ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་པོའི་མཐའ་འཁོར་གྱི་བོན་སྔགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྟོང་སྐོར་ཚེ་རིང་ཐར་གྱིས་བརྩམས་ཤིང་རྒྱ་ཕྱུག་བསོད་ནམས་ཚེ་བརྟན་གྱིས་བསྒྱུར།

(དཔྱད་རྩོམ་འདིའི་དབྱིན་ཡིག་གི་མ་རྩོམ་ནི་ཁེམ་སྦི་རེ་ལྗི་གཙུག་ལག་སློབ་གྲྭ་ཆེན་མོ་དང་ཡེའོ་གཙུག་ལག་སློབ་གྲྭ་ཆེན་མོ་གཉིས་ཀྱིས་མཉམ་སྒྲུབ་བྱས་པའི་བོད་རིག་པ་ཞིབ་འཇུག(Revued’EudesTibetaines)ཅེས་པའི་དྲ་བའི་ལོ་ཕྱེད་དེབ་ཏུ་འཁོད་ཅིང་http://himalaya.socanth.cam.ac.uk/collections/journals/ret/pdf/re_15_14.pdf སྤྱི་ལོ༡༩༩༨ལོའི་ཟླ་བདུན་པའི་ཚེས་ཉེར་ལྔ་ནས་སོ་གཅིག་བར་ཨ་རིའི་ཨིན་ཊཱི་ཡ་མངའ་སྡེའི་སློབ་ཆེན་དུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བརྒྱད་པའི་སྟེང་ཐོག་མར་སྒྲོག་སྦྱངས་བྱས།)

མཚོ་སྔོན་ནི་བོན་བསྟན་དར་རྒྱས་ཤིན་ཏུ་ཆེ་བའི་ས་ཁུལ་ཞིག་སྟེ། རེབ་གོང་གི་ས་ཁུལ་ཁ་ཤས་ནི་བོན་བསྟན་གྱི་ལྟེ་གནས་གཙོ་བོ་ཡིན་ལ། དེ་མིན་ཁྲི་ཀའི་སྟོང་ཆེ་དང་སེར་བརྒྱ། འབའ་རྫོང་གི་སེ་བཟའ། མུ་གེ་ཐང་གི་འབྲོག་རུ། བ་ཡན་གྱི་ཤར་སྟེང་དང་དོ་ཤེས། རྡོ་སྦིས་ཀྱི་བོན་ཚང་མ། ཆབ་ཆའི་དུང་དཀར། ཆབ་ཆ་ནུབ་ཁུལ་གྱི་ཆོས་རྗེའི་སྟོང་སྐོར་དང་མཚོ་སྔོན་པོའི་བྱང་ཁུལ་གྱི་བོན་བརྒྱ་བཅས་ཡོད། ཨ་མདོའི་ས་ཁུལ་གང་སར་གནའ་རབས་བོན་གྱི་རྗེས་ཤུལ་མང་པོ་ཡོད་པར་མ་ཟད། ཐ་ན་ཐུབ་པའི་བསྟན་པ་ཤུགས་ཆེར་དར་བའི་ས་ཁུལ་དུའང་ཡོད་ལ། དུས་རབས་བཅུ་བའི་སྐབས་ཀྱི་བསྟན་པ་ཕྱི་དར་གྱི་ལོ་རྒྱུས་ནང་ཡང་ཐིམ་ནས་ཡོད།

ང་ཚོས་བོད་ཀྱི་ཆོས་བྱེད་མི་སྣར་རྒྱུས་ལོན་བྱེད་དུས་ཏག་ཏག་རྒྱུན་དུ་དགོན་པའི་གྲྭ་བར་མ་གཏོགས་བསམ་བློ་འཁོར་བཞིན་མེད་མོད། ཨ་མདོའི་མཚོ་སྔོན་ས་ཁུལ་དུ་ཆོས་བྱེད་མི་སྣ་རིགས་གཞན་ཞིག་བདོག་པ་ནི་བོན་སྔགས་ཀྱི་ཚོགས་པ་ཡིན། དེར་སྲོལ་རྒྱུན་གྱི་འབོད་སྟངས་ལྟར་ན་མི་སྒེར་ལ་དཔོན་དང་ཚོགས་པར་བོན་མང་ཞེས་འབོད་བཞིན་ཡོད། དུས་རྒྱུན་གྱི་འཚོ་བའི་ནང་ཁོ་ཚོ་ཁྱིམ་པ་ཡིན་མོད། དེ་དང་ཆབས་ཅིག་གསས་ཁང་གི་སྔགས་པའང་ཡིན་ལ། ཁྱིམ་ཚང་ཡོད་པར་མ་ཟད་ཞིང་འབྲོག་ས་ཁུལ་གྱི་རྒྱུན་ལྡན་གྱི་ལས་ཀའང་ལས་བཞིན་ཡོད། དུས་ཆེན་ཁྱད་པར་བར་ཁོ་ཚོ་གསས་ཁང་དུ་འཛོམས་ནས་ཆོས་ལུགས་བྱེད་སྒོ་སྤེལ་བཞིན་ཡོད་པ་ལས་གཞན། བོན་པོའི་ཁྱིམ་ཚང་དུ་སོང་ནས་སྲུང་བ་བཙུགས་ཏེ་གདོན་བགེགས་བསྐྲོད་པའི་ཆོ་ག་སྤེལ་བ་དང་། ཁྱད་པར་དུ་ཉམ་ཐག་ཅིང་ཤུགས་ཟད་པའི་ནད་པའི་གམ་ལའང་འགྲོ་བཞིན་ཡོད། ཁོ་ཚོའི་ཆོས་ལུགས་ཆོ་ག་སྤེལ་སར་གསས་ཁང་དུ་འབོད་ཅིང་། དེར་ཆ་ཚང་བའི་གསང་སྔགས་ཆོ་གའི་ཆོས་ཐོག་གི་ལམ་ལུགས་ཤིག་ཡོད།

 བོན་གྱི་ཅུང་སྔ་བའི་ལོ་རྒྱུས་ཡིག་ཚགས་སུ་ད་ལྟའི་མཚོ་སྔོན་ས་ཁུལ་འདིར་ལོ་རྒྱུས་ཁྲོད་ཀྱི་བོན་མང་གི་ཆོས་ཐོག་ཞིབ་འབྲི་བྱས་ཡོད་པའི་ཡིག་ཆ་ཞིག་རྙེད་ཐབས་བྲལ་མོད། བོན་སྔགས་མི་སྒེར་གྱི་མཛད་པ་དག་ལོ་རྒྱུས་སུ་འཁོད་ཡོད་པར་མ་ཟད་ད་ལྟའང་རྒྱུན་མཐུད་ནས་ཡོད། ཁོ་ཚོས་ཡི་དམ་ཆོས་ཐོག་ཅེས་རང་ཉིད་ཐར་བའི་ཆེད་དང་གཞན་མི་དམངས་ཀྱི་དམིགས་འདུན་འགྲུབ་པར་སྤེལ་བའི་ཆོ་ག་བཅས་རིགས་གཉིས་སྤེལ་བཞིན་ཡོད། བོན་གྱི་བསྟན་པ་ཕྱི་དར་གྱི་སྐབས་སམ། ཁྱད་པར་དུ་གཤེན་ཆེན་ཀླུ་དགའི༼༩༩༦–༡༠༣༥༽དུས་སྐབས་སུ། གདུལ་བྱ་མང་པོ་ཁོང་གི་གམ་དུ་འདུས་ཤིང་ཁོང་དང་མཉམ་དུ་བོན་གྱི་ཟབ་དོན་གསང་སྔགས་ལ་སློབ་སྦྱོང་དང་ཉམས་ལེན་བྱས་པས་དེར་ཚོགས་པའི་བྱེད་སྒོ་ངེས་པར་ཡོད་སྲིད། ཚོགས་པའི་ངོས་ནས་ཐོས་བསམ་བྱེད་ཐབས་འདི་ནི་དུས་རབས་མང་པོར་བོན་གྱི་གཞུང་ལུགས་བརྒྱུད་སྤྲོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་སྲིད་མོད། འདི་དང་མཚོ་སྔོན་ས་ཁུལ་གྱི་བོན་མང་གི་ཆོས་ཐོག་གཉིས་དབར་གྱི་འབྲེལ་བར་ད་དུང་ཡང་གསལ་ཁ་དོད་པའི་ལོ་རྒྱུས་ཡིག་ཚགས་ཤིག་མ་རེག་པས་ཁ་ཚོན་གཅོད་ཐབས་བྲལ། བོན་གྱི་ལོ་རྒྱུས་ཡིག་ཚགས་མང་པོར་བོན་གྱི་གྲགས་པ་འབར་བའི་མཁས་ཆེན་དག་བཀོད་ཡོད་པ་དཔེར་ན་གཤེན་ཆེན་ཀླུ་དགའི་སློབ་མའི་གཙོ་བོ་ཞུ་ཡས་ལེགས་པོ་ལྟ་བུ་སྟེ། ཁོང་ནི་སྔགས་པ་ཞིག་ཡིན་ལ་བོན་གྱི་ལོ་རྒྱུས་ཡིག་ཚགས་སུ་དབང་ལྡན་ཕུར་ཐོགས་འཛིན་པ[1]ཞེས་འབོད་བཞིན་ཡོད་ཅིང་། བོན་གྱི་མཁས་པ་ཆེན་པོའི་བཞིའི[2]གྲས་ཀྱང་ཡིན། བོན་གྱི་སློབ་དཔོན་དང་མཁས་པ་མང་ཆེ་བས་ཤེས་རབ་རྒྱལ་མཚན༼༡༣༥༦–༡༤༡༥༽གྱི་བར་དུ་མི་དམངས་ལ་མཛུབ་སྟོན་བྱས་ཤིང་། ཕྱི་རབས་པ་དག་གིས་རྒྱུད་འཛིན་བྱས་པ་ཇི་འདྲའི་གསོན་ཤུགས་དོད་ནའང་། དེའི་རྗེས་སུ་ད་གཟོད་གཡུང་དྲུང་བོན་གྱི་དགོན་སྡེའི་འཆད་ཉན་དང་གྲྭ་བ་མང་དུ་འཕེལ་ནས་གསང་སྔགས་ཉམས་ལེན་པ་དང་ཁོ་ཚོའི་ལྷད་མེད་པའི་གསང་སྔགས་གཞུང་ལུགས་སྤེལ་བའི་ཚབ་བྱས་པ་རེད། གང་ལྟར། ལོ་རྒྱུས་ཡིག་ཚགས་སུ་སྙན་གྲགས་ཆེ་བའི་མཁས་པ་ ཉུང་ཤས་ལས་གསང་སྔགས་ཉམས་ལེན་པ་དེ་དག་གི་སྐོར་བཀོད་པ་ཤིན་ཏུ་ཉུང་ནའང་། ཁོ་ཚོ་ད་ལྟའི་བར་གྱི་དུས་རབས་མང་པོར་གསོན་ཤུགས་འབར་ནས་ཡོད་པ་རེད། དཔེར་ན། ང་ཚོས་མཚོ་སྔོན་ས་ཁུལ་གྱི་དཔོན་དང་རྒྱལ་རོང་དགེ་བཤེས་ཁོག་གི་དཔལ[3]། ཁྲོ་སྐྱབས་ས་ཁུལ་གྱི་གཤེན་པོ[4]བཅས་གླེང་དུས། དང་པོ་ནི་དཔྱད་རྩོམ་འདིའི་བརྗོད་གཞི་གཙོ་བོ་དང་། གཉིས་པ་རྒྱལ་རོང་དགེ་བཤེས་ཁོག་གི་གསང་སྔགས་ཉམས་ལེན་པ་དེ་དག་ལ་ས་ཁུལ་དེར་དཔལ་ལམ་ཨ་ཁུ་དཔལ་ཞེས་འབོད་ཅིང་། དེ་དག་གི་གྱོན་ཆས་ལ་དཔལ་ཆས་དང་དར་ཆར་དཔལ་དར་ཏུ་འབོད། སྡེ་བ་གཙོ་ཤས་ཚང་མར་དཔལ་འགའ་ཞིག་དུས་རྒྱུན་གྲོང་ཆོག་པ་ཡིན་ཞིང་། དཔལ་རེ་རེ་ཁྱིམ་ཚང་འགའ་ཞིག་གི་དུས་གཏན་གྱི་མགྲོན་པོའང་ཡིན། ཁྱིམ་ཚང་དེ་དག་གིས་ཁོ་ཚོའི་དཔལ་ལ་རང་གི་ནུས་ཚོད་ཀྱིས་གསོལ་ཚིགས་འདྲེན་ལ། ཁྱད་པར་ཏུ་ལོ་སར་ལྟ་བུའི་སྲོལ་རྒྱུན་གྱི་དུས་ཆེན་ལ་དེ་ལྟར་བྱེད། ཡོན་བདག་ཅིག་ལ་དོན་དག་བྱུང་ཚེ་དེར་འབུལ་བ་གང་ཡང་མེད་ཀྱང་ཕེབས་ནས་སྟག་ལ་དང་དབལ་གསས། གེ་ཁོད། ཡང་ན་རྣམ་འཇོམས་སོགས་ཀྱི་ཆོ་ག་བསྒྲུབ་དགོས་ཀྱི་ཡོད། ཆོ་ག་དེ་དག་ལས་འགའ་ཞིག་གཏན་འཁེལ་དང་འགའ་ཞིག་མཚམས་རེར་མ་གཏོགས་སྤེལ་བཞིན་མེད། དཔལ་གྱི་ཁྱིམ་རྒྱུད་ལ་དཔལ་བརྒྱུད་དུ་འབོད་མོད། དཔལ་གྱི་ཁྱིམ་རྒྱུད་ཁོངས་མི་ཚང་མས་སྲོལ་རྒྱུན་རྒྱུན་འཛིན་དང་དཔལ་དུ་འགྱུར་ཐུབ་པ་ཞིག་མིན། བོན་གྱི་འདུས་སྡེའི་ཁྲོད་དཔལ་དང་ཁོང་གི་ཁྱིམ་མི་དག་བརྩི་བཀུར་ལ་མྱོས་པོ་ཡོད། སྡེ་བའི་ནང་རབ་བྱུང་བ་འགའ་ཞིག་གིས་དཔལ་དང་འགྲིག་མཐུན་བྱེད་ནའང་། དཔལ་དང་རབ་བྱུང་བར་འཛིན་པའི་བརྩི་བཀུར་དེ་ཧ་ཅང་གསལ་ཁ་དོད་ཅིང་ཁྱད་པར་ཆེ་སྟེ། དཔལ་ནི་ཚེ་འདིའི་ཆག་སྒོ་དང་ནད་ཡམས་སོགས་བར་ཆད་བཟློག་པར་ཆོ་ག་སྤེལ་མཁན་དང་། རབ་བྱུང་བ་ནི་འདས་མཆོད་དང་དབང་བསྐུར་སོགས་ཚེ་ཕྱི་མའི་ཆེད་དུ་ཆོ་ག་སྤེལ་མཁན་འབའ་ཞིག་ཡིན། གསུམ་པ་རྒྱལ་རོང་ཁྲོ་སྐྱབས་ཀྱི་གཤེན་པོ་དེའི་གནས་ཚུལ་གཞན་དང་མི་འདྲ་བཪ། ཁྲོ་སྐྱབས་རྒྱལ་བོས་གཤེན་པོ་དགུ་ལ་བཀའ་བསྒོས་ནས་རྒྱལ་བོའི་ཁྱིམ་རྒྱུད་ལ་ཆོ་ག་སྤེལ་དུ་འཇུག་བཞིན་ཡོད་ལ་ཁྱིམ་ཚང་དཀྱུས་མར་དེ་བཞིན་ཡིན། ཁྱད་པར་ཏུ་ཁྱིམ་ཚང་དཀྱུས་མ་ཞིག་ལ་གཤེན་པོ་མང་པོས་རིམ་གྲོ་བསྒྲུབ་དགོས་ཚེ་དེ་བཞིན་ཕེབས་ཀྱི་ཡོད་ལ། དེར་ཉུང་མཐའ་ཡང་སྔགས་པའི་ཁྲོད་ཀྱི་གཤེན་པོ་གཅིག་གིས་ཆོ་གར་དབུ་འཁྲིད་དགོས། ད་དུང་ཁྲོ་སྐྱབས་རྒྱལ་བོས་མོ་བའང་གདན་འདྲེན་བཞིན་ཡོད་དེ། སྡེ་བ་གཞུང་གི་མོ་བས་རྒྱལ་བོའི་ཁྱིམ་རྒྱུད་དང་ཁྱིམ་ཚང་དཀྱུས་མ་གཉིས་ཀར་ལུང་བསྟན་དབབ་དགོས་པ་དང་། ཁོ་ཚོའི་སྤྱི་ཚོགས་ཁྲོད་གཤེན་པོ་དང་མོ་བ་གཉི་ཀར་ཐོབ་ཐང་ངེས་ཅན་ཞིག་ཡོད་པའི་སྲོལ་རྒྱུན་འདི་སྔར་བཞིན་གནས་པ་ཡིན། སུས་ཀྱང་མི་ཞིག་གཤེན་པོ་དང་མོ་བར་འགྱུར་དགོས་ཀྱི་བཀའ་མི་དབབ་མོད། ཕལ་ཆེར་ཁོ་ཚོའི་གདུང་རྒྱུད་ཀྱིས་སྲོལ་རྒྱུན་རྒྱུན་འཛིན་བྱེད་བཞིན་ཡོད། གང་ལྟར། བོད་ཀྱི་ས་ཁུལ་གང་སར་བོན་སྔགས་མང་པོ་འཚོ་གནས་དང་རྒྱུན་མུར་གསོན་ཤུགས་དོད་ཀྱང་། ངས་ཏག་ཏག་མཚོ་སྔོན་ལས་ལྷག་པའི་གཞི་རྒྱ་ཆེ་བའི་བོན་སྔགས་ཚོགས་པའི་ཆོས་ཐོག་གི་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་རྙེད་མ་བྱུང་།

