ཀྲུང་གོ་བོད་ཀྱི་དྲ་བ།

བརྡ་སྤྲོད་སུམ་བརྒྱ་བཀླགས་པའི་འཆར་སྣང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཟླ་བ་འོད་ཟེར།   སྤེལ་དུས། : 2017-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བདག་ནི་མི་ལོ་དུ་མ་ཞིག་ལ་བོད་ཀྱི་བརྡ་སྤྲོད་རིག་པ་ལ་འགྲོག་འདྲིས་ཟབ་པ་དང་། ལྷག་ཏུ་ད་ལོ་ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་ཞུས་ཆེན་པའི་སྡེ་ཁག་ཏུ་ལས་ཀར་ཞུགས་པའི་ཡུན་ལ་གནའ་དེང་གི་བོད་ཀྱི་མཁས་པ་མང་བོས་མཛད་པའི་བོད་ཀྱི་བརྡ་སྤྲོད་རིག་པའི་དཔེ་ཆ་སུམ་བརྒྱ་ལྷག་ལ་མཇལ་བའི་སྐལ་བ་བྱུང་།

བོད་ཀྱི་བརྡ་སྤྲོད་ཅེ་ན། མིང་ཚིག་དག་པར་བྱེད་པ་དག་ཡིག་གི་སྐོར་དང་། ཕྲད་རྣམ་དབྱེ་དག་པར་སྦྱོར་བ་སུམ་ཅུ་བའི་སྐོར། བྱ་ཚིག་གསལ་བར་བྱེད་པ་རྟགས་འཇུག་གི་སྐོར། འདི་གསུམ་གྱི་ནང་དུ་ཕལ་ཆེར་མ་ཚུད་པ་མེད་པ་དང་། འདི་དག་གི་གཞུང་ཡང་ཕར་དེད་ན་སུམ་རྟགས་གཉིས་ཀྱི་ནང་དུ་འདུས་པར་སྣང་།

སུམ་རྟགས་གཉིས་ཀྱི་རྩ་བ་ནི་ཀུན་གྱིས་ཤེས་གསལ་ཉུང་ཉུང་ཙམ་རེ་མ་གཏོགས་མེད་པ་དེ་རེད། ཡོངས་གྲགས་སུ་སུམ་རྟགས་ཀྱི་རྩ་བ་ནི་དུས་རབས་བདུན་པའི་དུས་དཀྱིལ་དུ་བྱོན་པའི་སློབ་དཔོན་ཐོན་མི་ཟེར་བ་ཞིག་གིས་རྒྱ་གར་གྱི་ཡིག་རིགས་ཤིག་ལ་དཔེར་མཛད་དེ་བོད་ཡིག་གསར་གཏོད་མཛད་པ་མ་ཟད། བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་བརྒྱད་མཛད་པར་གྲགས། ཡང་ལ་ཤས་ཀྱིས་ཞང་ཞུང་དང་རྒྱ་གར་གྱི་ཡི་གེ་སོགས་ལ་གཞི་མཛད་ནས་སློབ་དཔོན་ཐོན་མིས་བོད་ཀྱི་ཡི་གེ་གསར་གཏོད་མཛད་པ་མ་ཡིན་པར་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་མཛད་པ་ཡིན་ཟེར།

བདག་གིས་འདི་སུས་མཛད་པ་གཙོ་བོ་མ་ཡིན་པར། ང་ཚོ་ལ་ད་ཡོད་ཀྱི་བརྡ་སྤྲོད་ཀྱི་གཞུང་འདི་དག་གི་མ་འདང་ས་ཁ་སྐོང་དང་གཅིག་གྱུར་གྱི་ལམ་གར་འགྲོ་བ་གལ་ཆེ་སྙམ། དེ་བས་འདིའི་ཕྱོགས་ནས་བདག་གིས་མཐོང་བའི་གནད་དོན་འགའ་རེ་ཟུར་དུ་བཏོན་ནས་གླེང་རྒྱུ་ཡིན།

༡ སུམ་ཅུ་བའི་སྐབས་ཀྱི་གནད་དོན་ནི། ད་དྲག་མི་མངོན་པར་བཏང་བ། 

༢ རྟགས་འཇུག་གི་སྐབས་ཀྱི་གནད་དོན་ནི། བྱ་ཚིག་ལ་འབྲི་སྟངས་གཉིས་བྱུང་ཡོད་པ། 

༣ དག་ཡིག་གི་སྐབས་ཀྱི་གནད་དོན་ནི།  མིང་ཚིག་སྐོར་ཞིག་ལ་འབྲི་སྟངས་མང་བ་དང་ཤད་འཇོག་སྟངས་མི་འདྲ་བ་རེ་གཉིས་བྱུང་ཡོད་པའོ།། 

