག་གིས་བཙུགས་ཆོག་པ་དང་། སློབ་མས་ཀྱང་རང་དབང་གིས་བདམས་ནས་ཞུགས་ཆོག་པ་རེད། དེར་སློབ་རིན་ཅི་ཡང་མི་སྡུད་པ་དང་རྒྱལ་ནང་སྐམ་ས་ཆེན་པོའི་བསླབ་ཚན་བདམས་ཏེ་འཛིན་གྲྭར་ཞུགས་པའི་ལམ་ལུགས་དང་མཚུངས། ཨུ་རུ་སུ་ནས“བྱིས་པ་རྒྱུག་མགོ་རྩོམ་ས་ནས་རྗེས་སུ་ལུས་མི་རུང”བའི་སློབ་གསོའི་འདུ་ཤེས་གཏན་ནས་མེད་ལ། སྔོན་ལ་འཕྲོག་རྒྱུག་དང་རྗེས་སུ་ལུས་ནས་རྒྱུག་པ། གཏན་ནས་མི་རྒྱུག་པའི་གནས་ཚུལ་ཡང་མེད། ཨུ་རུ་སུའི་སློབ་གསོ་ནི་རྒྱུན་སྲོལ་ལྟར་སྒྲུབ་པ་དང་། གོམ་པ་རིམ་བགྲོད། འུར་འུར་ཟིང་ཟིང་མེད་པར་སློབ་མར་མཛུབ་ཁྲིད་བྱས་ཏེ་གོམ་པ་རེ་རེ་བཞིན་མདུན་དུ་སྐྱོད་བཞིན་ཡོད།
        ཀྲུང་གོ་ནས། སློབ་ཆེན་དུ་ཞུགས་པ་ནི་དམག་རྟ་ཁྲི་འབུམ་གདུང་ཟམ་གཅིག་ཏུ་བརྒལ་བ་ལྟ་བུ་ཡིན། མཐོ་རྒྱུགས་ཀྱི་གདུང་ཟམ་འདིར་འཚང་ཆེད། ཁྱིམ་བདག་གིས་ཆུང་དུས་ནས“བྱིས་པ་རྒྱུག་མགོ་རྩོམ་ས་ནས་ཕམ་མི་རུང་བའི”འདུ་ཤེས་ནན་གྱིས་བརྗོད་དེ། བྱིས་པ་ལ་སློབ་སྦྱོང་གི་གནོན་ཤུགས་ལྕི་མོ་ཞིག་བཞག་དང་འཇོག་བཞིན་ཡོད། དེ་ལྟའི་གཞི་རྒྱ་ཆེ་བའི“དམག་དཔུང”ཞིག་གུ་དོག་པའི་གདུང་ཟམ་དུ་འཚངས་ནས་བསྐྱོད་པས་བདེ་བར་བགྲོད་འདོད་ཀྱང་ཧ་ཅང་དཀའ་བ་རེད། དེའི་ཁྲོད་ནས་ད་དུང་ལ་ལས་འཕྲོག་རྒྱུག་བྱེད་པ་དང་། ལྐོག་རྒྱུག་བྱེད་པ། སྒྲིག་འགལ་གྱིས་རྒྱུག་པའི་གནས་ཚུལ་འགོག་ཐབས་མེད་པར་བྱུང་དང་འབྱུང་བཞིན་ཡོད།
ཡིན་ནའང་ཨུ་རུ་སུ་ནས་སློབ་ཆེན་འགྲིམ་ན། དེ་སྔོན་མཐོ་རྒྱུགས་ལ་ཞུགས་མི་དགོས་པ་རེད། མི་སྒེར་གྱིས་རེ་ཞུ་བྱས་པའི་ཁར་དགེ་རྒན་གྱི་མཚམས་སྦྱོར་ཡི་གེ་བསྣན་ན། སློབ་ཆེན་སློབ་སྡུད་ཀྱི་བརྡ་སྦྱོར་ཡི་གེའི་ཚབ་ཏུ་འགྱུར་རོ། ། ད་ལྟ་གཅིག་གྱུར་གྱི་རྒྱུགས་སྤྲོད་བཀོད་སྒྲིག་བྱས་རྗེས། ཨུ་རུ་སུའི་མང་ཚོགས་ཀྱིས་གཏན་ནས་མི་འཐད་པའི་འདོད་ཚུལ་བསྟན་ཏེ། སྲིད་གཞུང་གིས་བྱེད་ཐབས་འདི་འདོར་དགོས་པའི་རེ་ཞུ་ཡང་ཡང་བྱེད་བཞིན་ཡོད།