གསས་ཁང་།

བོན་གྱི་ལོ་རྒྱུས་ཁྲོད་བོན་པོའི་ཆོ་ག་སྤེལ་ས་རིགས་གསུམ་ཡོད་དེ། འདུས་གནས་དང་གསས་མཁར། གསས་ཁང་བཅས་རེད། བོད་ཀྱི་ལོ་རྒྱུས་ཡིག་ཚང་གཞིར་བཟུང་ན་རྒྱལ་བོ་མུ་ཁྲི་བཙན་པོས་ཞང་ཞུང་ནས་བོན་པོ་བརྒྱ་དང་བརྒྱད་བོད་དུ་གདན་དྲངས་ནས་བོན་བསྟན་སྤེལ་ཡོད་ཅིང་། ཁོ་ཚོས་བོད་དུ་ཆོས་ལུགས་བྱེད་སྒོ་སྤེལ་སའི་འདུས་གནས་སོ་བདུན་བསྐྲུན་འདུག ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་འདུ་གནས་དང་དེའི་དཀར་ཆག་རྒྱས་པ། ད་དུང་མཁས་པ་སུ་སུས་ལྟེ་གནས་དེ་དག་ལ་བདག་དོམ་བྱས་པའི[5]ཡིག་ཚགས་གལ་ཆེན་ཞིག་བཀའ་རྩོམ་མཛད་འདུག ཡར་སྔོན་བོད་ཀྱི་རྒྱལ་བོ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་བོ་ཕལ་ཆེ་བར་སྐུ་གཤེན་རེ་དང་རིམ་གྲོ་བསྒྲུབ་སའི་འདུ་གནས་རེ་ཡོད་དེ། ཡོངས་རྩེའི་མཆན་འགྲེལ་དང་ཡིག་རྙིང་རེ་འགར་གསས་མཁར་ལྟེ་གནས[6]ཞེས་འབོད་མོད། ཕྱིས་ཀྱི་ཡིག་ཆ[7]ལེགས་བཤད་མཛོད་ལྟ་བུར་གསས་ཁང[8]ཞེས་བཀོད་ཡོད་པ་དང་། ཡིག་ཆ་འདི་དག་བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེའི་རྗེས་སུ་འབྲང་པ་མངོན་གསལ་རེད། ང་ཚོས་ལྟེ་གནས་དེ་དག་ཇི་ལྟར་བཞེངས་པར་ཤེས་ཐབས་བྲལ་ཡང་། ཕལ་ཆེར་བོད་སྐད་ཁྲོད་ཀྱི༼མཁར༽དང༼ཁང༽། ཞང་སྐད་ཁྲོད་ཀྱི་ལྷའི་སྐད་དོད༼གསས༽སོགས་ལ་དཔག་ནས་བཟོ་སྐྲུན་རྣམ་པར་དབྱེ་ཞིབ་བྱས་ཆོག་སྙམ། གསས་མཁར་དང་གསས་ཁང་གཉིས་བོད་ཀྱི་རིག་གནས་འཚོ་བའི་ཁྲོད་ད་ལྟའང་སྔར་བཞིན་གནས་ནའང་། ཡིག་ཚང་དག་གིས་དེ་གཉིས་གླེང་དུས་དུས་རྒྱུན་དེ་དག་ཤན་འབྱེད་བྱེད་པར་དཀའ་ཁག་ཕྲད་ཡོང་། བཙན་པོའི་དུས་སྐབས་སུ་གསས་མཁར་དང་གསས་ཁང་གཉིས་ལ་ཁྱད་པར་ཆེན་པོ་མེད་པ་འདྲ་ཡང་། ད་ལྟའི་བོད་ཀྱི་རིག་གནས་འཚོ་བའི་ཁྲོད་དེ་གཉིས་ལ་ཡེ་ནས་མི་འདྲ་བའི་མཚོན་དོན་གཉིས་ཆགས་ཡོད་དེ། རྣམ་ཀུན་གསས་མཁར་ནི་ས་རྡོས་བརྩིགས་པའི་ཤིང་གི་བང་མཛོད་ཅིག་གམ་ཁང་ཆུང་ཞིག་ཡིན་ལ། དེའི་རྩེར་ཁ་དོག་མི་འདྲ་བའི་རྨུ་ཐག་དང་རླུང་རྟས་བརྒྱན་པའི་ཤྭ་ར་དང་ཤིང་གྲི། ཤིང་མདུང་། ཡང་ན་བཀྲ་ཤིས་པའི་ཤིང་སྡོང་ཤུག་པ་ལྟ་བུའི་ཡལ་ག་སོགས་བཙུགས་ཡོད། གསས་མཁར་གྱི་ནང་དུ་ཐ་དད་ཅིང་རྣམ་པ་མི་འདྲ་བའི་བུམ་གཏེར་ཡོད་པས་སྤོ་སེའི་སྒམ་ནང་ཞིག་དང་འདྲ། གསས་མཁར་ཆེ་ཤས་ཀྱི་ནང་དུ་ལྷའི་བཞུགས་ཁྲི་དང་ལྷ་ཡི་རྟེན་མཁར། ཕོ་ལྷ་དང་དགྲ་ལྷའི་རྟེན་མཁར་སོགས་རིགས་མི་འདྲ་བ་ཡོད། གསས་མཁར་གྱི་རིགས་ཤིག་གླེང་འོང་དུས་དེ་ཏག་ཏག་ཁམས་ཕྱོགས་སུ་མཐོང་རྒྱུ་ཡོད་དེ། རྒྱལ་རོང་དུ་རིགས་འདྲ་བའི་གསས་མཁར་ཞིག་ཡོད་པ་དབུས་སུ་བསང་ཁང་ཆུང་ངུ་ཞིག་དང་རྩེའི་ཁང་བར་ཤིང་གི་བང་མཛོད་ཆུང་ངུ་བཞི་བཅས་ཀྱིས་གྲུབ་ཡོད། རྒྱལ་རོང་དུ་རྟེན་མཁར་རྩེ་རུ་བོན་སྔགས་དཔལ་གྱིས་ཆོ་ག་སྤེལ་ཆོག་པ་མ་གཏོགས་གཞན་སུས་ཀྱང་མི་རུང་། དེ་ལས་གཞན་མི་ཚོས་ལབ་ཙེ་བརྩིགས་དུས་གསས་ཁང་ཞིག་བསྐྲུན་ནས་དེར་ལྷ་འགུགས་པའི་ཆོ་ག་འདི་ནི་བོད་ཀྱི་ས་ཁུལ་གང་སར་མཐོང་དུ་ཡོད་པ་ཞིག་ཡིན། མདོར་བསྡུས་ན་གསས་མཁར་ཡོད་པར་མ་ཟད་ད་ལྟ་རྣམ་པ་མི་འདྲ་བ་མང་པོ་བདོག་ཀྱང་།དེ་ནི་སྔར་བཞིན་གཞི་བདག་རིགས་འགའ་དང་དེ་དག་ལ་མཆོད་འབུལ་ཏུ་བརྩིགས་པ་འབའ་ཞིག་རེད།་སྔོན་ཆད་དང་ད་ལྟའི་གསས་མཁར་གྱི་ཁྱད་པར་གཅིག་ནི་ཕྱི་མ་ཁྱིམ་ཚང་ནང་དང་རི་མགོའི་ལབ་ཙེའི་ནང་དུ་ཡོད། སྔོན་ཆད་དེ་ནི་མི་ཚོས་མཆོད་འབུལ་བྱེད་ས་ཡིན་པས་སྤྱི་བའི་འདུས་ཁུལ་དུ་དགོས་མོད། རིམ་གྱིས་གསས་མཁར་དང་གསས་ཁང་གི་རྣམ་པ་དང་ནང་དོན་ལ་འགྱུར་བ་ཕྱིན། ཁྱད་པར་ཏུ་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་ཁྱབ་སྤེལ་དང་བོན་གྱི་དགོན་སྡེ་བྱུང་བ་ནས། གསས་ཁང་དག་སྔོན་ཆད་དང་བསྡུར་ན་སྤྱིར་བཏང་དུ་གྱུར་སྟེ། ཁྱིམ་ཚང་འགའ་ཞིག་གམ་ལབ་ཙེར་ལྷག་པ་རེད། གསས་ཁང་དག་བལྟས་ཚོད་ཀྱིས་བོན་སྔགས་ཚོའི་ཆོས་ལུགས་ལྟེ་གནས་ཤིག་ཡིན་ཡང་། དེ་དག་ཀྱང་གྲངས་ཀའི་སྟེང་སྔོན་ལས་ཉུང་དུ་སོང་བ་ཆེས་ཆར་གསལ། འདུ་གནས་ནི་དེ་ན་ཡོད་པའམ་ཡང་ན་ལྟེ་གནས་རིགས་གཞན་གང་ཡང་མིན་པ་གསལ་སྟོན་མི་བྱེད་པའི་ཆོས་ལུགས་ཆོ་ག་སྤེལ་ས་འབའ་ཞིག་ཡིན། གསས་མཁར་དང་གསས་ཁང་གཉིས་ནི་ཕལ་ཆེར་མི་ཚོས་ཆོས་ལུགས་ཆོ་ག་སྤེལ་སའི་ལྟེ་གནས་རིགས་ཤིག་ཡིན་པ་མངོན་གསལ་དོད་པས། སྔོན་ཆད་མ་མཐར་ཡང་ཐ་སྙད་རང་ངོས་ནས་དེ་གཉིས་དབར་ཁྱད་པར་ཆེན་པོ་མེད་དེ། ཐ་ན་ལོ་རྒྱུས་ཡིག་ཚང་འགའ་ཞིག་གི་ནང་ཡང་རྒྱུན་དུ་རྙོག་དྲ་འབྱུང་བཞིན་ཡོད། གོང་གསལ་གྱི་གསས་མཁར་དང་གསས་ཁང་གཉིས་དང་འབྲེལ་བའི་ཡིག་ཚང་དག་ཏུ་བཀོད་པ་དབུས་གཙང་དང་འབྲེལ་བ་འབའ་ཞིག་ཡིན་ཡང་། བྲག་དགོན་པའི་ཆོས་འབྱུང[9]ལས་ང་ཚོས་ཁ་ཚོན་གཅོད་ཐུབ་པ་ནི་མཚོ་སྔོན་ས་ཁུལ་དང་འདྲ་བར་ཨ་མདོའི་ས་ཁུལ་གཞན་དག་ཏུའང་ལྟེ་གནས་འདིའི་རིགས་བཞེངས་བསྐྲུན་བྱས་ཡོད་པ་རྟོགས་ཐུབ་ལ། ཕལ་ཆེ་བ་ཞིག་སྔོན་ཆད་ཐུབ་བསྟན་གྱི་རྗེས་འཇུག་པའམ་ཡང་ན་དད་མོས་འགྱུར་བའི་བོན་པོ་དག་གིས་གཏོར་བརླག་བཟོས་པ་རེད། སྤྱི་ལོ༡༩༩༦ལོར་ངས་ཉི་ཧོང་གི་བོན་གྱི་དགོན་སྡེར་ཞིབ་འཇུག་བྱེད་པའི་ལས་གཞི་ཞིག་དང་བསྟུན་ནས། མཚོ་སྔོན་གྱི་བོན་པོའི་དགོན་སྡེ་དང་གསས་ཁང་ཚང་མར་ཞིབ་མཇལ་ཐེངས་ཤིག་བྱས་པ་ཡིན། དེ་ལས་བ་ཡན་དང་གཅན་ཚ། ཁྲི་ཀ། ཆབ་ཆ། མགོ་མང་། རྩེ་ཁོག་བཅས་ཀྱི་གསས་ཁང་ཕུད། གཞན་གསས་ཁང་བཅོ་ལྔ་ཡོད་པ་ཕལ་ཆེ་བ་རེབ་གོང་གི་ས་ཁོངས་སུ་ཡོད་ཅིང་། དེ་དག་ཕལ་ཆེ་བ་གསས་ཁང་རྙིང་བའི་ལྷག་མ་དང་ད་དུང་ཡང་ཆོས་ལུགས་བྱེད་སྒོ་སྤེལ་སའི་ལྟེ་གནས་འབའ་ཞིག་རེད། ཁུངས་བཙུན་པའི་བོན་གྱི་ཡིག་ཆ་འགར་བཙན་པོ་དག་གིས་གསས་ཁང་བཞེངས་དུས་བོན་ལུགས་ལ་གྲྭ་བ་མེད་པ་མངོན་གསལ་རེད་དེ། བོན་གྱི་དགོན་སྡེ་བྱུང་བའི་དུས་ཚོད་ནི་ཧ་ཅང་འཕྱི། གསས་ཁང་དང་དགོན་པའི་ཁྱད་པར་ནི་སྔ་མ་སྔགས་པ་དང་ཕྱི་མ་གྲྭ་བས་གཙོ་སྐྱོང་བྱེད་བཞིན་ཡོད་པ་སྟེ། དགོན་པར་མདོ་དང་སྔགས། རྫོགས་ཆེན་བཅས་ལ་སློབ་གཉེར་བྱེད་བཞིན་ཡོད་པ་དང་། གསས་ཁང་དུ་སྔགས་དང་རྫོགས་ཆེན་གཉིས་ཁོ་ན་མ་གཏོགས་སློབ་གཉེར་བྱེད་བཞིན་མེད། བོད་ཀྱི་ལོ་རྒྱུས་ཁྲོད་དགོན་སྡེ་དང་དེའི་ལམ་ལུགས་བྱུང་འཕྱི་བ་དང་བསྟུན་ནས། གསས་ཁང་དང་དེའི་ཆོས་ལུགས་ནུས་པས་བཙན་པོའི་དུས་སྐབས་ཀྱི་སྲོལ་རྒྱུན་སྲུང་འཛིན་བྱས་ཡོད་པ་དང་འདྲ་ལ། ཆོས་ལུགས་ཀྱི་རྣམ་པ་མི་འདྲ་བ་གཉིས་ཀྱིས་གནའ་ནས་ད་ལྟའི་བར་དུ་བོད་ཀྱི་སྤྱི་ཚོགས་དང་ཁྱད་པར་ཏུ་བོན་གྱི་འདུས་སྡེའི་ཁྲོད་ཤུགས་རྐྱེན་ཐེབས་ཡོད། ངག་རྒྱུན་ལོ་རྒྱུས[10]གཞིར་བཟུང་བ་ལྟར་ན། བོན་བསྟན་གྱི་འཛམ་གླིང་རྒྱན་དྲུག་གི་ཡ་གྱལ་ཁྲོམ་གསེར་ཐོག་ལྕེ་འབྱམས་ཀྱིས་ཁྲོམ་གེ་སེར་དུ་བོན་ཆོས་སྤེལ་མྱོང་བར་བཤད་པའི་ཁྲོམ་གེ་སེར་ནི་ཁྲི་གཤོག་རྒྱལ་མོའི་མཐའ་འཁོར་ཡིན།༼གེ་སར་ཁྲོམ་གྱི་ཡུལ་གྲུ་ན།།ཁྲི་གཤོག་རྒྱལ་མོའི་མཚོ་མོ་ཡོད།།༽[11] བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་སུ་བླ་ཆེན་དྲན་པ་ནམ་མཁའ་རེབ་གོང་དུ་བཞུགས་ཤིང་། ཁོང་གིས་རེབ་གོང་གི་ཨ་བ་ངོས་བཟང་ཞེས་པར་དགོན་པ་ཆེན་པོ་ཞིག་བཏབ། བཙན་པོ་འུ་དམ་བཙན་གྱི་དུས་སྐབས་སུ། བསྟན་པ་ཆག་འཇིག་གི་རྐྱེན་གྱིས་གྲུབ་ཐོབ་སྤུན་གསུམ་དབུས་གཙང་ནས་བྲོས་བྱོལ་གྱིས་རེབ་གོང་ལ་སྐྱབས་བཅོལ་དུ་ཡོང་། ཁོང་ཚོས་ཐོག་མར་གཞི་འཛིན་ས་ནི་བོན་བརྒྱ་དགོན་པའི་མདུན་ངོས་ཀྱི་ངལ་གསོའི་ལྟེ་གནས་ཞེས་པའི་དོན་བདོག་པ་ཆབ་ལུང་ཐང་ཞེས་པ་དེ་ཡིན་ཞིང་། རིམ་བཞིན་རེབ་གོང་གི་སྡེ་བ་གསུམ་དུ་སོ་སོར་གཞི་བཟུང་བ་འཁོར་ལོ་བསྒྱུར་རྒྱལ་གྱིས་སྤྱི་རྟིང་སྡེ་བ་དང་། ཡེ་ཤེས་མཚོ་རྒྱལ་གྱིས་ངོ་མོ་སྡེ་བ། ཁྱུང་དཀར་ཚངས་པས་ཁྱུང་བོ་སྡེ་བ་བཅས་སོ།། ཁོང་ཚོས་རེབ་གོང་ཙམ་མ་ཡིན་པར་དེའི་མཐའ་འཁོར་གྱི་ས་ཆ་མང་པོར་བོན་ཆོས་སྤེལ་བ་དང་གསས་ཁང་བསྐྲུན་པས། ཁོང་ཚོའི་གདུལ་ཚོབ་དང་རྗེས་རབས་པས་རེབ་གོང་ཧྲིལ་བོ་དང་ཐ་ན་མཚོ་སྔོན་ས་ཁུལ་རེ་འགར་ཡང་ཁྱབ་ནས་ཡོད། རེབ་གོང་བོན་གྱི་རིག་གནས་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་རྗེས། ཁོ་ཚོས་རང་གི་ཚོགས་ཁང་ལ་གསས་ཁང་ཞེས་འབོད་ཀྱི་ཡོད་པ་དང་། ས་ཁུལ་གཞན་དག་ཏུ་སངས་རྒྱས་ཆོས་ལུགས་པས་རང་གི་ཚོགས་ཁང་ལ་ལྷ་ཁང་དང་མ་ཎི་ཁང་། ཡང་ན་རྒྱུན་ལྡན་དུ་སྤྱི་ཁང་ཞེས་འབོད་ཀྱི་ཡོད། རྒྱུ་མཚན་ནི་ཁོང་ཅག་བོན་པོ་དང་ཁ་ཐག་ཆེས་ཆེར་རིང་བའམ་ཡང་ན་ཐུབ་བསྟན་གྱི་དགོན་སྡེ་དང་མ་ཎི་ཁང་། ལྷ་ཁང་བཅས་ཀྱི་མཐའ་འཁོར་དུ་ཡོད་པས་ཡིན། གསས་ཁང་གཅིག་བ་གམ་ཁང་བ་གཅིག་གིས་གྲུབ་པའམ་མཚམས་ལན་རེར་སྐུ་བརྙན་དང་ཐང་ཀ་མང་པའི་བ་གམ་ཁང་བ་ཆུང་ངུ་གཞན་ཡང་ཡོད། རྣམ་ཀུན་ཀུན་ལ་ཡོངས་གྲགས་ལྟར།གསས་ཁང་གི་ཁ་ལྷོ་ཕྱོགས་སུ་འཁོར་ཡོད་ཅིང་། ལྕགས་རིས་བསྐོར་བའི་ནང་རོལ་དུ་མི་དག་འཚོགས་ས་དང་། དེར་ཡོད་པའི་བང་མཛོད་དང་ཇ་ཁང་རིམ་གྲོ་བསྒྲུབ་སར་བེད་སྤྱོད་བྱེད་བཞིན་ཡོད་ལ་ད་དུང་སྒོ་སྲུང་ལ་གཟིམ་ཁང་ཞིག་ཀྱང་ཡོད། གསས་ཁང་གི་རྒྱུ་ཆ་དང་བཟོ་རྩལ། སྐུ་བརྙན། ཐང་ཀ་སོགས་ས་གནས་དཔལ་འབྱོར་གྱི་གནས་ཚུལ་དང་བསྟུན་དགོས་མོད། ཉུང་མཐའ་ཡང་ལོ་བཞི་བཅུའི་ཡར་སྔོན་དུ་སྲོལ་རྒྱུན་གྱི་སྒྲིག་རིམ་དང་སྐུ་བརྙན་བཞུགས་རྟེན་ལ་ཁྱད་པར་ཆེན་པོ་ཡོད། ད་ལྟ་གསས་ཁང་ཕལ་ཆེ་བ་བསྐྱར་བཞེངས་བྱས་པས་སྐུ་བརྙན་གྱི་བཞུགས་སྟངས་ལའང་གོ་རིམ་དེ་ཙམ་མེད། གང་ལྟར། སྐུ་བརྙན་གྱི་སྒྲིག་རིམ་རྙིང་བར་བོན་གྱི་དུས་གསུམ་སངས་རྒྱས་ཀྱི་སྐུ་རྒྱབ་གྱང་དང་སྐུ་མདུན་སྒོ་ལ་གཏད་ཡོད་ཅིང་གཡས་གཡོན་དུ་སེམས་དཔའ་བརྒྱད་ལས་གཞན་མེད་མོད། ལོ་རྒྱུས་ཀྱི་རྒྱུ་རྐྱེན་གང་མང་གིས་གསས་ཁང་གསར་བ་ཕལ་ཆེ་བ་ཞིག་དུས་རབས་འདིའི་ལོ་རབས་བརྒྱད་ཅུའི་ནང་བསྐྱར་བཞེངས་བྱས་པ་སྟེ། རིག་གནས་གསར་བརྗེའི་རྗེས་ཀྱི་ཆབ་སྲིད་དུས་འགྱུར་དྲག་པོས་སྲོལ་རྒྱུན་གྱི་སྐུ་བརྙན་སྒྲིག་རིམ་སྔོན་ཆད་ལས་དོན་སྙིང་ཆུང་དུ་སོང་། གསས་ཁང་འཛིན་སྐྱོང་བྱེད་པའི་སྔགས་པ་ཚོ་རྣམ་པ་མི་འདྲ་བའི་ཁྲོ་བའི་ལྷ་དང་འབྲེལ་ཞིང་ཁོ་ཚོས་ལྷ་དེ་དག་གི་སྐུ་བརྙན་གསར་བཞེངས་དང་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དེ་དག་གི་ཆོ་ག་ཉམས་ལེན་བྱེད་བཞིན་ཡོད། གཤེན་རབ་མི་བོ་ལས་གཞན་སྟག་ལ་དང་། དབལ་གསས། བྱམས་མ། གེ་ཁོད། འབུམ་པ། རམས་པ་སོགས་གསང་སྔགས་ཀྱི་ལྷ་དེ་དག་གིས་སྔོན་མའི་ཚབ་བྱས་ཡོད་ལ། ད་དུང་གསས་ཁང་ཉུང་ཤས་ཤིག་གིས་སྔར་བཞིན་སྲོལ་རྒྱུན་གྱི་ལྷ་སྐུའི་སྒྲིག་སྟངས་སྲུང་འཛིན་ཅི་ཐུབ་བྱས་ཡོད་པ་དཔེར་ན། ཁྲི་ཀའི་སྟོང་ཆེ་སྡེ་བའི་དཔོན་ཚང་གསས་ཁང་གིས་དུས་གསུམ་སངས་རྒྱས་ཀྱི་ཞལ་སྒོ་ཁར་བསྐོར་ཡོད་མོད། བྱམས་མ་དང་སྨྲ་སེང་ཟུང་དུས་གསུམ་སངས་རྒྱས་ཀྱི་ཕྱོགས་གཉིས་སུ་བསྣན་ཡོད་ལ། དེར་སེམས་དཔའ་བརྒྱད་ཀྱང་ཡོད་མོད་རིགས་མི་འདྲ་བའི་སྟག་ལའི་སྐུ་བརྙན་གཉིས་ཀྱང་བསྣན་ཡོད། ང་ཚོས་ཤེས་གསལ་ལྟར་བོན་མང་གི་སྲོལ་རྒྱུན་ནི་ཆེས་སྔ་བའི་བོན་པོའི་གསང་སྔགས་ཀྱི་རྒྱུན་མཐུད་རིགས་ཤིག་ཡིན་ལ། དེ་དུས་ཀྱི་བོན་ཆོས་ནི་བོན་པོའི་དགོན་སྡེའི་འཆད་ཉན་ལ་སངས་རྒྱས་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་ལྟ་བུ་ཞིག་མིན། ད་དུང་བོན་མང་ལ་གསང་སྔགས་ཀྱི་ལྷ་དེ་དག་འབའ་ཞིག་མངོན་ཡང་། གསས་ཁང་གིས་ཁྱོན་ཡོངས་ནས་མདོ་དང་དགོན་པའི་ལམ་ལུགས་འགོག་རྒོད་བྱེད་ཐུབ་པ་ཞིག་ཀྱང་མིན། དུས་རབས་བཅུ་བཞི་བར་སྨན་རི་དགོན་པའི་ཤེས་རབ་རྒྱལ་མཚན་གྱིས་བོན་གྱི་གཞུང་ལུགས་སྟེང་གསར་བརྗེ་བྱས་པ་ནས་བོད་དུ་ཁོང་གི་ཤུགས་རྐྱེན་རྒྱ་ཆེར་འཕེལ། བརྒྱ་ལ་ཁོང་གི་སྐུ་བརྙན་ནི་དགོན་པའི་སྐུ་བརྙན་འཁྲུལ་མེད་ཅིག་ལགས་ཀྱང་། བོན་པོ་ཚོས་ཁོང་གི་སྐུ་བརྙན་གསས་ཁང་དུ་འཇོག་བཞིན་ཡོད་པ་དང་། གསས་ཁང་དུ་ང་ཚོས་ཤེས་རབ་རྒྱལ་མཚན་གྱི་སྐུ་བརྙན་གོ་སས་མི་ཚོས་ཁོང་ལ་བརྩི་བཀུར་ག་ཙམ་གནང་བཞིན་པ་ཤེས་ཐུབ་སྟེ། དཔེར་ན། ངོ་མོ་གསས་ཁང་གིས་མཚོན་པའི་གསས་ཁང་རེ་འགར་ཤེས་རབ་རྒྱལ་མཚན་གྱི་སྐུ་བརྙན་དེ་གཙོ་སྐུའི་གཡས་གཡོན་གང་རུང་དུ་འཇོག་ལ། གསས་ཁང་གཞན་པར་ཤེས་རབ་རྒྱལ་མཚན་གྱི་སྐུ་བརྙན་དེ་གཙོ་སྐུར་བཞག་ཡོད་པ་རེབ་གོང་གི་གད་པ་སྐྱ་བོའི་གསས་ཁང་དང་། བ་ཡན་གྱི་ཏོ་ཤེས་གསས་ཁང་། ཁྲི་ཀའི་སེར་རྒྱའི་གསས་ཁང་ལྟ་བུས་མཚོན། འོན་ཏེ། རེབ་གོང་གི་ཧོར་ནག་གསས་ཁང་དང་། བ་ཡན་གྱི་ཤར་སྟེང་གསས་ཁང་སོགས་གསས་ཁང་ཉུང་ཤས་ཤིག་ཏུ་ཁོང་གི་སྐུ་བརྙན་རྩ་བ་ནས་བཞེངས་མེད། འདིས་ཡུལ་མི་དེ་དག་ཁོང་ལ་དད་མོས་མེད་པ་མ་ཡིན་པར་དེ་ཙམ་ཤུགས་མི་ཆེ་བའི་རྟགས་ཡིན། རྣམ་ཀུན་གསས་ཁང་རྙིང་བའི་སྐུ་བརྙན་ཕལ་ཆེ་བར་ལོ་རྒྱུས་སྟེང་གི་མི་སྣའི་ཚབ་ཏུ་གདོད་མའི་ལྷ་དེ་དག་ཡོད་མོད། གསས་ཁང་གསར་བར་དྲན་པ་ནམ་མཁའ་ལྟ་བུའི་ལོ་རྒྱུས་མི་སྣའི་སྐུ་བརྙན་ཡང་བཞག་ཡོད། དུས་རབས་བཅུ་བཞི་བའི་རྗེས་སུ་ཐུབ་བསྟན་གྱི་ཤུགས་རྐྱེན་ཤིན་ཏུ་ཆེ་བའི་འོག་གི་སྨན་རི་དགོན་པ་དང་ཤེས་རབ་རྒྱལ་མཚན་གྱི་རྐྱེན་གྱིས་བོད་ཀྱི་ས་ཁུལ་ཕལ་ཆེ་བར་བོན་པོའི་དགོན་པ་དང་གྲྭ་བས་རིམ་བཞིན་གསས་ཁང་དང་སྔགས་པའི་ཚབ་བྱས་པས། ཨ་མདོའི་མཚོ་སྔོན་ས་ཁུལ་ལྟ་བུའི་བས་མཐར་ལྷགས་པ་རེད། ང་ཚོས་དོ་སྣང་བྱུང་བ་བཞིན་ཐ་ན་གསས་ཁང་དེ་དག་ཏུ་ཤེས་རབ་རྒྱལ་མཚན་ལྟ་བུའི་དགོན་པའི་མི་སྣའི་སྐུ་བརྙན་གཙོ་སྐུར་གྱུར་ཡོད་པ་མངོན་གསལ་ཡིན་ཡང་། ཆབ་ཆའི་རྐ་སར་གསས་ཁང་ལྟ་བུར་དུས་རབས་བརྒྱད་པའི་སྐབས་ཀྱི་ལོ་རྒྱུས་མི་སྣ་གལ་ཆེན་དྲན་པ་ནམ་མཁའི་སྐུ་བརྙན་གཙོ་སྐུར་ཡོད་མོད། ཁོའི་ཤུགས་རྐྱེན་དེ་ཙམ་མི་ཆེ་ལ་ས་ཁུལ་ཉུང་ཤས་ཤིག་ཏུ་མ་གཏོགས་ཁོང་གི་སྐུ་བརྙན་མཐོང་དུ་མེད།སྲིད་པའི་རྒྱལ་མོ་ནི་སངས་རྒྱས་ཆོས་ལུགས་ཁྲོད་ཀྱི་དཔལ་ལྡན་ལྷ་མོ་དང་གཅིག་ཡིན་ལ། གསས་ཁང་དང་དགོན་པ། བོན་པོའི་ཁྱིམ་ཚང་ཕལ་ཆེ་བར་མེད་ཐབས་མེད་པའི་བོན་སྐྱོང་ངམ་སྲུང་མ་ཞིག་ཡིན། རྣམ་པར་རྒྱལ་བ་ནི་གསས་ཁང་དང་དགོན་པ། ད་དུང་གྲོང་མཐའི་ལྷ་ཁང་ཉུང་ཤས་སོགས་དང་དེ་ལས་གཞན་པའི་ས་ཁུལ་དུའང་ཡོད། རྣམ་པར་རྒྱལ་བའི་མཆོད་རྟེན་ས་ཁུལ་གང་སར་མང་དུ་བཞེངས་ཡོད་ཅིང་། རྣམ་ཀུན་དེ་ནི་ནག་ཕྱོགས་ཀྱི་ལྷ་འདྲེ་དང་ས་འདུལ་དུ་དུ་བཞེངས་པ་ཡིན། བོད་ཀྱི་རིག་གནས་འབྱུང་ཁུངས་སམ་ཁྱད་པར་ཨ་མདོའི་ས་ཁུལ་དུ་མཚམས་ལན་རེར་དེ་ནི་ཨེ་ཟི་ལམ་གྱི་ཆོས་ལུགས་ཁྱབ་སྤེལ་བྱེད་པ་འགོག་ཆེད་དུ་བཞེངས་པ་ཡིན།

སོ་ནག་ནི་རྩེ་ཁོག་ས་ཁུལ་གྱི་འབྲོག་སྡེའི་ཚོ་ཆན་ཞིག་ཡིན་ལ་དེར་སོ་ནག་གསས་ཁང་ཡོད། ཁོ་ཚོར་དགོན་པ་མེད་པ་ནས་བཟུང་བོན་པོའི་གྲྭ་བ་མང་པོ་ཚོ་བ་འདི་དང་ས་ཁུལ་འདིར་ལོག་ནས་གསས་ཁང་དགོན་པ་ལྟར་བྱས་ནས་བཞུགས་པས་སྔགས་པ་དང་གྲྭ་བ་མཉམ་འདྲེས་བྱུང་། འདི་ནི་གནས་སྐབས་ཀྱི་རྣམ་པ་ལྟ་བུར་སྣང་ཡང་གསས་ཁང་ལམ་ལུགས་དགོན་པའི་རྣམ་པར་གྱུར་བའི་དབུ་ཁྱུད་ཅིག་ཏུ་བསམ་ཞིབ་བྱས་ཆོག་སྟེ། ལོ་རྒྱུས་སྟེང་དུ་གསས་ཁང་མང་པོ་ཞིག་དགོན་པའི་ལམ་ལུགས་སུ་གྱུར་བའི་བརྒྱུད་རིམ་ཡང་འདི་དང་གཅིག་མཚུངས་སུ་སྣང་། ཐུབ་བསྟན་གྱིས་རྒྱུན་དུ་གསས་ཁང་ལམ་ལུགས་ལ་ཤུགས་རྐྱེན་ཆེས་ཆེར་ཐེབས་ཡོད་པ་དཔེར་ན། རེབ་གོང་གི་ཀྲ་གྲོང་དང་ཉིན་ལྟའི་གསས་ཁང་། གཅན་ཚའི་ཞྭ་ཁྲའི་གསས་ཁང་གསུམ་སྔར་ནས་བོན་བསྟན་དང་ཐུབ་བསྟན་གྱི་བར་མཚམས་སུ་ལུས་འདུག ཐུབ་བསྟན་གྱི་རྗེས་འཇུག་པས་བོན་པོའི་གསས་ཁང་གི་ལོགས་ཤིག་ཏུ་ཁོ་ཚོའི་སྐུ་བརྙན་བཞེངས་ཡོད་ལ། གསས་ཁང་གཅིག་ཏུ་ཆོས་ལུགས་རིགས་གཉིས་སོ་སོར་ཉམས་ལེན་བྱེད་བཞིན་ཡོད། བོན་པོའི་གསས་ཁང་ཐོག་མར་བྱུང་བ་བསྙོན་དུ་མེད་ལ། དེ་ནས་སྡེ་བའི་ནང་གི་མི་ནང་ཙམ་ཞིག་གིས་ཐུབ་པའི་བསྟན་པར་དད་པ་བྱས་པ་དང་། ཐོག་མར་ཁོ་ཚོས་བོན་པོའི་གསས་ཁང་དུ་ཉམས་ལེན་གཅིག་པུ་བྱེད་བཞིན་ཡོད་མོད། ཕྱིས་སུ་ཐུབ་བསྟན་གྱི་རྗེས་འཇུག་པའི་ཚོགས་པའི་སྟོབས་ཤུགས་ཇེ་ཆེར་སོང་བས། ཁོ་ཚོས་རང་གི་སྐུ་བརྙན་བཞེངས་སའི་བར་སྟོང་ཞིག་རེག་ཆེད་བོན་པོར་གསས་ཁང་རྒྱ་བསྐྱེད་དུ་བཞེང་རྒྱུའི་གོ་སྐོན་བློ་འགུགས་བྱས། ཡང་ཐུབ་བསྟན་གྱི་རྗེས་འཇུག་པའི་སྟོབས་ཤུགས་དེ་ལས་ཀྱང་ཆེས་ཆེར་འཕེལ་རྗེས། གསས་ཁང་སངས་རྒྱས་ཆོས་ལུགས་སུ་བསྒྱུར་ཏེ། མ་ཎི་ཁང་དང་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་དགོན་པ་འགའ་ཞིག་གི་འདུ་ཁང་གི་མིང་གདགས་ངེས། ཆོས་ལུགས་ཀྱི་གནས་སྟངས་འདིས་བོད་དུ་ཐུབ་བསྟན་གྱི་ཁ་གཏད་དུ་བོན་བསྟན་འཕེལ་འགྱུར་འགྲོ་བའི་བརྒྱུད་རིམ་མཐོང་ཡོང་ལ། བོད་ཀྱི་ཆོས་ལུགས་ལོ་རྒྱུས་ཁྲོད་དུ་ཅིའི་ཕྱིར་གསས་ཁང་ཤུལ་མེད་དུ་གྱུར་བའི་རྒྱུ་མཚན་ཡང་ཤེས་ཐུབ། བོན་བསྟན་ཐུབ་པའི་བསྟན་པར་འཐིམས་པའི་འགྱུར་ལྡོག་འདི་མུ་མཐུད་དུ་རྒྱུན་མཐུད་ནས་ཡོད་པས། མཚོ་སྔོན་པའི་མཐའ་འཁོར་གྱི་གསས་ཁང་ནི་ད་ལྟའི་བོད་ཀྱི་རིག་གནས་ས་ཁུལ་གྱི་ཆེས་མཐའ་མཇུག་གི་ཤུལ་ལུས་ཚོགས་པ་དེའོ།།