        ཨུ་རུ་སུ་ནས་སློབ་ཆེན་གྱི་སློབ་སྡུད་བརྡ་སྦྱོར་ཐོབ་རྒྱུ་སླ་ལ། མཐར་ཕྱིན་འཛིན་ཡིག་ཐོབ་རྒྱུ་ཧ་ཅང་དཀའ་བ་རེད། སྤྱིའི་སློབ་གསོ་ལ་ཕྱི་ལྷོད་ནང་དམ་གྱི་རྣམ་པ་ཞིག་ཆགས་ཡོད་དོ། ། སློབ་ཆེན་དུ་དཔེ་ཆ་དངོས་ཀློག་པ་དང་། ཀློག་པ་དེ་དཔེ་ཆ་དངོས་ཡིན་པའི་ལྗོངས་རྣམ་མངོན་ཡོད། དཔེ་ཆ་ཀློག་པ་ནི་མཛེས་ལྗོངས་ཆགས་པའི་ཆེད་དུ་མ་ཡིན་པར། དཔེ་ཀློག་ནི་འདིར་གོམས་སྲོལ་དུ་གྱུར་ཡོད། ཡིན་ནའང་ཀྲུང་གོ་ནས“ཤེས་ཡོན་གྱིས་ལས་དབང་བསྒྱུར་བའི”ཁ་གཡང་སིང་སིང་དུ་བསྒྲགས་པས། སློབ་གསོའི་ཚོང་གཉེར་བྱེད་མཁན་མང་པོ་ཞིག་དགའ་སྤྲོས་མྱོས་ཏེ་སློབ་གསོའི་ཚོང་ར་འཕྲོག་པར་འགྲན་རྩོད་ལ་བྲེལ། དེ་བས་མངལ་གནས་སློབ་གསོ་ནས་མཐའ་མའི་ཐུགས་བརྩེ་བར་གྱི་མི་ཚེའི་གོ་རིམ་དུ། སློབ་གསོ་གསོ་སྐྱོང་གི་སྦྱོང་བརྡར་འདྲ་མིན་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་ལ། སློབ་གསོའི་རྣམ་གྲངས་ནི་རང་འདེམ་ཚོང་རའི་ཚོང་རྫས་ལྟ་བུ་ཁྲ་ཁྲ་རིག་རིག་གི་དངོས་པོ་རི་ལྟར་སྤུངས་ཡོད་པ་རེད།
        ང་ཚོས་ཨུ་རུ་སུ་ནས་ས་གནས་གཉིས་སུ་སློབ་གྲྭ་བཅུ་ལྷག་ལ་རྟོག་ཞིབ་བྱས་པ་ཡིན། སློབ་གྲྭ་དེ་དག་ཐམས་ཅད་ཀྱིས་གཞི་རྒྱ་ཆུང་བ་དང་འཛིན་གྲྭ་ཆུང་བ་ཅན་དུ་སློབ་ཁྲིད་བྱེད་བཞིན་ཡོད་དེ། གཞི་རྩའི་སྟེང་བྱིས་སྙོར་ཁང་དང་སློབ་ཆུང་། དེ་ནས་མཐོ་འབྲིང་བར་དུ་འདི་ལྟ་བུའི་སློབ་ཁྲིད་རྣམ་པ་སྤྱོད་ཀྱིན་ཡོད། ཨུ་རུ་སུའི་སློབ་ཡུན་ནི་སློབ་ཆུང་ལོ་བཞི་དང་། དམའ་འབྲིང་ལོ་ལྔ། མཐོ་འབྲིང་ལོ་གསུམ་ཡིན་ལ། དུས་རིམ་ཚང་མར་སློབ་རིན་མི་བསྡུ་བར་སློབ་གྲྭར་ཞུགས་ཆོག སློབ་གྲྭས་ད་དུང་རིན་མེད་གུང་ཟས་དང་སློབ་ལྭ་མཁོ་འདོན་བྱེད་བཞིན་ཡོད། དེར་སློབ་གྲྭ་དང་སློབ་ཁུལ་འདེམ་པ་ཟེར་བ་ཞིག་མེད། ཁོང་ཚོའི་སློབ་ཁྲིད་དུ་ཞུགས་ན། ངེད་ཅག་གི་རྟོག་པའི་ཁྲོད་ཀྱི་དཔེ་ཀློག་གི་སྒྲ་ལྷང་ལྷང་དེ་མེད་ལ། ཁུ་སིམ་མེར་སློབ་སྦྱོང་བྱེད་ཀྱིན་འདུག