གསས་ཁང་རེ་རེའི་གཉེར་བ་གཉིས་ནི་གསས་ཁང་གི་རྒྱུ་ནོར་ལ་དོ་དམ་དང་གཙང་སྦྲ་རྒྱུན་འཁྱོངས།ད་དུང་ལོ་རེ་རེའི་ཆོས་ལུགས་ཀྱི་བྱེད་སྒོར་བཀོད་སྒྲིག་བྱེད་པར་འགན་འཁུར་མཁན་བཅས་ཡིན་ལ། གཉེར་བ་གཉིས་ཀྱིས་གསས་ཁང་དུ་རེས་མོས་བྱས་ནས་མཆོད་འབུལ་བྱེད། རྣམ་ཀུན་གཉེར་བ་གཉིས་ནས་ལོ་གཅིག་ལ་གཞུང་སྒྲུབ་ཁང་དུ་བྱ་བ་ལས་བཞིན་ཡོད། སྲོལ་རྒྱུན་གྱི་འགྲོས་དང་བསྟུན་ནས་ཁྱིམ་ཚང་འགའ་ཤས་སྔར་ནས་ཐུབ་པའི་བསྟན་པར་དད་མོས་བྱེད་མཁན་དུ་གྱུར་ཟིན་ཡང་། ཁོ་ཚོས་སྔར་བཞིན་བོན་པོའི་སྔགས་པ་ཁྱིམ་དུ་གདན་དྲངས་ནས་ཁྱིམ་མི་གང་བོའི་ཆེད་དུ་བོན་པོའི་སྲུང་བ་འཛུགས་བཞིན་ཡོད་མོད། ནམ་རྒྱུན་ཤིད་དོན་ལ་བོན་སྔགས་དག་གདན་དྲངས་ནས་ཆོ་ག་སྤེལ་བཞིན་མེད་དེ། དེ་དག་སྔར་བཞིན་འཇིག་རྟེན་པའི་མི་སྐྱ་ཡིན་པས་སོ།། སྔགས་པ་དང་གྲྭ་བའི་ཁྱད་པར་ནི་སྔ་མས་མི་རྣམས་ཀྱི་ཚེ་འདིའི་བདེ་སྡུག་ལ་ལམ་སྟོན་དང་ཕྱི་མས་མི་རྣམས་ཀྱི་སྐྱེ་བ་ཕྱི་མར་ལམ་སྟོན་བྱེད་པ་དེ་རེད། སྤྱིར་བཏང་སྔགས་པར་གདུང་རྒྱུད་ཀྱི་ལམ་ལུགས་ཤིག་ཡོད་དེ། སྔགས་པ་ཞིག་ཏུ་འགྱུར་བར་དེའི་ཨ་ཕའམ་ཨ་ཁུ་གང་རུང་སྔོན་ཆད་སྔགས་པ་ཞིག་ཡིན་དགོས་ལ། དེར་དཔོན་རྒྱུད་ཅེས་འབོད་ཅིང་བོན་སྔགས་ཁྱིམ་ཚང་གི་ཁྲག་རྒྱུད་ཡིན་པ་དང་། དཔོན་རྒྱུད་ཡོད་པའི་ཁྱིམ་ཚང་གིས་ནམ་རྒྱུན་སྲོལ་རྒྱུན་འདིར་དོ་སྣང་ཆེན་པོ་བྱེད། དེ་དང་འདྲ་བར་ཁྱིམ་ཚང་ཞིག་གིས་བུ་ཞིག་དགོན་པར་སྐྱེལ་བར་ཡང་སྲོལ་རྒྱུན་འདི་རྒྱུན་འཛིན་བྱས་ཡོད་དེ། དེར་གྲྭ་རྒྱུན་དུ་འབོད་ཅིང་གྲྭ་བའི་ཁྱིམ་ཚང་གི་ཁྲག་རྒྱུད་ཡིན། སྔགས་པས་མི་སྒེར་རམ་ཚོགས་པ་ཆུང་ངུ་། ཡང་ན་མཉམ་གཅིག་ཏུ་ཆོ་ག་སྤེལ་བཞིན་ཡོད་ལ། ཁོ་ཚོ་ཁྱིམ་ཚང་དུ་སྲུང་བ་གཟུག་ཏུ་འགྲོ་བར་ཡང་མི་སྒེར་རམ་ཚོགས་པ་ཆུང་ངུ་གང་རུང་ཡིན་ཆོག ཡིན་ནའང་། སྒྲིག་རིམ་ཡོད་པའི་ཆོས་ཐོག་ངེས་པར་ཏུ་གསས་ཁང་དུ་འཚོག་དགོས།

རེབ་གོང་བོན་མང་།

མཚོ་སྔོན་པོའི་མཐའ་འཁོར་ཏུ་བོན་མང་ཆེ་ཆུང་རིགས་གསུམ་ཡོད་ཅིང་། རེབ་གོང་བོན་མང་ནི་གསས་ཁང་བཅོ་ལྔའི་ནང་ཆེས་ཆེ་བའི་ཚོགས་པ་ཞིག་ཡིན། དེའི་འཕྲོར་ཁྲི་ཀའི་སྟོང་ཆེ་བོན་མང་ཡིན་པ་དང་དེར་གསས་ཁང་བཞི་ཡོད། བ་ཡན་དུ་དོ་ཤེས་དང་ཤར་སྟེང་བོན་མང་ལ་གསས་ཁང་གཉིས་ཡོད། ལྷག་མའི་བོན་པོའི་གསས་ཁང་དག་གིས་རང་རང་གི་གསས་ཁང་དུ་ཚོགས་པའི་རྣམ་པས་ཆོ་ག་སྤེལ། རེབ་གོང་ནི་ཞིང་ལས་རིག་གནས་ཆེས་ཆེར་དར་བའི་ས་ཁུལ་ཆེན་པོ་ཞིག་སྟེ། ཕྱོགས་བཞིར་རི་བོ་མང་པོས་བསྐོར་བས་ཞིང་ལས་ལ་འཚམས་པའི་གནམ་གཤིས་འབྲིང་ཙམ་གྱི་རྣམ་པ་གྲུབ་ཡོད། ཚོ་སྡེ་མང་པོ་རི་ཁུལ་འདིར་གནས་བཅས་པ་ནས་གནས་སྐོར་ལ་དེ་ཙམ་སྟབས་མི་བདེ། བོན་པོ་དང་རྙིང་མ། དགེ་ལུགས་པ་བཅས་ཆོས་ལུགས་ཚོགས་པ་གསུམ་གྱིས་རེབ་གོང་གི་ལྷ་སྡེ་གྲུབ་ཅིང་། བོན་པོར་བོན་བརྒྱ་དགོན་པ་དང་། གསས་ཁང་བཅོ་ལྔ། ད་དུང་ཁོ་ཚོའི་གདུལ་བྱས་གྲུབ། སྤྱི་ལོ༡༩༩༦ལོའི་ཉི་ཧོང་གི་བོན་ཞིབ་འཇུག་གི་ལས་གཞིའི་ཁྲོད་ཕྲན་གྱི་ཡུལ་དངོས་རྟོག་ཞིབ་བྱ་བའི་སྡོམ་རྩིས་གཞིར་བཟུང་ན། རེབ་གོང་དུ་ཚོ་སྡེ་ཆེན་པོ༤༦གི་ཁྲོད་བོན་པོའི་ཁྱིམ་ཚང༦༨༡ཡོད་ལ། དེ་དག་ཀྱང་ཚོ་སྡེའི་ཡན་ལག་མང་པོར་གཏོགས་པ་དང་། བོན་པོའི་མི་གྲངས༤༣༦༨ཁྲོད་སྔགས་པ༦༡༧འདུག རེབ་གོང་གི་གསས་ཁང་དག་ཚོགས་པ་བཞི་རུ་དབྱེ་ཡང་ནན་ཏན་སྒོས་བཤད་ན་སྤྱིར་བཏང་གཉིས་སུ་འདུ།

ཡར་ནང་བོན་མང་།

༡. བོན་བརྒྱ་གསང་སྔགས་དར་རྒྱས་གླིང་། ༼བོན་བརྒྱ་སྡེ་བ༽

༢. མག་སར་གཡུང་དྲུང་བསྟན་དར་གླིང་། ༼མག་སར་སྡེ་བ༽

གསས་ཁང་འདི་གཉིས་ནི་ལོ་རྒྱུས་ཁྲོད་ཀྱི་སྔགས་འཆང་གྲགས་ཅན་ཁྱུང་བོ་བསྟན་པ་དར་རྒྱས་ཀྱི་གདུང་རྒྱུད་ཡིན། སྡེ་བ་འདི་གཉིས་སྤྱིར་བཏང་རེབ་གོང་བོན་མང་གི་དཔྱིད་ཆོས་དང་སྟོན་ཆོས་སུ་མི་ཞུགས་པ་དང་། བོན་བརྒྱ་སྤྲུལ་སྐུས་ཁོ་ཚོ་རེབ་གོང་བོན་མང་གི་གྲས་སུ་གཞུག་པར་ཧུར་བརྩོན་བྱས་ཀྱང་འབྲས་བུ་མ་བྱུང་། བོན་བརྒྱ་ལུང་མདོར་མདོ་བ་སྡེ་བའི་གདུང་ངེས་ཚོ་བའི་གསས་ཁང་ལ་གདུང་ངེས་གྲུབ་པ་ཀུན་འདུལ་གླིང་དུ་འབོད་ཅིང་། འདི་དང་བོན་བརྒྱ། མག་སར་བཅས་ལ་ཡར་ནང་བོན་མང་ངམ་ཡར་ནང་བོན་སྡེ་ཁག་གསུམ་ཟེར། འོན་ཀྱང་། གདུང་ངེས་ཚོ་བའི་མི་མང་པོ་ཞིག་སྔར་ནས་སངས་རྒྱས་ཆོས་ལུགས་པར་གྱུར་བས། སྡེ་བའི་ནང་བོན་སྔགས་དང་ཁྱིམ་ཚང་ཉུང་ཤས་ཤིག་ལས་མེད། རེབ་གོང་ཤར་ཕྱོགས་ཀྱི་གསས་ཁང་ལྔས་སྟོད་ཕྱོགས་བོན་མང་གྲུབ་པ།

༡. ཐེག་ཆེན་བོན་འཁོར་ལྷུན་གྲུབ་གླིང་། ༼རྒྱ་མཚོ་དཔའ་འམ་ཨ་རྒྱ་སྟེང་སྡེ་བ༽

༢. གསང་སྔགས་རིག་འཛིན་དར་རྒྱས་གླིང་། ༼གད་པ་སྐྱ་བོ་སྡེ་བ༽

༣. ཐེག་ཆེན་སྨིན་གྲོལ་རྒྱ་མཚོ་གླིང་། ༼གདོང་མགོ་སྡེ་བ༽

 གསས་ཁང་འདི་གསུམ་གྱི་གནས་གཞི་དང་དེ་ཚོའི་སྔགས་པ་ནི་གྲུབ་ཆེན་འཁོར་ལོས་བསྒྱུར་བའི་རྒྱལ་བོའི་གདུང་རྒྱུད་དེ། ཁོང་ནི་ལོ་རྒྱུས་ཁྲོད་རེབ་གོང་དུ་ཆེས་ཐོག་མར་བོན་བསྟན་སྤེལ་བར་ཕེབས་པའི་གྲས་ཀྱི་གཅིག་ཡིན།

༡. རྒྱལ་བསྟན་ཡེ་ཤེས་རྒྱ་མཚོ་གླིང་། ༼ངོ་མོ་སྡེ་བ༽

༢. རིག་འཛིན་ཐུགས་རྗེ་བྱང་ཆུབ་གླིང་།༼གྱང་རུ་སྡེ་བ༽

 གསས་ཁང་འདི་གཉིས་ཀྱི་སྔགས་པ་དག་ནི་གྲུབ་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་གདུང་རྒྱུད་ཡིན་ལ། ཁོང་ཡང་ཆེས་ཐོག་མར་རེབ་གོང་དུ་བོན་བསྟན་སྤེལ་བར་ཕེབས་པ་ཞིག་ཡིན། མི་རྣམས་ཀྱིས་བཤད་རྒྱུར་དུས་རབས་བཅུ་གསུམ་པར་གྲུབ་ཆེན་རིག་འཛིན་ཐུགས་རྗེས་དམ་སྲི་ཞིག་གིས་ར་རྒྱ་དགོན་གྱི་གྲྭ་རྒྱུན་ལ་བདག་བྱས་པ་བཏུལ་བས། དེའི་གྲྭ་རྒྱུན་མུ་མཐུད་བྱུང་བ་དང་གཙང་པཎ་ཊི་ཏས་ཁོང་གི་རུས་དཔོན་གྱི་ཁོངས་མི་ནང་བཞིན་བརྩི་བཀུར་བླ་མེད་བྱས།

 རེབ་གོང་བྱང་ཤར་གྱི་གསས་ཁང་ལྔས་སྨད་ཕྱོགས་བོན་མང་གྲུབ་པ།

༡. མདོ་སྨད་ཕུན་ཚོགས་དར་རྒྱས་གླིང་། ༼གླིང་རྒྱ་སྡེ་བ༽

༢. ཀུན་འདུས་འགྱུར་མེད་གཡུང་དྲུང་གླིང་།༼ཞོ་འོང་ཉིན་ཐ་སྡེ་བ༽

༣. སྒྲུབ་པའི་རྒྱལ་མཚན་མི་འགྱུར་གླིང་།༼དར་གྲོང་སྡེ་བ༽

༤. ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་།༼ཁྱུང་བོ་ཐང་སྡེ་བ༽

༥. གསང་སྔགས་བདུད་འདུལ་ལྷུན་གྲུབ་གླིང་། ༼སྡོང་སྐམ་སྡེ་བ༽

  དུས་རབས་བཅུ་བཞི་བའི་ནང་མཚན་སྙན་འབར་བའི་སྔགས་འཆང་གྲུབ་ཆེན་ཁྱུང་དཀར་ཚངས་པའི་གདུང་རྒྱུད་རྟོགས་ལྡན་ཀུན་བཟང་ཀློང་གྲོལ་དང་ཁོང་གི་རིགས་སྲས་སྣང་གསལ་ལྷུན་གྲུབ་གནས་འདིར་འཁྲུངས་པ་དང་། བོན་གྱི་བསྟན་པར་མཛད་རྗེས་བླ་མེད་བཞག

རེབ་གོང་བྱང་ཕྱོགས་ཀྱི་གསས་ཁང་གསུམ་གྱིས་སྙན་བཟང་བོན་མང་གྲུབ་པ།

༡. གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང་།༼ཧོར་ནག་སྡེ་བ༽

༢. རིག་འཛིན་ཀུན་འདུས་རྣམ་རྒྱལ་གླིང་།༼སྟོང་ཆེ་སྡེ་བ༽

 སྟོང་ཆེ་སྡེ་བ་དང་ཁྲི་ཀའི་སྟོང་ཆེ་སྡེ་བ་གཉིས་ཀྱི་འབྱུང་ཁུངས་གཅིག་པས། སྟོང་ཆེ་སྡེ་བའི་བོན་པོ་ཚང་མ་ཁྱུང་མོ་སྤྲུལ་སྐུའི་གདུལ་བྱ་ཡིན་ལ། གསས་ཁང་འདིའི་ནང་ཁོང་ལ་བཞུགས་ཁྲི་ཞིག་ཀྱང་བཞེངས་ཡོད།

ཁྱུང་དཀར་བསྟན་པ་རྒྱ་མཚོ་གླིང་།༼ཁྱུང་བོ་ལ་ཁ་སྡེ་བ༽

ང་ཚོས་འདི་དུས་ནམ་ཞིག་ལ་བཞེངས་པ་དང་བཞེངས་མཁན་སུ་ཡིན་སོགས་གསལ་ཐག་མི་ཆོད་ཀྱང་འདི་ནི་རེབ་གོང་གི་གསས་ཁང་ཁྲོད་ལོ་རྒྱུས་ཆེས་རིང་བ་དེ་ཡིན། སྙན་བཟང་བོན་མང་སྨད་ཕྱོགས་བོན་མང་གི་གྲས་སུ་ཞུགས་ཏེ་རེབ་གོང་བོན་མང་གི་ཆོས་ལུགས་བྱེད་སྒོ་ཐམས་ཅད་ལ་ཞུགས་བཞིན་ཡོད།

གོང་གསལ་ཐམས་ཅད་ཀྱི་སྤྱི་མིང་ལ་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ་ཞེས་འབོད་ཅིང་། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ནི་རེབ་གོང་བོན་མང་ཚང་མའི་བསྟན་བདག་བླ་མ་ཡིན། སྟོད་ཕྱོགས་བོན་མང་དང་སྨད་ཕྱོགས་བོན་མང་ནི་རེབ་གོང་བོན་མང་གི་ཚོགས་པ་གཙོ་བོ་གཉིས་དང་གཞན་གཉིས་ནི་དེ་ཙམ་མི་ཆེ།

 རེབ་གོང་བོན་མང་ནི་མཚོ་སྔོན་པོའི་མཐའ་འཁོར་གྱི་ཆེས་ཆེ་བའི་བོན་མང་གི་ཚོགས་པ་ཞིག་ཡིན་ལ། དེར་ཆོས་ཐོག་རིགས་གཙོ་བོ་བཞི་ཡོད་དེ། དཔྱིད་ཆོས་དང་སྟོན་ཆོས་གཉིས་ནི་ད་ལྟ་ཡོད་པའི་ཆོས་ཐོག་རིགས་ཆེ་ཤས་གཉིས་ཡིན། རེབ་གོང་བོན་མང་གི་ཆོས་ཐོག་ལོ་རེར་ཐེངས་གཉིས་རེ་འཚོགས་བཞིན་ཡོད་ཅིང་། ཟླ༡པའི་ཚེས༥ནས་ཚེས༨བར་དཔྱིད་ཆོས་དང་ཟླ༨པའི་ཚེས༨ནས་ཚེས༡༠བར་སྟོན་ཆོས་ཡིན། ཆོས་ཐོག་གི་ཉིན་གསུམ་ཧྲིལ་བོར་རིམ་གྲོ་བསྒྲུབ་དགོས་པས་སྔགས་པ་རྣམས་ཉིན་གཅིག་གི་སྔོན་ལ་འཛོམས་དགོས་པ་དང་། ཁྱད་པར་དུ་སྡེ་བ་དང་ཐག་རིང་བའི་སྔགས་པ་རྒན་པ་དག་ཉིན་གཅིག་གི་སྔོན་ལ་ཡོང་ནས་གསས་ཁང་གི་བྱ་བ་ཆེ་རིགས་བསྒྲུབ་སར་འདུག་དགོས། ཁོ་ཚོས་གཙོ་བོ་འབུམ་པ་ཐུང་བ་དང་སྟག་ལ་ལས་གཞན་དབལ་གསས་ཀྱང་ཁ་འདོན་བྱེད། རེབ་གོང་གི་གསས་ཁང་ཚང་མ་ཁོ་ཚོའི་ཆོ་ག་སྤེལ་སར་སྤྱོད་ཀྱང་། མི་རྣམས་ཀྱི་མིག་ནང་དུ་དེ་ནི་ཏག་ཏག་རིམ་གྲོ་བསྒྲུབ་ས་ཙམ་ཡིན་ཡང་རེབ་གོང་བོན་མང་ནི་སྒེར་གྱི་གསས་ཁང་ལས་ལྷག་པར་འདོད། རེབ་གོང་བོན་མང་ལ་མཚོན་ན། ལོ་རེར་དགེ་བསྐོས་གཉིས་དང་ཁྲི་བ་གཅིག གཉེར་བ་གཅིག ལོ་གསུམ་རེར་དབུ་མཛོད་གཅིག་དང་གཡུང་དྲུང་སློབ་དཔོན་གཅིག་བཅས་ཡོད། དགེ་བསྐོས་གཉིས་ཀྱིས་བོན་མང་གི་སྒྲིག་ལམ་ལ་དོ་དམ་བྱེད། དེ་ལས་གཅིག་ངེས་པར་སྟོད་ཕྱོགས་བོན་མང་དང་གཞན་གཅིག་སྨད་ཕྱོགས་བོན་མང་ནས་ཡིན་དགོས། རྒྱུ་མཚན་དེ་གཉིས་ནི་རེབ་གོང་བོན་མང་བཞིའི་ཁྲོད་ཀྱི་ཆེས་ཆེ་བ་དེ་གཉིས་ཡིན་པས་རེད། དབུ་མཛོད་ནི་ཆོས་ཐོག་གི་འདོན་པའི་དབུ་འཁྲིད་མཁན་ཡིན་པ་དང་། ཁྲི་བ་ནི་བོན་མང་ཡོངས་ཀྱི་དབུ་ཁྲིད་ཡིན་པ་དང་ཆབས་ཅིག དཔྱིད་ཆོས་ལ་བཀོད་སྒྲིག་ལ་དོ་དམ་བྱེད་མཁན་དང་། གཉེར་བ་ནི་སྟོན་ཆོས་ལ་འགན་འཁུར་ཡིན། བོན་མང་ཆོས་ཐོག་ལ་འཚོག་དུས། རེབ་གོང་བོན་མང་གི་ཁྲོད་དུ་ཁྲི་བར་གོ་གནས་ཆེས་མཐོ་བ་ཞིག་ཡོད་དེ། ཁོང་ལ་བོན་བརྒྱ་རིན་པོ་ཆེ་དང་མཉམ་པའི་བཞུགས་ཁྲི་དམིགས་གསལ་བ་ཞིག་ཡོད། རེབ་གོང་བོན་མང་གི་ཆོས་ཐོག་རིགས་གང་ཞིག་ལགས་ཀྱང་ལོ་རེའི་ཁྲི་བ་དང་ཁོང་གི་བཞུགས་ཁྲིར་བརྩི་བཀུར་བླ་མེད་བྱེད་དེ། ཐ་ན་ཁོང་མི་བཞུགས་ཀྱང་དེ་ལྟར་བྱེད། གཡུང་དྲུང་སློབ་དཔོན་ནི་ཆོས་སྤྱོད་ཐམས་ཅད་ལ་འགན་འཁུར་ཡིན།

 དེ་ལས་གཞི་རྒྱ་ཅུང་ཆུང་བའི་ཆོས་ཐོག་ནི་ཡི་དམ་ཀུན་འདུས་ཀྱི་ཆོས་ཐོག་ཡིན། འདི་ནི་ཅུང་གཟབ་ནན་དོད་པོའི་ཆོས་ཐོག་ཅིག་སྟེ། ཆོས་ཐོག་ལ་ཞུགས་མཁན་གྱི་སྔགས་པ་ལོ་ཉེར་དགུའི་ཡན་ཡིན་དགོས་པ་དང་། དེ་རེབ་གོང་གི་གསས་ཁང་ཚང་མར་ཟླ༤པའི་ཚེས༡༠ནས་ཚེས༡༣བར་ལོ་རེར་ཐེངས་རེར་རེས་མོས་སུ་སྤེལ་བཞིན་ཡོད། དབུ་མཛོད་གཅིག་གིས་ལོ་གསུམ་ལ་འགན་འཁུར་དགོས་པ་དང་། གཡུང་དྲུང་སློབ་དཔོན་དང་ཁྲི་བ་ནི་རེབ་གོང་བོན་མང་གི་ཆོས་ཐོག་དང་གཅིག་མཚུངས་ཡིན། གཉེར་བ་ནི་རེབ་གོང་བོན་མང་མི་འདྲ་བ་ནས་ཡོང་བ་སྟེ། ཁོས་ཆོས་ཐོག་གི་བྱ་བ་ཐམས་ཅད་ལ་བཀོད་སྒྲིག་བྱེད་དགོས་པས་ལས་ཀའི་ནང་བྱིངས་ནས་ཡོད།

དེ་ལས་ཀྱང་གཞི་རྒྱ་ཆུང་བ་ནི་མཁའ་འགྲོ་གསང་གཅོད་དང་ཞི་ཁྲོའི་ཆོས་ཐོག་སྟེ། སྔོན་མ་ཟླ༤པའི་ཚེས༡ནས་ཚེས༤བར་དང་ཕྱི་མ་ཟླ༥པའི་ཚེས༡ནས་ཚེས༤བར་ཡིན། དེ་གཉིས་རེབ་གོང་བོན་མང་ཁྲོད་ཀྱི་སྟོད་ཕྱོགས་བོན་མང་དང་སྨད་ཕྱོགས་བོན་མང་གཉིས་ནས་སོ་སོར་སྒྲུབ་བཞིན་ཡོད།༼གཤམ་དུ་གསལ།༽ལོ་གསུམ་གྱི་ཡི་དམ་གསང་གཅོད་ཀྱི་དབུ་མཛོད་ངེས་པར་ཏུ་རེབ་གོང་བོན་མང་ལ་གཏོགས་པའི་དབུ་མཛོད་ཅིག་ཡིན་དགོས་པ་དང་། ཚོགས་པ་ལྷག་མས་ངེས་པར་ཏུ་དབུ་མཛོད་ལ་མི་གཞན་ཞིག་འཚོལ་དགོས། ཚོགས་པ་གཉིས་ལ་གཉེར་བ་གསར་བ་གཉིས་རེ་དགོས། དེར་ཆོས་ཐོག་ལ་ཚོགས་པ་གཉིས་ལས་གཅིག་ལ་ཁྲི་བ་དང་གཡུང་དྲུང་སློབ་དཔོན་གཉིས་ཀ་མེད་མོད། རེབ་གོང་བོན་མང་གིས་ཁྲི་བར་ཁྲི་བཞེངས་ནས་བརྩི་བཀུར་བྱེད་པ་དང་། ཅོག་ཙེ་མདུན་མར་བཞུགས་པའི་སྔགས་པ་བཟང་ཤོས་དེ་གཉིས་ཀྱིས་ངེས་པར་ཏུ་གཡུང་དྲུང་སློབ་དཔོན་ལ་འགན་འཁུར་དགོས་ཀྱི་ཡོད། ཆོས་ཐོག་རིགས་བཞི་བ་ནི་གསས་ཁང་སོ་སོས་སྤེལ་དགོས་ཏེ། ཟླ་རེའི་ཚེས་བཅུ་ཉིན་སྔགས་པ་དག་རང་རང་གི་གསས་ཁང་དུ་འཛོམས་ནས་ཚེ་དབང་རིག་འཛིན་ནམ་ཀུན་བཟང་རྒྱལ་བ་འདུས་པའི་ཆོ་ག་སྤེལ་བཞིན་ཡོད། རེབ་གོང་བོན་མང་ཁྲོད་འདི་ལ་ཐུན་མོང་གི་ཁྱད་ཆོས་ཤིག་མེད།

རེབ་གོང་བོན་མང་གི་ཆོས་ཐོག་ཁྲོད་ཀྱི་སྔགས་པའི་གོ་གནས་ནི་ཧ་ཅང་གལ་ཆེན་ཞིག་ཡིན། ༡༩༩༨ལོར་ང་རེབ་གོང་ཧོར་ནག་སྡེ་བའི་གསས་ཁང་གི་དཔྱིད་ཆོས་ལ་ཞུགས་པས། ངས་དེ་གའི་ལུགས་གཞིར་བཟུང་ནས་སྔགས་པའི་གོ་གནས་སྐོར་ཞིབ་འབྲི་ཐེངས་ཤིག་བྱེད། ཆོ་ག་འགོ་རྩོམ་དུས་རྣམ་ཀུན་ཁྲིད་སྟེགས་མདུན་གྱི་གྲལ་ཤར་གཉིས་ལ་དོ་སྣང་ཆེན་པོ་བྱེད། གསས་ཁང་གི་ཁྲིད་སྟེགས་མདུན་གྱི་བཞུགས་ཁྲི་གཉིས་སུ་བང་ཁ་གཉིས་བཞུགས་ཡོད། མི་རྣམས་ཀྱི་བང་ཁ་ནི་ཞང་སྐད་དེ་དཀྱིལ་འཁོར་གྱི་བདག་པོ་ཡིན་པས་དེ་ལྟར་བཞུགས་སུ་གསོལ་བ་ཡིན་ཟེར་ཞིང་། དེ་གཉིས་ཀྱི་གཅིག་ནི་ངེས་པར་ཏུ་ཆོ་གའི་བློ་འདྲི་ས་སྟེ་སྒྲུབ་དཔོན་ཡིན་དགོས། དུས་རབས་འདིའི་དུས་དཀྱིལ་བར། བང་ཁ་གཉིས་ནི་ཡི་དམ་དང་བོན་སྐྱོང་ཆོ་གའི་འགན་སྲུང་བར་གྱུར་ཡོད་ཅིང་། དེ་ནི་ཐ་ན་མཚན་མོར་ཆོ་ག་མཇུག་རྫོགས་རག་བར་ཐད་ཀར་ཁྲིད་སྟེགས་གཙོ་བོར་བཞུགས་པའི་བོན་བརྒྱ་རིན་པོ་ཆེ་དང་ཁྲི་བའི་བར་དུ་བཞུགས་ཡོད། ཡིན་ནའང་། ཁོང་ཚོས་ད་ལྟ་ཆོ་ག་དེ་ཉིན་མོར་ཁོ་ནར་མ་གཏོགས་སྤེལ་གྱི་མེད། བང་ཁ་གཉིས་ནི་ངེས་པར་ཏུ་གསང་བ་སྔགས་ཀྱི་གཞུང་ལ་ཉམས་ལེན་གནད་དམ་པ་བྱས་ཡོད་པའི་སྔགས་པ་ཡིན་ཞིག་དགོས་རྐྱེན། ཁོ་ཚོ་ནི་སྐུ་ཚེ་ཧྲིལ་བོར་ཉམས་ལེན་ལ་གཞོལ་བ་དང་བོན་གྱི་ཚོ་སྡེའི་ཁྲོད་དུ་གུས་པ་བླ་ལྷག་ཏུ་བྱེད་པའི་སྔགས་པ་རྒན་པ་འགའ་ཞིག་ཡིན། དབུ་མཛོད་དང་གཡུང་དྲུང་སློབ་དཔོན་གཉིས་ཀྱི་བཞུགས་ཁྲི་ནི་ཁྲིད་སྟེགས་མདུན་གྱི་གྲལ་ཤར་གཉིས་ཀྱི་དཀྱིལ་དུ་ཡོད་ཅིང་། དབུ་མཛོད་ཀྱི་བཞུགས་ཁྲི་ནི་སྔགས་པ་ཡོད་ཚད་ལས་མཐོ་ཡང་མཁན་པོ་དང་ཁྲི་བ་གཉིས་ལས་དམའ་ཙམ་ཡིན། བང་ཁ་གཉིས་དང་དབུ་མཛོད། གཡུང་དྲུང་སློབ་དཔོན་བཅས་ཀྱི་དཀྱིལ་དུ་ཡོད་པའི་བཞུགས་ཁྲི་ནི་རེབ་གོང་བོན་མང་གི་བྱ་གཞག་ལ་མཛད་རྗེས་ཡོད་པའི་སྔགས་པ་རྒན་པའི་བཞུགས་ས་ཡིན་ལ། ཁོང་ཚོ་ནི་སྔགས་པ་ཉམས་ལེན་པའི་ཁྲོད་དུ་ནུས་པ་ཆེ་ཤོས་དེ་ཡིན་པར་འདོད། གྲལ་ཤར་རྗེས་མའི་གཡུང་དྲུང་སློབ་དཔོན་དང་དབུ་མཛོད། རོལ་མོ་བ་བཅས་ཀྱི་བར་དུ་ཡོད་པའི་བཞུགས་ཁྲི་ནི་འདོན་པ་བཟང་བའི་སྔགས་པ་བཞུགས་ས་ཡིན་ལ། རོལ་མོ་བ་དག་གྲལ་ཤར་མཇུག་ཏུ་ལངས་ནས་ཡོད། ཆོ་གར་ཞུགས་པའི་སྔགས་པ་གཞན་དག་གྲལ་ཤར་ཕྱི་རུ་འདུག་དགོས་ལ། སྔགས་པ་གསར་བ་དག་གིས་ཀྱང་དེ་རུ་ཞིབ་ལྟ་བྱས་ནས་སློབ་སྦྱོང་བྱ་དགོས་ཀྱི་ཡོད།

རེབ་གོང་བོན་མང་གི་ཆོས་ཐོག་རྗེས་སུ་སྡེ་འབོད་ཅེས་པའི་བྱ་འགུལ་ཞིག་ཡོད་ཅིང་། སྡེ་མི་དག་གིས་སྔགས་པ་ཚོ་ཁོང་ཚོའི་ཁྱིམ་ཚང་དུ་གདན་དྲངས་ནས་ཁྱིམ་མིའི་དོན་དུ་རིམ་གྲོ་སྒྲུབ་བཞིན་ཡོད་དེ། སྔགས་པ་དག་གིས་འདས་ལོར་བསང་གཏོར་དང་ལོ་རྗེས་མའི་བདེ་སྐྱིད་དོན་དུ་ཆོ་ག་སྟབས་བདེ་རེ་བསྒྲུབ་ངེས། ཁྱིམ་ཚང་གིས་དུང་དཀར་དང་རྒྱ་ནག་གི་གླིང་བུ་འབུད་པ།ཤོག་སྦག་དགོད་པ་བཅས་བྱས་ནས་སྔགས་པ་གདན་འདྲེན་བྱེད། སྔགས་པ་དག་ཁྱིམ་ལ་སླེབས་པ་དང་བཞུགས་གདན་འཇགས་ནས་ཁྱིམ་ཚང་གཞན་ཞིག་ཏུ་མ་སོང་བར་དབུ་མཛོད་ཀྱི་ཁྲིད་སྟོན་འོག་སྐར་མ་བཅུའམ་བཅོ་ལྔའི་བར་དུ་འདོན་པ་གསུང་དགོས། ཁྱིམ་ཚང་གཅིག་གིས་ཏག་ཏག་ཀུ་ཤུ་གཅིག་གམ་ཡང་ན་སིལ་ཏོག་གཞན་ཞིག་འབུལ་བར་བྱེད། ཉིན་གསུམ་གྱི་ཆོས་ཐོག་ནང་གོ་རིམ་མང་པོ་ཞིག་བརྒྱུད་དགོས་པས། ཁོ་ཚོས་འདོན་པ་གསུང་ཚར་དུས་ཧ་ཅང་འཕྱི་སྟེ་མཚམས་རེར་རྒྱང་མིག་ཀྱང་ཆད་མོད། སྡེ་མི་རྣམས་ཀྱིས་གོ་སྐབས་འདིར་ལོ་མང་པོར་སྒུག་ཡོད་པས། ཉིན་གུང་ངམ་དགུང་མོ་ཡོལ་ནའང་དབུ་མཛོད་ཀྱིས་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་ཀྱི་ཡོད།

ཆེས་མཐོའི་གསང་སྔགས་ལ་ཉམས་ལེན་བྱེད་བཞིན་པའི་སྔགས་པ་ཞིག་ལ་མཚོན་ན་ཆེས་གལ་ཆེ་བ་ནི་མ་བཅོས་པ་བཞི་སྟེ། སྐྲ་མ་བཅོས་པ་ལྕང་ལོ་དང་སྣོད་མ་བཅོས་པ་ཐོད་པ། གོས་མ་བཅོས་པ་དཀར་པོ། སེམས་མ་བཅོས་པ་གཉུག་མ་བཅས་སོ།། ཐོག་མའི་ཆ་རྐྱེན་དུ་རལ་བ་རིང་པོ་ཞིག་དང་།་དེ་ནས་སློབ་དཔོན་གྱི་མདུན་ནས་རང་ཉིད་ཀྱིས་ཉམས་ལེན་གཙོ་བོར་བྱེད་པའི་ཡི་དམ་གང་ཞིག་གི་ཕྱི་འབུམ་པའི་དབང་དང་།་ནང་ཡེ་ཤེས་ཀྱི་དབང་། གསང་བ་ཁྱད་པར་དོན་གྱི་དབང་། ཡང་གསང་དོན་གྱི་དབང་བཅས་ཏེ་རལ་དབང་བཞི་མནོས་དགོས། དབང་ཞུ་བར་གྲ་སྒྲིག་བྱ་མཁན་ཞིག་ཡིན་ཚེ།ངེས་པར་དུ་རལ་དབང་བཞིའི་གདམས་པ་ཐོབ་པའི་སྔགས་པ་ཞིག་གིས་ཞུ་མཁན་གྱི་རལ་བ་བསླེས་རྗེས་སློབ་དཔོན་གྱི་མདུན་ནས་དབང་ཞུས་ཆོག དེ་ནས་ཁོ་ཚོས་ངེས་པར་དུ་ནམ་རྒྱུན་རལ་བ་བསླེས་དགོས་ཀྱི་ཡོད་པ་ལས་གཞན། ཚེ་བསོད་དང་རླུང་རྟ་དར་ཆེད་གཡག་རྩིད་ཅིག་རང་གི་ལན་བུའི་གསེབ་ཏུ་འཇོག ཁོ་ཚོས་ནམ་རྒྱུན་རང་གི་རལ་བ་རས་ནག་པོའི་རལ་ཤུབས་ཤིག་གི་ནང་གཅུས་ནས་བསླེས་ཡོད་ཅིང་། ལྷ་སྐུར་ཕྱག་འཚལ་བ་དང་མཁས་པ་ཞིག་ལ་གུས་འདུད་ཞུ་བ། ཡང་ན་མི་གཞན་འགའ་དང་འཕྲད་དུས་མ་གཏོགས་རལ་ཤུབས་མི་ལེན། ང་ཚོས་རལ་བ་རིང་བོ་འཇོག་པའི་སྲོལ་འདིར་ལོ་ག་ཙམ་ཞིག་འགོར་བ་ཐག་མི་ཆོད་མོད།བོན་གྱི་ཐང་ཀའི་ཁྲོད་གནའ་སྔ་མོའི་བོན་གྱི་མཁས་པ་དག་གིས་ཀྱང་རལ་བ་རིང་བོ་བཞག་ཡོད་པ་མཐོང་ཐུབ། མཁས་པ་ཆེན་པོ་སྤ་སྟོན་དཔལ་མཆོག་གིས་ཁོང་གི་ཚེ་ཕྱེད་དུ་རབ་ཏུ་འབྱུང་བར་དགོངས་ནས་ཁྲོ་ཚང་འབྲུག་ལྷའི་གམ་དུ་ཕྱིན་ཀྱང་། རྗེ་འབྲུག་གིས་ཁོང་གི་ལན་བུ་རེ་རེའི་སྟེང་དུ་ཁྲོ་བོའི་སྐུ་བརྙན་ཡོད་པར་གཟིགས་ནས་དབུ་སྐྲ་གསིལ་བར་དགོངས་པ་མ་འཁྲོལ། ༼གསལ་སྒྲོན།ཤ༢༡༤༽གཉིས་སུ་ཁོ་ཚོས་མིའི་རིགས་ཀྱི་ཐོད་ཕོར་དུ་བཞེས་པ་བཞེས་བཞིན་ཡོད་དེ། རྒྱུ་མཚན་དེ་ནི་རང་བྱུང་ལྷན་སྐྱེས་ཡིན་པས་རེད། གསུམ་དུ་དཀར་པོས་དབུ་ཞྭའི་ཁ་དོག་སྟེ་དཀར་མོ་རྩེ་བརྒྱད་མཚོན། འདས་པའི་ལོ་ཟླའི་ཁྲོད་བོན་པོས་རང་ལ་ཞྭ་དཀར་བསྟན་པའམ་ཞྭ་དཀར་བོན་ཞེས་འབོད་ཀྱི་ཡོད་དེ། རྒྱུ་མཚན་བོན་གྱི་མཁས་པ་ཆེན་པོ་ལི་ཤུ་སྟག་རིང་གིས་དཀར་མོ་རྩེ་བརྒྱད་གསོལ་བས་རེད། བཞི་གཉུག་མའི་སེམས་ནི་བོན་ པོས་སེམས་ཀྱི་རྩ་བར་ངོས་འཛིན་བཞིན་ཡོད་ལ། ཁྱད་པར་ཏུ་རྫོགས་པ་ཆེན་པོར་དེ་ལྟར་གསུངས། བོན་མང་གི་ཆོས་ཐོག་ཁྲོད་སྔགས་པ་རེ་རེས་ངེས་པར་དུ་ཕྱག་གཡོན་པར་སིལ་སྙན་དང་གཡས་པར་ཌ་མ་རུ་ཞིག་འཛིན་དགོས་ལ། དབུ་རུ་དཀར་མོ་རྩེ་བརྒྱད་དང་རག་ཤ་དགོས།བོན་སྔགས་ཁྲོད་ནུས་པ་ཆེ་ཤོས་སུ་འདོད་པའི་སྔགས་པ་ཉུང་ཤོས་ཤིག་གིས་དཀྱིལ་དུ་ཟངས་ཀྱི་མེ་ལོང་ཡོད་པའི་དོམ་ལྤགས་ཟེར་བའི་དབུ་ཞྭ་ཞིག་གསོལ་གྱི་ཡོད། དགུན་ཁར་ཚ་རུ་གསོལ་ཞིང་དར་ཟབ་དམར་པོའི་སྒོམ་ཐག་གཉིས་སྐ་རགས་སུ་བྱེད་ལ་བེར་གོས་གསོལ་ཞིང་དེའི་གོང་བ་ངེས་པར་དུ་གཟིག་ལྤགས་ཡིན་དགོས་པ་དང་བོད་ཀྱི་སྲོལ་རྒྱུན་གྱི་ལྷམ་ཡུ་རིང་གྱོན་དགོས། མཚོ་སྔོན་པོའི་མཐའ་འཁོར་གྱི་བོན་པོའི་ཚོ་སྡེ་ཉུང་དུ་ཕྱིན་པ་ནས། བོན་པོའི་སྤྲུལ་སྐུ་དམིགས་གསལ་བ་ཉུང་ཤས་ཤིག་གིས་གསས་ཁང་དང་དགོན་པ་ཕལ་ཆེ་བར་བདག་དོམ་བྱས། བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོ་ནི་ད་ལྟ་ཨ་མདོའི་བྱང་ཤར་གྱི་རྟོགས་པ་མཐོ་བའི་བོན་པོའི་སྤྲུལ་སྐུ་གལ་ཆེན་ཞིག་ཡིན་པ་དང་། ཁོང་རྒྱུན་དུ་རེབ་གོང་གི་བོན་པོའི་དགོན་པ་ཉག་གཅིག་སྟེ་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་བཞུགས་ཡོད། བོན་བརྒྱ་དགོན་ནི་རེབ་གོང་རོང་བོ་གྲོང་རྡལ་གྱི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་སུམ་བཅུའི་མཚམས་སྟེ། རེབ་གོང་ཆུ་ཁོག་ཡུལ་ཚོའི་བོན་བརྒྱ་ལུང་བར་བཏབ་ཡོད།

རེབ་གོང་བོན་མང་གི་འཆམ་ནི་ཧ་ཅང་སྟབས་བདེ་ཞིག་ཡིན་ཏེ། ཞྭ་ནག་དང་ཨ་བསེ་རྒྱལ་བ། སྲིད་པའི་རྒྱལ་མོ། རྨ་ཆེན་པོམ་ར། སྟག་རི་རོང་། གཤིན་རྗེ། དམུ་བདུད། དམག་དཔོན། མཆོད་པའི་ལྷ་མོ་བཅས་འཆམ་ཆིག་རྐྱང་འགའ་ཞིག་ལས་མེད།

བོན་མང་གཞན་དག

 རེབ་གོང་བོན་མང་ལས་གཞན་ཁྲི་ཀའི་སྟོང་ཆེ་བོན་མང་ནི་མཚོ་སྔོན་པོ་ས་ཁུལ་གྱི་བོན་མང་ཆེ་ཤས་གཉིས་པ་དེ་ཆགས་ཡོད་ལ། སྟོང་ཆེ་ནི་ཁྲི་ཀའི་ལུང་བ་ཆེན་པོ་ཞིག་ཡིན་ཞིང་དེར་ཚོ་བ་བརྒྱ་ཕྲག་ལྷག་གིས་གྲུབ་པའི་བོད་ཀྱི་ཚོ་སྡེ་དགུ་ཙམ་ཡོད། སྟོང་ཆེ་ལུང་བའི་མི་མང་ཆེ་བས་ཞིང་ལས་གཙོ་བོར་གཉེར་བཞིན་ཡོད་ནའང་། ཁྱིམ་ཚང་ཕྱེད་ཙམ་གྱིས་ལུང་བའི་མཐའ་འཁོར་གྱི་རི་ཁུལ་དུ་ཕྱུགས་ཟོག་འཚོ་སྐྱོང་བྱེད། རི་ཁུལ་གྱི་འབྲོག་པའི་ཚོ་བ་མང་པོ་སྟོང་ཆེ་ལུང་བ་ནས་གྱེས་ནའང་སྔར་བཞིན་སྟོང་ཆེ་ཚོ་བ་ཞེས་འབོད་བཞིན་ཡོད་ལ་ཤ་ཁྲག་གི་འབྲེལ་བ་ཡོད་ཚུལ་ཡང་གླེང་། ད་ལྟའི་བར་དུ་སྟོང་ཆེ་རོང་འབྲོག་གཉིས་ཀར་ཚོ་མིང་གཅིག་སོར་བཞག་བྱས་ཡོད་ཀྱང་། སྟོང་ཆེ་ལུང་བའི་རོང་བ་དང་འབྲོག་ཐང་གི་སྟོང་ཆེ་འབྲོག་རུའམ་སྟོང་ཆེའི་རུ་ཡུལ་གཉིས་ཀར་ཁྱད་པར་བཟོས་ཡོད། བོན་དང་རྙིང་མ་བ། དགེ་ལུགས་པ་གསུམ་པ་ནི་སྟོང་ཆེའི་ལྷ་སྡེ་གྲུབ་པའི་ཆོས་ལུགས་ཚོགས་པ་གསུམ་ཡིན། བོན་པོའི་ཚོགས་པར་མཚོན་ན། ཁྱུང་མོ་ཞེས་པའི་དགོན་པ་གཅིག་དང་། སྟོང་ཆེའི་སྐ་རྒྱ་སྡེ་བའི་སྤྱི་ཁང་དང་། དཔོན་ཚང་སྡེ་བའི་ལྷ་ཁང་། སྦ་སར་སྡེ་བའི་ལྷ་ཁང་། ཁྱུང་མོ་སྡེ་བའི་ལྷ་ཁང་བཅས་གསས་ཁང་བཞི་ཡོད། སྟོང་ཆེ་ལུང་བར་གསས་ཁང་ཞེས་པའི་མིང་འདི་སྔར་ནས་ཐུབ་པའི་བསྟན་པའི་ལྷ་ཁང་ངམ་སྤྱི་ཁང་ཞེས་པས་ཚབ་བྱས་ཚར་བས། ཁོ་ཚོས་གསས་ཁང་ཞེས་པའི་མིང་འདི་བཀོལ་སྤྱོད་བྱེད་བཞིན་མེད་མོད། སྔར་བཞིན་བོན་གྱི་གསང་སྔགས་ལ་ཉམས་ལེན་བྱེད་པའི་ཕྱག་སྲོལ་མ་ཉམས་པར་ཡོད། དེར་ཁྱུང་མོ་སྤྲུལ་སྐུ་སྟོབས་ལྡན་དབང་ཕྱུག་ཅེས་པའི་བོན་གྱི་བླ་མ་ཞིག་ཡོད་ཅིང་། ཁོང་ཁྱུང་མོ་དགོན་དང་ཁྲི་ཀའི་སྟོང་ཆེ་དང་རེབ་གོང་གི་སྟོང་ཆེའི་བོན་མང་བཅས་ཀྱི་དབུ་ཁྲིད་དུ་བཀུར། སྟོང་ཆེའི་ཚོ་ཁག་ཅིག་ཡིན་པའི་ཆ་ནས། འབྲོག་པའི་ཚོ་བ་དག་སྟོང་ཆེའི་གསས་ཁང་གི་ཆོས་ཐོག་ཐམས་ཅད་དུ་ཞུགས་ལ། སྟོང་ཆེའི་གསས་ཁང་བཞིའི་སྔགས་པ་མང་པོ་ཡང་འབྲོག་པའི་ཚོ་བ་དག་ནས་ཡོང་། འོན་ཏེ། ཁོ་ཚོ་དུས་རྒྱུན་རྒྱང་ཐག་རིང་ཞིང་སྟོང་ཆེའི་གསས་ཁང་ལ་ཡོང་རྒྱུར་སྟབས་བདེ་མིན་པའི་འབྲོག་ཐང་དུ་སྐྱས་སྤར་བ་ནས། སྟོང་ཆེའི་ནུབ་ཕྱོགས་ཀྱི་སྤྱི་ལེ༡༥༠ལྷག་སར་ཡོད་པའི་འབྲོག་རུའི་སྟོང་སྐོར་དང་འབྲོག་རུའི་དཔོན་ཚང་ཞེས་པའི་ཚོ་བའི་ཚོ་ཁག་ཆེན་པོ་གཉིས་ཀྱིས་ཚོགས་རས་ཤིག་གནས་སྐབས་ཀྱི་གསས་ཁང་དུ་སྤྱད་ནས་ཆོས་ཐོག་འཚོགས་བཞིན་ཡོད། འབྲོག་རུའི་སྟོང་སྐོར་ནི་སྟོང་སྐོར་དང་མར་ནང་ཞེས་དུད་ཁྱིམ་བརྒྱ་ཕྲག་ལས་བརྒལ་བའི་ཚོ་བ་ཆེན་པོ་གཉིས་ཀྱིས་མཉམ་དུ་གྲུབ་པ་ཞིག་ཡིན། ཉེ་བའི་ལོ་བཅུ་ཕྲག་རིང་སྟོང་ཆེ་ཚོ་བས་འབྲོག་ཐང་དུ་སོ་ཕག་དང་ཨར་འདམ་གྱིས་གསས་ཁང་ཞིག་བསྐྲུན་པས། ཁོ་ཚོའི་སྐྱས་སྤོ་བའི་ཚོགས་རས་ཀྱི་གསས་ཁང་མཇུག་གྲིལ་ཞིང་། དེར་སྟོང་སྐོར་སྤྱི་ཁང་ངམ་གཡུང་དྲུང་གསང་སྔགས་གླིང་ཞེས་འབོད་བཞིན་ཡོད། དཔོན་ཚང་ཚོགས་རས་སམ་གཡུང་དྲུང་བསྟན་དར་གསང་སྔགས་གླིང་དེ་སྔར་བཞིན་འབྲོག་ཐང་དུ་ཚོ་བའི་རུ་བ་དང་མཉམ་དུ་སྐྱས་སྤོར། མངོན་གསལ་དོད་པོའི་རྒྱུ་རྐྱེན་གང་མང་ཞིག་གིས་གསས་ཁང་དང་ཚོགས་རས་འདི་གཉིས་ཀར་སྟོང་ཆེའི་ཁྱུང་མོང་སྤྲུལ་སྐུས་དབུ་ཁྲིད་གནང་བཞིན་ཡོད།