སློབ་རིམ་དང་པོར་ཞུགས་མ་ཐག་པའི་སློབ་མ་གསར་པ་ལ་ཡང་སློབ་སྦྱོང་བྱེད་པའི་རང་རྟོགས་ལྡན་པ་རེད། བདག་ལ་ཡིད་ཆེས་ཤིག་ཡོད་པ་ནི། གཏིང་ལ་འབྱིང་ཞིང་དེ་ནུས་ཡོད་ཀྱི་ཤེས་ཡོན་དུ་གྱུར་པ་མང་ཤོས་ནི་རང་གཅིག་པུས་ལྷང་འཇགས་ངང་སློབ་སྦྱོང་བྱས་པའི་འབྲས་བུ་ཁོ་ནའོ། །
གཉིས། མི་གཤིས་ལེགས་སྐྱོང་བྱེད་པའི་སློབ་གསོའི་དམིགས་ཡུལ་དུ་ཕྱིར་ལྡོག་པ།
        སློབ་གསོ་ནི་ཚོང་རྫས་བཞིན་ཉོ་ཚོང་བྱ་མི་རུང་སྟེ། སློབ་གསོ་ལ་མཛེས་སྤྲས་བྱས་ཏེ། མི་མང་ལ་སློབ་གསོའི་ཟློས་གར་ཞིག་འཁྲབ་རྗེས། སློབ་སྟོན་མཁན་རང་ཉིད་ཟོལ་སྦྱོར་བྱས་པ་ཞིག་ཏུ་འདོད་ལ། སློབ་གསོ་མྱོང་མཁན་དག་སྟོང་སེང་ངེ་ཞིག་སྐྱེས། ལྟད་མོ་པས་སྤྱོད་གོ་མེད་པ་ཞིག་ཏུ་མཐོང་། རྒྱུགས་ཤོག་སྟེང་གི་སྐར་མ་མཐོན་པོ་ལེན་པ་དེ་དག་དང་། སྟེགས་ངོས་སུ་སློབ་རིམ་འཕར་ཚད་མཐོ་བ་དེ་དག ཁ་ངོ་རུ་སློབ་ཆེན་མིང་གྲགས་ཅན་ཏུ་རྒྱུགས་འཕྲོད་པ་དེ་དག་གིས། བྱ་བའི་ཁྲོད་དང་འཚོ་བའི་སྟེང་གི་དཀའ་གནད་ཐག་གཅོད་མ་ཐུབ་ན། ཟོལ་མའི་གར་འཁྲབ་པ་ཞིག་ལས་མ་འདས་སོ། ། སློབ་གྲྭ་ནི་མི་རྣམས་ལ་མ་འོངས་བགྲོད་ཡིག་སྟེར་ས་ཡིན། གལ་ཏེ་སློབ་གསོས་མི་གཤིས་ལེགས་སྐྱོང་བྱེད་པའི་ནུས་པ་འདོན་མ་ཐུབ་ཚེ། དཀའ་བ་སྤྱད་ནས་དགའ་དགའ་སྤྲོ་སྤྲོར་བླངས་པའི་བགྲོད་ཡིག་དེ་ལ་དོན་སྙིང་ཅི་ཡང་མེད།
        ཐེངས་འདིར་ཨུ་རུ་སུ་ལ་ལྟ་སྐོར་འཚམས་འདྲིར་སྐྱོད་པའི་ཆེས་གཏིང་ཟབ་པའི་ཚོར་བ་ནི། རྒྱལ་ཁབ་དེའི་སློབ་གསོའི་མ་ལག་ཆ་ཚང་བ་དང་། སློབ་གསོའི་རྨང་གཞི་བརྟན་པ། སློབ་གསོའི་ལག་ལེན་བརྟན་བརླིང་ཡིན་པ་བཅས་རེད། ཀུན་གྱིས་ཀྲུང་གོའི་རྨང་གཞི་སློབ་གསོ་བརྟན་པོ་ཡིན་ཟེར་ལ། ཨུ་རུ་སུའི་གྲོགས་པོ་ཚང་མས་ཀྱང་དེ་བཞིན་ཀྲུང་གོའི་སློབ་གསོའི་གྲུབ་འབྲས་ཁས་ལེན་པ་ནི། དུས་ཡུན་ཐུང་ཐུང་ཞིག་ཏུ་ཡིག་རྨོངས་པ་སེལ་བ་རེད། འདིས་ཨུ་རུ་སུས་ངོ་གདོང་ཙམ་མིན་པར་ཀྲུང་གོའི་སློབ་གསོར་རྒྱུས་ལོན་ཡོད་པ་དེ་མཚོན། ཨུ་རུ་སུའི་ཨང258པའི་སློབ་གྲྭའི་རྒྱ་ཡིག་སློབ་ཁྲིད་ཀྱི་སློབ་ཁང་ནག་པང་གི་འགྲམ་གཉིས་སུ“ཐོས་ནས་མ་བསམ་ན་མགོ་ཐོམ་ལ། བསམས་ནས་མ་སྦྱངས་ན་རིག་པ་ཟད་པར་འགྱུར་རོ། །”ཞེས་པའི་གནའ་རྩོམ་བསླབ་བྱ་ཞིག་བྲིས་ཡོད། སློབ་གཙོས2005ལོ་ནས་རྒྱ་ཡིག་གི་སློབ་ཁྲིད་མགོ་བརྩམས་པ་ཡིན་ཞིང་། ད་དུང་ཐེངས་གང་མང་ལ་རྒྱལ་སྤྱིའི་རྒྱ་སྐད་འགྲན་བསྡུར་སྟེང་ཞུགས་པ་དང་། རྒྱ་སྐད་ཀྱི་ཞིབ་འཇུག་ནི་ཨང258པའི་སློབ་གྲྭ་འདིའི་ཁྱད་ཆོས་ཤིག་ཡིན་ལ། སློབ་གསོས་ཕྱི་ཚུལ་ངོ་གདོང་ཙམ་གྱི་དོན་དག་སྒྲུབ་མི་རུང་པར་མ་འོངས་ལ་དམིགས་ན་ད་གཟོད་རེ་བ་ཡོད་ཅེས་ཟེར།
        མིག་སྔར། ཨུ་རུ་སུའི་རིག་གཞུང་ཞིབ་འཇུག་པའི་སྡེ་ནས་རྒྱལ་ནང་གི་དོར་ཟིན་པར་གོང་བཀུར་གཙིགས་སུ་འཛིན་ཏེ། དཔེར་ན། རྒྱལ་ཁབ་ཀྱི་གནའ་བོའི་རིག་གནས། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས། མི་རིགས་ཀྱི་བླ་སྲོག་ནོར་བུའི་ལས་གཞི་ལྟ་བུ་སོགས་སོ། ། རྒྱལ་ནང་གི་མིར་རྒྱུས་མངའ་ཆེ་བའི་སུའུ་ལེན་སློབ་གསོའི་སློབ་དཔོན་ཆེན་མོ་རྣམས་ཀྱི་རིག་གཞུང་ལ་དེ་ལས་ལྡོག་སྟེ་སྣང་མེད་དུ་བསྐྱུར་ཡོད། ཨུ་རུ་སུའི་སློབ་གསོའི་རིགས་མཐུན་ལས་གྲོགས་ཚང་མས་དུས་རྣམ་ཀུན་ཏུ་རྒྱལ་ནང་གི་སློབ་གསོ་ལ་མིག་མདུན་དོན་གཉེར་གྱི་གནས་མང་པོ་ཡོད་པར་བརྗོད་ཀྱང་། བདག་དང་འདྲ་བའི་སློབ་གསོ་འཚམས་འདྲི་པ་ཡང་ནང་དུ་འདུས་པའི་ཉན་མཁན་ཧ་ཅང་ཉུང་ཞེས་ཡིད་ཕངས་འདུག རོ་མ་ལ་བགྲོད་ལམ་གཅིག་ལས་མེད་པ་མ་ཡིན་པར། ལམ་འགྲོ་པ་དག་འདྲེན་ཁྲིད་དང་དགར་ཁྲིད་བྱས་རྗེས། ཚ་ཚ་འུར་འུར་གྱི་སློབ་གསོའི་ངང་ཚུལ་དང་འུར་ཟིང་གིས་རྒྱང་རིང་དུ་བསྐྱོད་པའི་རུ་ཁག་དེ་ད་གཟོད་ལྷིང་འཇགས་སུ་འགྱུར་ངེས་སོ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།