ཚོགས་རས་སྤྱོད་པའི་གསས་ཁང་གཞན་ཞིག་ནི་སྟོང་ཆེའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ༡༥༠ལྷག་གི་བོན་བརྒྱ་འབྲོག་ཐང་གི་བོན་བརྒྱའི་གསས་ཁང་ཡིན། བ་ཤི་ཐང་གི་བོན་བརྒྱ་འབྲོག་དང་རེབ་གོང་གི་བོན་བརྒྱ་སྡེ་བ་གཉིས་ཀའི་ཚོ་ཁུངས་གཅིག་པས། བོན་བརྒྱ་རིན་པོ་ཆེས་བོན་བརྒྱའི་ཚོགས་རས་ལའང་དབུ་ཁྲིད་གནང་བཞིན་ཡོད། འབྲོག་རུའི་དཔོན་ཚང་དང་བོན་བརྒྱའི་ཚོགས་རས་གཉིས་ནི་ད་ལྟའི་བོད་ཀྱི་རིག་གནས་ཁོར་ཡུག་ཁྲོད་ཀྱི་བོན་ཆོས་ཀྱི་ཚོགས་རས་སྤྱོད་པའི་གསས་ཁང་ཉག་གཅིག་དེ་ཡིན།

སེར་བརྒྱ་ནི་ཁྲི་ཀའི་སྟག་རིག་ལུང་བའི་སྡེ་བ་ཞིག་ཡིན་ཅིང་། སེར་བརྒྱའི་བོན་མང་ཡང་ཚོགས་པ་ཞིག་ཡིན་ལ། ཁོ་ཚོས་རང་གི་གསས་ཁང་དུ་ཆོས་ལུགས་བྱེད་སྒོ་སྤེལ་བཞིན་ཡོད།

བ་ཡན་དུ་མི་རྣམས་ཀྱིས་བ་ཡན་བོན་མང་གི་ཚབ་ཏུ་དོ་ཤེས་བོན་མང་དང་ཤར་སྟེང་བོན་མང་ཞེས་བཀར་ནས་འབོད་མོད། ཁོ་ཚོས་དོ་ཤེས་སྡེ་བའི་བསྟན་འཛིན་རིན་པོ་ཆེའི་དབུ་ཁྲིད་འོག་གསས་ཁང་དུ་རེས་མོས་བྱས་ནས་ཆོས་ལུགས་བྱེད་སྒོ་སྤེལ།

རེབ་གོང་བྱང་ཕྱོགས་ཀྱི་གཅན་ཚ་རྫོང་གི་སྣང་ར་ལུང་བར། ཞྭ་ཁྲ་སྡེ་བའི་མི་འགྱུར་དཔལ་མོ་གསང་ཆེན་གླིང་གི་ཞྭ་ཁྲ་བོན་མང་ཡོད། ཞྭ་ཁྲ་བོན་མང་དེ་རེབ་གོང་སྡོང་སྐམ་གྱི་རྐ་བར་མ་སྡེ་བ་ནས་གྱེས་པ་དང་། ཁོང་ཚོའི་བླ་མ་སྡོང་སྐམ་སྤྲུལ་སྐུ་སྣང་གསལ་ལྷུན་གྲུབ་མཆོག་དང་ཁོང་གི་ཡང་སྤྲུལ་སྡོང་སྐམ་དཀོན་མཆོག་བསྟན་འཛིན་ལྷུན་གྲུབ་གཉིས་ནི། བོན་བརྒྱ་གཡུང་དྲུང་ཕུན་ཚོགས་དང་ཁོང་གི་སྐུའི་ཡང་སྤྲུལ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་གཉིས་ཀྱི་ཐུགས་སྲས་ཡིན་པས། ཞྭ་ཁྲ་བོན་མང་གི་ཆོས་ལུགས་ཆོ་ག་དེ་རེབ་གོང་བོན་མང་གི་ཆོས་ལུགས་ཆོ་ག་དང་འདྲ་བོ་ཡོད། ངས་གོང་དུ་ཞུས་གསལ་ལྟར་ཐུབ་བསྟན་གྱི་རྗེས་འཇུག་པས་སྔར་ནས་ཞྭ་ཁྲའི་གསས་ཁང་དུ་ཆོས་ལུགས་ཆོ་ག་སྤེལ་བ་དང་ལྷ་སྐུ་བཞེངས་ཚར་བས། བོན་མང་དང་སྔགས་མང༼རྙིང་མའི་སྔགས་པ༽གཉིས་ཀས་ཞྭ་ཁྲའི་གསས་ཁང་དུ་རེས་མོས་བྱས་ནས་ཆོས་ལུགས་ཆོ་ག་སྤེལ་བཞིན་ཡོད་ལ། བོན་པོ་དང་ཐུབ་བསྟན་གྱི་རྗེས་འཇུག་པས་གསས་ཁང་དུ་ཁོ་ཚོའི་ལྷ་སྐུ་འགའ་རེ་བཞེངས་པར་མ་ཟད། ཤཱཀྱ་མུ་ནེ་ནི་གཙོ་སྐུ་དང་པདྨ་འབྱུང་གནས་ཀྱི་སྐུའང་བཞེངས་ཡོད། བོན་པོའི་ལྷ་སྐུ་ཉག་གཅིག་ནི་རྣམ་པར་རྒྱལ་བ་ཡིན་ཞིང་། དེས་ནི་ས་ཁུལ་འདིའི་བོན་ཆོས་དང་ཁོང་ཚོའི་གསས་ཁང་མི་རབས་གཅིག་ཙམ་ལའང་རྒྱུན་བསྲིང་ཐུབ་པའི་རྟགས་མཚན་མཚོན་ཐུབ།

རྩེ་ཁོག་རྫོང་གི་སོ་ནག་བོན་མང་དང་། ཆབ་ཆའི་རྐ་སར་སྡེ་བའི་རྐ་སར་བོན་མང་། ཞྭ་ཁྲ། སྟོང་ཆེ། སེར་ཀྱཱ་བོན་མང་བཅས་ཀྱིས་གུས་པ་ཆེན་མོས་བོན་བརྒྱ་སྤྲུལ་སྐུ་ཁོང་ཚོའི་རྩ་བའི་བླ་མར་བཀུར། མཚོ་སྔོན་པོའི་བྱང་ཁུལ་གྱི་བ་ཡན་ཏོ་ཤེས་དང་ཤར་སྟེང་བོན་མང་ལ་ཁོང་ཚོ་རང་གི་བླ་མས་ཆོས་ལུགས་ཆོ་གར་དབུ་ཁྲིད་གནང་བ་ནས། བོན་བརྒྱ་སྤྲུལ་སྐུ་དང་ཁོང་ཚོའི་བར་འབྲེལ་བ་དེ་ཙམ་ལེགས་པོ་མེད།[12] ཆབ་ཆའི་ནུབ་ཕྱོགས་ཀྱི་སྤྱི་ལེ༡༡༨གྱི་ཆོས་རྗེ་འབྲོག་ཐང་དུ་སྟོང་སྐོར་ཞེས་པའི་སྡེ་བ་གཞན་ཞིག་ཡོད་པ་དེ་སྟོང་ཆེ་ལུང་བའི་སྟོང་སྐོར་ནས་གྱེས་ཤིང་། ད་ལྟ་ཨ་རིག་སྟོང་སྐོར་ཞེས་པའི་འབྲོག་སྡེ་ཆེན་པོ་ཞིག་ཏུ་འཕེལ་ཡོད། ཚོ་བ་འདིའི་མི་མང་ཆེ་བ་སྔར་ནས་སངས་རྒྱས་ཆོས་ལུགས་པར་གྱུར་ཟིན་མོད། ཁོང་ཚོས་ད་ལྟའང་ཁྱིམ་དུ་བོན་གྱི་སྲུང་བ་འགའ་ཞིག་འཛུགས་བཞིན་ཡོད། ཚོ་བ་འདིའི་བོན་གྱི་ཁྱིམ་ཚང་རེ་འགར་བོན་གྱི་ཆོས་ཐོག་འཚོག་སའི་གསས་ཁང་ཆུང་ངུ་ཞིག་ཡོད་པར་མ་ཎི་ཁང་དུ་འབོད། ད་དུང་གསས་ཁང་དང་དགོན་པ་གང་ཡང་མེད་པའི་བོན་པོའི་སྡེ་བ་འགའ་ཞིག་ཡོད་པ་རྡོ་སྦིས་ཀྱི་མར་ནང་གི་སྡེ་བ་གསུམ་དེ། བོན་ཚང་མ་དང་པ་ལུང༼དབལ་ལུང༽། ལྷོ་བ་གསུམ་དེ་མར་ནང་བོན་སྡེ་ཁག་གསུམ་དུ་འབོད་ཅིང་རེབ་གོང་སྤྱི་ཚང་ནས་ཡོང་བར་བཤད། བོན་ཚང་མ་ནི་རྡོ་སྦིས་དཔོན་ཚང་ཡིན་ཞིང་དེར་པཎ་ཆེན་སྐུ་ཕྲེང་བཅུ་བ་སྐུ་འཁྲུངས། དེར་སངས་རྒྱས་ཆོས་ལུགས་པར་གྱུར་ཚར་བའི་ལྷོ་བ་སྡེ་བ་ལས་གཞན་གཉིས་ལ་གསས་ཁང་ཆུང་ངུ་ཞིག་དང་སྔགས་པ་འགའ་ཡོད།
མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་འབའ་རྫོང་གི་སེ་བཟའ་སྡེ་བའི་མི་རྣམས་བོན་པོ་ཡིན་ཞིང་། ཁོ་ཚོས་ཉེ་ཆར་གསས་ཁང་ཆུང་ངུ་ཞིག་བཞེངས་ཡོད།

གནད་དོན་འགའ་ཞིག

མཚོ་སྔོན་པོའི་མཐའ་འཁོར་གྱི་གསས་ཁང་དག་ནི་སྤྱི་ལོ་དུས་རབས་བདུན་པའི་སྐབས་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོའི་དུས་སྐབས་སམ། ཡང་ན་དེ་ལས་ཀྱང་སྔ་བའི་བོད་དབུས་ཀྱི་གསས་ཁང་ངམ་གསས་མཁར་དག་གི་རྒྱུན་མཐུད་ཅིག་ཡིན་པ་ཧ་ཅང་གསལ་བོ་རེད། སྤྱི་ལོ་དུས་རབས་བརྒྱད་པའི་ནང་བོན་པོ་རྣམས་ལ་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་གནོད་འཚེ་ཕོག་པས། བོད་དབུས་སུ་མ་བཞུགས་པར་རྒྱང་ཐག་རིང་བའི་ཨ་མདོ་དང་ཁམས་པའི་ཕྱོགས་སུ་བྲོས་བྱོལ་དུ་ཕེབས་པ་དང་།ད་ལྟ་ཁམས་དང་ཨ་མདོར་ཡོད་པའི་གསས་ཁང་དང་དགོན་པ་དག་ལ་ཁོང་ཚོ་ལྷ་སའམ་ཡང་ན་བོད་དབུས་ཀྱི་ས་ཆ་གཞན་དག་ནས་ཕེབས་པའི་ལོ་རྒྱུས་མང་པོ་ཡིག་ཐོག་དང་ངག་ཐོག་གང་རུང་ན་ཡོད། དཔེར་ན། ང་ཚོས་རེབ་གོང་གི་གསས་ཁང[13]དང་ཁྲི་ཀའི་ཁྱུང་མོང་དགོན་པའི[14]ལོ་རྒྱུས་དག་དྲངས་ཆོག་སྟེ། ས་ཁུལ་འདི་དག་ཏུ་བོད་དབུས་ཀྱི་བྲུ་ཞུ་སྤ་རྨེའུ་ནས་བརྒྱུད་པའི་བོན་གྱི་ གསང་སྔགས་ཆོ་གའི་ཕྱག་ལེན་མང་པོ་ཞིག་ཡོད་དེ། རེབ་གོང་དང་ཁྲི་ཀའི་གསས་ཁང་མང་ཆེ་བས་ད་དུང་ཡང་བྲུ་ལུགས[15]ལྟར་ཆོ་ག་སྤེལ། དགོན་པའི་ལམ་ལུགས་ནང་གྲྭ་ས[16]ནི་མཚོ་སྔོན་པོའི་མཐའ་འཁོར་གྱི་བོན་པོའི་དགོན་པ་མང་པོར་ཆེས་གལ་ཆེ་བ་ཞིག་ཡིན། ང་ཚོས་བོན་མང་སྐོར་གྱི་གནས་ཚུལ་མང་པོ་ཞིག་གསལ་ཐག་མི་ཆོད་ནའང་། དོན་དངོས་འདི་དག་གིས་མཚོ་སྔོན་པོའི་མཐའ་འཁོར་གྱི་བོན་མང་དང་ཁོང་ཚོའི་ཆོ་ག་ནི་བོད་དབུས་ཀྱི་བོན་ཆོས་ཀྱི་རྒྱུད་འཛིན་རིགས་ཤིག་ཡིན་པ་ར་སྤྲོད་བྱས་ཡོད། གསས་ཁང་ལམ་ལུགས་འདི་དགོན་པའི་ལམ་ལུགས་དང་ཁྱད་པར་ཆེན་མོ་ཡོད་ཅིང་དགོན་པའི་ལམ་ལུགས་ལས་བྱུང་ཡང་སྔ་སྟེ། ཐུབ་པའི་བསྟན་པ་བོད་དུ་མ་དར་བའི་ཡར་སྔོན་དུ་བོན་པོའི་སྔགས་པ་དག་གནའ་བོའི་བོད་ཀྱི་སྤྱི་ཚོགས་ཁྲོད་མཐོང་རྒྱུ་ཡོད་པ་གསལ་ཐག་ཆོད། འོན་ཏེ། ང་ཚོས་གསས་ཁང་ལམ་ལུགས་འདི་ག་དུས་ཤིག་ལ་གྲུབ་པ་ད་དུང་ཡང་ཁ་ཚོན་གཅོད་ཐབས་བྲལ།

མཚོ་སྔོན་པོའི་མཐའ་འཁོར་དུ་ད་དུང་ཚོགས་པ་གཞན་ཞིག་བདོག་པ་ནི་ཐུན་མོང་དུ་སྔགས་མང་དང་སྒེར་ངོས་ནས་སྔགས་པའམ་དཔོན་ཞེས་འབོད་པ་དེ་ཡིན་ཅིང་། ཁོ་ཚོ་ནི་རྙིང་མ་བའི་སྔགས་པ་ཡིན་ལ་རང་གི་ཆོས་ལུགས་ཆོ་གའི་བྱེད་སྒོ་ཡོད། ཁོ་ཚོའི་ཆོ་གའི་ལམ་ལུགས་དང་ན་བཟའ་དག་བོན་པོ་དག་དང་ཆ་འདྲ་ཡང་ཆོ་ག་འདྲ་བོ་མེད། དོ་གལ་བྱེད་འོས་པ་ཞིག་ནི་ལྷ་སྐུ་དང་ཐང་ཀ་མ་གཏོགས་ཁོ་ཚོའི་གསས་ཁང་དང་མ་ཎི་ཁང་དེ་ཚོ་བོན་པོའི་གསས་ཁང་དང་འདྲ་བོ་ཡོད་ལ། འགའ་ཞིག་གི་འབྱུང་ཁུངས་ཐད་བོན་པོའི་གསས་ཁང་དང་འབྲེལ་བ་ཡོད་པའི་བཤད་ཚུལ་ཡང་ཡོད། གསས་ཁང་དེ་དག་ཁྲོད་ཀྱི་ག་ཚོད་ཅིག་ཡར་སྔོན་བོན་པོའི་གསས་ཁང་ཡིན་པར་ཚོད་དཔག་བྱེད་དཀའ་ཡང་། ངས་དེ་དག་བོན་པོའི་གསས་ཁང་ནས་རྙིང་མ་བའི་གསས་ཁང་ངམ་མ་ཎི་ཁང་ལ་འཕོ་འགྱུར་བྱུང་བ་ཞིག་ཡིན་པའི་ཁ་ཚོན་གཅོད་ཐུབ། དེར་མ་ཟད། གལ་ཏེ་ཁྱེད་ཀྱིས་རང་གི་མཐོང་རྒྱ་ཆེ་རུ་བསྐྱེད་ནས་བོད་ཀྱི་དགོན་པ་དག་གི་འདུ་ཁང་བོན་པའི་གསས་ཁང་རིགས་གང་མང་ཞིག་ཡིན་པར་བསམ་ན། བ་ཡན་དུ་བོན་པོ་དག་གིས་རང་གི་གསས་ཁང་ལ་འདུ་ཁང་ཞེས་འབོད་བཞིན་ཡོད་པ་རྟོགས་ཐུབ། གལ་ཏེ་ཁྱེད་ཀྱིས་དགོན་པ་ཞིག་བཞེང་ཚེ་འདུ་ཁང་ནི་ཐོག་མའི་ཐག་གཅད་དགོས་པ་དེ་ཡིན་ཅིང་། གཞན་དག་ནི་འདུ་ཁང་ལས་གཞན་པའི་དགོན་པ་བཞེང་བྱེད་ཡིན། གསས་ཁང་དུ་བོན་ཆོས་ཀྱི་དགོན་པའི་ཤུགས་རྐྱེན་ནམ་ཐ་ན་རྙིང་མ་བའམ་དགེ་ལུགས་པའི་དགོན་པའི་ཤུགས་རྐྱེན་ཡང་ལས་སླ་མོར་རྙེད་མོད། བོད་ཀྱི་ལོ་རྒྱུས་སྟེང་ཐོག་མར་ཆོས་ལུགས་ཀྱི་འདུ་གནས་སུ་བཞེངས་པ་ནི་གསས་ཁང་ཡིན། བོད་ཡིག་གི་ཡིག་ཆ་གཞིར་བཟུང་བ་ལྟར་ན་གསས་ཁང་གི་འབྱུང་ཁུངས་དེ་བོད་ཀྱི་རྒྱལ་བོ་ཐོག་མ་གཉའ་ཁྲི་བཙན་པོའི་བར་ཡར་འདེད་ཐུབ་ཀྱི་ཡོད་ལ། རྒྱལ་བོ་སྲོང་བཙན་སྒམ་པོའི་དུས་ཏེ་དུས་རབས་བདུན་པའི་ནང་། བོད་དབུས་སམ་ཐ་ན་ལྷ་སར་ཡང་གསས་ཁང་མང་པོ་བཞེངས་ཡོད། དེ་བས། བོད་པ་ཚོས་དགོན་པ་བཞེངས་དུས་གསས་ཁང་ལས་གཞན་པའི་གསར་རྐྱང་གི་གདམས་གསེས་ཤིག་མེད།

ཐུབ་པའི་བསྟན་པ་བོད་དུ་དར་བ་སྟེ་ཁྱད་པར་ཏུ་དུས་རབས་བདུན་པའི་རྗེས་ཀྱི་དར་སྤེལ་དང་བསྟུན་ནས། ཐུབ་བསྟན་བོད་ཀྱི་ཆོས་ལུགས་གཙོ་བོར་གྱུར་བས། བོན་བསྟན་བས་མཐའི་གྲུ་ཟུར་དག་ཏུ་མི་འཁྱར་ཀ་མེད་བྱུང་བ་དང་། རེབ་གོང་ནི་བས་མཐའ་དེ་གྲས་ཀྱི་གཅིག་ཡིན་ལ་དེ་རུ་ད་དུང་ཡང་གནའ་བོའི་བོན་བསྟན་གྱི་ཁྱད་ཆོས་སམ། ཁྱད་པར་ཏུ་བོན་མང་དང་སྔགས་པའི་ཆོ་གའི་ལམ་ལུགས་མ་འགྱུར་བར་གནས་མུས་ཡིན། བོན་བསྟན་གྱི་གསང་སྔགས་ཉམས་ལེན་བྱེད་པའི་སྔགས་པའམ་དཔོན་དེ་རིགས་མཚོ་སྔོན་པོའི་མཐའ་འཁོར་མ་ཟད་རྒྱལ་རོང་དུའང་བཙན་པོའི་དུས་ནས་བརྒྱུད་པའི་ལམ་ལུགས་རྒྱུད་འཛིན་བྱས་ཡོད། ཁོ་ཚོས་དཔོན་ནམ་སྔགས་པ་ལྟ་བུའི་མིང་གཅིག་པ་བེད་སྤྱོད་བྱེད་བཞིན་མེད་ཀྱང་བོན་བསྟན་གྱི་གསང་སྔགས་ལ་ཉམས་ལེན་བྱེད་བཞིན་ཡོད་ཅིང་། སྤྱི་ཚོགས་ནང་ཆོས་ལུགས་བྱེད་སྒོའང་གཅིག་པ་ཡོད་མོད། ཚོགས་པའི་ངོས་ཀྱི་བོན་མང་གི་རྣམ་པ་དང་ཁོ་ཚོའི་བྱེད་སྲོལ་དཀའ་ཁག་ནང་ལྷུང་འདུག མཚོ་སྔོན་པོའི་མཐའ་འཁོར་གྱི་སྣང་ཚུལ་འདི་ནི་གནའ་བོའི་བོན་བསྟན་གྱི་རྒྱུན་མཐུད་ཅིག་རེད་དམ་ཡང་ན་བོན་པོའི་གསར་གཏོད་ཅིག་རེད།

ངས་གོང་དུ་བཀོད་པའི་གནས་ཚུལ་གཞིར་བཟུང་ན། མཚོ་སྔོན་པོའི་མཐའ་འཁོར་གྱི་བོན་པོའི་ཚོ་སྡེ་དག་ནི་གཞི་རྒྱ་ཆུང་ཞིང་། ཐུབ་བསྟན་གྱི་རྗེས་འཇུག་པས་མཐའ་བསྐོར་བའི་བས་མཐར་ཚོགས་པ་ཆུང་ངུ་མང་པོར་བགོས་ནས་ཡོད། རེབ་གོང་དང་སྟོང་ཆེ།བ་ཡན་ལྟ་བུའི་བརྟན་བརླིང་གི་ཚོ་སྡེ་རེ་འགའ་མ་གཏོགས་ཕལ་ཆེ་བ་ཞིག་འཇིགས་ལ་ཉེ་སྟེ། ཚོ་སྡེ་དེ་དག་སྔར་ནས་གྲུབ་ཚར་ཡང་དད་མོས་འགྱུར་བཞིན་ཡོད་པས། བོན་པོའི་ཁྱིམ་ཚང་དང་སྔགས་པ་དག་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད། འདི་ལ་རྒྱུ་རྐྱེན་རིགས་གཉིས་བདོག་སྟེ་གཅིག་ནས་མི་རབས་གསར་བའི་ཆོས་ལུགས་དད་མོས་ཡུན་གྱིས་རྨེག་མེད་དུ་འགྲོ་བཞིན་པ་སྟེ། ཁོ་ཚོའི་དེང་རབས་ཀྱི་འཚོ་བར་བཅིངས་པའི་དགའ་མོས་ཆེ་རུ་འགྲོ་བཞིན་པ་དང་། གཉིས་ནས་བོན་པོ་ཞིག་ལས་ཐུབ་བསྟན་གྱི་རྗེས་འཇུག་པ་ཞིག་བྱེད་རྒྱུ་ནི་རྒྱུགས་ཆེ་ཞིང་ཐ་ན་ང་རྒྱལ་ཞིག་ཏུ་བརྩི་བ་དེའོ།། དེ་ནི་སྤྱིར་བཏང་དུ་བོན་ཆོས་ནི་བོད་ཀྱི་སྤྱི་ཚོགས་ཁྲོད་དད་མོས་ངན་པ་ཞིག་ཏུ་བརྩིས་པས། བོན་པོ་དག་གིས་མི་འདོད་པའི་ངང་རང་ཉིད་ནི་བོན་ཆོས་ལ་དད་མོས་ཡོད་པ་ཁས་ལེན་ཅིང་ཁྱད་པར་ཏུ་བོན་གྱི་ཚོ་སྡེ་དག་གི་ཕྱི་ལོགས་སུ་དེ་ལྟར་ཡིན། མཚོ་སྔོན་པོའི་མཐའ་འཁོར་དུ་རེབ་གོང་ནི་བོན་པོའི་ཚོ་སྡེ་དག་གི་ལྟེ་གནས་ཡིན་ཏེ། བོན་པོ་དག་གཞིར་བཟུང་བ་ལྟར་ན་རེབ་གོང་ནི་མི་དམངས་འདུས་སྡོད་བྱེད་ས་ཆེ་ཤས་ཙམ་མ་ཡིན་པར་དེར་གལ་གནད་ཆེ་བའི་མཁས་པ་མང་པོ་ཡོད་པས་ཡིན། འོན་ཀྱང་། དེ་ལས་ཀྱང་གལ་ཆེ་བ་ནི་རེབ་གོང་གིས་གཟབ་ནན་ངང་བྱེད་ཐབས་མང་པོས་སྲོལ་རྒྱུན་རྒྱུན་འཛིན་བྱེད་བཞིན་ཡོད་ལ་ཚོ་སྡེ་གཞན་དག་དེ་ལས་ལྡོག་པའོ།།

མཚོ་སྔོན་པོའི་མཐའ་འཁོར་གྱི་བོན་མང་ནི་ད་ལྟའི་བོན་མང་ལ་ཞིབ་འཇུག་བྱེད་པའི་ལྡེ་མིག་ཙམ་མ་ཡིན་པར། གནའ་བོའི་བོན་ཆོས་ཏེ་ཐུན་མོང་ངམ་སྒེར་ངོས་ཀྱི་སྔགས་པའམ་སྤྱི་ཚོགས་ཁྲོད་ཀྱི་ཁོ་ཚོའི་བྱེད་སྒོ་ལ་ཡང་ངོ་།།

ལུང་ཁུངས་དང་མཆན་འགྲེལ།

[1] «ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་མ་བཅོས་གསེར་གྱི་ཡང་ཞུན» ཀུན་བཟང་བློ་གྲོས་ཀྱིས་བརྩམས། གཡུང་དྲུང་གླིང་དགོན་པའི་ལག་བྲིས་མ། ཤ༢༥༤།

[2] བྲུ་རྒྱལ་བ་གཡུང་དྲུང་། ཞུ་ཡས་ལེགས་པོ། སྤ་སྟོན་དཔལ་མཆོག རྨེའུ་དཔལ་ཆེན།

[3] དཔལ་ཅེས་པ་ནི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་ཁུལ་རོང་བྲག་རྫོང་གི་དགེ་བཤེས་ཁོག་ཅེས་པའི་སྔགས་པ་མི་སྒེར་གྱི་འབོད་མིང་ཞིག་ཡིན།

[4] གཤེན་པོ་ཞེས་པ་ནི་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཁྲོ་སྐྱབས་རྫོང་གི་སྔགས་པ་མི་སྒེར་གྱི་འབོད་མིང་ཞིག་ཡིན།

[5] «ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར» ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ཤ༡༦༧། ༡༩༨༥ལོ།

[6] «འབེལ་གཏམ་ལུང་གི་སྙིང་བོ» བསྟན་འཛིན་རྣམ་དག་གིས་བརྩམས། ཤ༧༩། དོ་ལན་ཅི།

[7] «བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ» སྤ་བསྟན་རྒྱལ་བཟང་པོས་བརྩམས། པེ་ཅིང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།ཤ༡༥༨། ༡༩༡༡ལོ།

[8] «ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར» ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ཤ༡༣༠ནས༡༣༢། ༡༩༨༥ལོ།

[9] «མདོ་སྨད་ཆོས་འབྱུང་ངམ་ཡུལ་མདོ་སྨད་ཀྱི་ལྗོངས་སུ་ཐུབ་བསྟན་རིན་པོ་ཆེ་ཇི་ལྟར་དར་བའི་ཚུལ་གསལ་བར་བརྗོད་པ་དེབ་ཐེར་རྒྱ་མཚོ» བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤ༦༦༡། ༡༩༨༢ལོ།

[10][11] «བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ལོ་རྒྱུས་མདོར་བསྡུས» བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བརྩམས། ཤ༥ན། ལག་བྲིས་མ།

[12] ད་ལྟའི་བ་ཡན་བོན་མང་གི་དབུ་ཁྲིད་ནི་བསྟན་འཛིན་དབང་རྒྱལ་ཡིན་ཞིང་། ཁོང་ནི་རྩེ་དབུས་ཚང་བསོད་ནམས་གཡུང་དྲུང་དབང་རྒྱལ༼༡༨༩༣-༡༩༤༩༽གྱི་སྲས་ཡིན། རྩེ་དབུས་ཚང་ལ་མཱ་པུ་ཧྥང་གིས༼ཤར་ཕྱོགས་སྔགས་བོན་དགོན་གྲོང་སྤྱིའི་བླ་མ་རྩེ་དབུས་པ༽ཞེས་པའི་ཐོབ་དང་ཐམ་ཀ་གནང་སྟེ།ཤར་ཕྱོགས་ཀྱི་བོན་མང་དང་དགོན་པ།མི་དམངས་བཅས་ཀྱིས་བླ་མར་བསྐོས་པས།དུས་རབས་ཉི་ཤུ་བའི་དུས་མགོར་དབང་ཤུགས་ཧ་ཅང་ཆེན་པོ་ལྡན། ད་ལྟའི་བླ་མ་འདི་ནི༡༩༣༢ལོར་སྐུ་འཁྲུངས་ཤིང་རྔ་བའི་སྣང་ཞིག་དགོན་གྱི་ཀུན་བཟང་རིན་པོ་ཆེའི་ཡང་སྤྲུལ་དུ་ངོས་བཟུང་།

[13] ངག་བརྗོད་ལོ་རྒྱུས་ལྟར་ན། དྲན་པ་ནམ་མཁའ་ཐོག་མར་རེབ་གོང་དུ་ཕེབས་ཤིང་། རེབ་གོང་ལྷོ་ཕྱོགས་ཀྱི་གོང་མོ་གུར་ཁང་དུ་སྒྲུབ་པ་ཉམས་ལེན་བྱས་པ་དང་། ཨ་བ་ངོས་བཟང་ཞེས་པའི་དགོན་པ་ཞིག་ཀྱང་བཏབ། དེ་ནས་བོད་དབུས་ཀྱི་ཁྱུང་ཚང་གི་སྤུན་མཆེད་གསུམ་ཆོས་ལུགས་གྲུབ་མཐའ་མ་མཐུན་པར་གནོད་འཚེ་ཕོག་ཏེ་རེབ་གོང་དུ་བྲོས་བྱོལ་དུ་ཕེབས་པ་དང་དེར་བོན་ཆོས་དར་སྤེལ་བཏང་། དེ་བས་རེབ་གོང་བོན་མང་ཁོང་ཚོ་ནས་འཕེལ་ཡོང་བ་ཡིན།

[14] ཁྱུང་མོང་དགོན་པ་ནི་ཁྲི་ཀའི་སྟོང་ཆེ་ལུང་བའི་བོན་པོའི་དགོན་པ་ཉག་གཅིག་དེ་ཡིན། གཤེན་གྱི་དགེ་སྦྱོང་ཁྲི་ཀ་བ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་ལག་བྲིས་མ་རྩོམ་འཕྲོ་ཅན་ལྟར་ན། སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་ནི་ཁྱུང་མོང་དགོན་པ་ཕྱག་འདེབས་གནང་མཁན་དེ་ཡིན་པ་དང་། ཁོང་ནི་ནག་ཆུ་ཁའི་སོག་སྡེ་ཞིག་ཏུ་སྐུ་འཁྲུངས་ཤིང་གཙང་གི་གཡས་རུ་དབེན་ས་དགོན་པར་རབ་ཏུ་བྱུང་། ཕྱིས་སུ་ཨ་མདོའི་ཁྲི་ཀར་ཕེབས་ཏེ་བོན་ཆོས་དར་སྤེལ་བཏང་།

[15] བྲུ་ནི་བྲུ་རྒྱལ་བ་གཡུང་དྲུང༼༡༢༤༢-༡༢༩༠༽ལ་གོ་ཞིང་། ཁོང་ནི་གཤེན་ཆེན་ཀླུ་དགའི་ཐུགས་སྲས་ཕུལ་བྱུང་བཞིའི་གྲས་ཀྱི་གཅིག་ཡིན། ཁོང་གིས་བོན་གྱི་ཆོས་ལུགས་དར་སྤེལ་གཏོང་བར་ཕྱག་རྗེས་གལ་ཆེན་བཞག་ཡོད་པས། བྲུ་ལུགས་ནི་བོན་ཆོས་ཀྱི་གལ་གནད་ཆེ་བའི་ཆ་ཤས་ཤིག་ཡིན། པཎ་ཆེན་སྐུ་ཕྲེང་ལྔ་བ་དང་བརྒྱད་པ་གཉིས་སྔ་རྗེས་སུ་ཁོང་གི་ཁྱིམ་རྒྱུད་ནས་སྐུ་འཁྲུངས་པས། བྲུ་ཚང་ཞེས་པ་དེ་བོན་གྱི་ལོ་རྒྱུས་ཁྲོད་མི་མངོན་པར་གྱུར། ཡིན་ནའང་། བྲུ་ལུགས་དེ་སྔར་བཞིན་བོན་གྱི་ཆོས་ལུགས་ཁྲོད་གནས་མུས་ཡིན།

[16] སྤྱི་ལོ༡༣༨༦ལོར་གཡས་རུ་དབེན་ས་དགོན་པ་ཤྭ་འོད་ཀྱིས་འཇིགས་རྗེས། ཤེས་རབ་རྒྱལ་མཚན་དང་ཁོང་གི་སྨན་རི་དགོན་པ་གཉིས་བོན་གྱི་ཆོས་ལུགས་དང་ཁྱད་པར་དུ་དགོན་པའི་ལམ་ལུགས་ནང་གལ་ཆེན་ཞིག་ཏུ་གྱུར་བ་དང་། མཚོ་སྔོན་པོའི་མཐའ་འཁོར་གྱི་བོན་པོའི་གྲྭ་བ་མང་པོ་སྨན་རི་དགོན་པར་ཕྱིན་ནས་སྡོམ་པ་ནོད་ཅིང་དེར་ཁོང་ཚོས་གྲྭ་སར་འགྲོ་བ་ཞེས་འབོད།

(རྩོམ་ཡིག་འདི་ཆེས་ཐོག་མར་སྤྱི་ལོ༢༠༡༤ལོའི་ལོ་མཇུག་ཏུ་བསྒྱུར་ཅིང་ཕྱིས་རྩོམ་པ་པོ་རྒན་ཚེ་རིང་ཐར་ལགས་ཀྱིས་པར་དབང་གནང་བར་མ་ཟད། སྔ་རྗེས་སུ་ཁོང་གིས་ཨེ་མལ་བརྒྱུད་དེ་ཞུ་དག་ཐེངས་འགའ་ཡང་གནང་བར་ཆེད་དུ་ཐུགས་རྗེ་ཆེ་ཞུས་པ་ཡིན།)

[རྩོམ་ཁུངས། ཧི་མ་ལ་ཡའི་བོན།]

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།