དང་བོ།  སུམ་ཅུ་བའི་སྐབས་ཀྱི་གནད་དོན་ནི། ད་དྲག་མི་མངོན་པར་བཏང་བ།

༡ ད་དྲག་གི་ཁུངས་ངོས་འཛིན་པ། ༢ ད་དྲག་སུས་མི་མངོན་པར་བཏང་བ། ༣ ད་དྲག་མི་མངོན་པར་བཏང་བའི་གནོད་པ། ༤ ད་དྲག་གི་གནད་དོན་སྟབས་བདེ་མོའི་སྒོ་ནས་ཐག་གིས་གཅོད་ཐབས་བཅས་ཚན་པ་བཞིའི་སྒོ་ནས་གླེང་བར་བྱའོ།།

༡ ད་དྲག་གི་ཁུངས་ངོས་འཛིན་པ།

ད་དྲག་གི་ཁུངས་ནི་སློབ་དཔོན་ཐོན་མིས་མཛད་པའི་སུམ་ཅུ་བའི་ནང་དུ། དབྱངས་བཞི་དང་གསལ་བྱེད་སུམ་ཅུ། གསལ་བྱེད་དེ་ལ་ཡང་མིང་གཞི་དང་སྔོན་འཇུག  རྗེས་འཇུག་སོགས་གསལ་བོར་བསྟན་ཡོད་ན་ཡང་། ཡང་འཇུག་ད་དྲག་དང་ས་དྲག་གཉིས་གསལ་བོར་བསྟན་མེད། ཕྱིས་ཀྱི་མཁས་པ་དག་གིས་ད་དྲག་དང་ས་དྲག་ཤུགས་བསྟན་ཡིན་པ་དང་། དེའི་ཁུངས་ནི། སུམ་ཅུ་བའི་རྩ་ལས། བསླབ་པ་ཀུནད་ཀྱི་གཞི་འཛིནད་ཅིང་།། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།།  ཞེས་པ་ལས། ཀུནད་དང་འཛིནད་དང་། རྣམས། ཞེས་པ་ད་དྲག་དང་ས་དྲག་གི་ཁུངས་ཡིན་པར་ངོས་འཛིན་བྱེད་དོ།།

༢ ད་དྲག་སུས་མི་མངོན་པར་བཏང་བ།

སྤྱི་ལོ ༡༠༥༩ ནས ༡༡༠༩ རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་མཛད་པའི༼དག་ཡིག་ཉེར་མཁོ་བསྡུས་པ།༽ལས། ན་ར་ལ་གསུམ་རྗེས་སུ་ནི།། སྒྲ་བསྒྱུར་སྔ་མས་ད་དྲག་བཞེད།། དེ་ཚེ་ཅིང་ཅེས་ཅིག་འཐོབ་ཀྱང༌།། ཕྱི་མ་རྣམས་ཀྱིས་ད་དྲག་དོར།། ཞེས་པ་ལྟར། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་བོ་སོགས་ཀྱིས་སྐད་གསར་བཅད་ཐེངས་གསུམ་པ་བྱས་པ་དེའི་སྐབས་སུ་མི་མངོན་པར་བྱས་པར་གྲགས་ལ། དེ་ནས་བཟུང་བོད་ཡིག་གི་ཐོབ་ཐང་འཆོལ་བའི་མགོ་ཚུགས་ཞེ་ནའང་མི་ཆོག་པ་མེད་པར་འདོད། ད་དྲག་མི་མངོན་པར་གཏོང་མཁན་ནི། སྐད་གསར་ཐེངས་གསུམ་པ་བྱེད་མཁན་དག་གོ།།

༣ ད་དྲག་མི་མངོན་པར་བཏང་བའི་གནོད་པ།

ད་དྲག་མི་མངོན་པའམ་མེད་པར་་བཏང་བའི་གནོད་པ་ནི། རྗེས་འཇུག་པ་བལྟོས་དགོས་པའི་ཕྲད་རྣམས་ལས། རྗེས་འཇུག་ན་ར་ལ་གསུམ་དང་འབྲེལ་བ་ཡོངས་ཀྱི་ཐོབ་ཐང་འཆོལ་ཡོད་དེ། སུམ་ཅུ་པའི་སྐབས་ཀྱི་ཚིག་ཕྲད་ཀྱི་རིམ་པ་བཞིན་བརྗོད་པར་བྱའོ།

གཅིག རྫོགས་ཚིག་དང་འབྲེལ་བ་ཡོད་པ་ནི། ༡ མིང་ཚིག་ལ་རྫོགས་ཚིག་སྦྱར་བའི་སྐོར་ནས་གཅིག་གྱུར་མེད་པ་ནི། ཀུན་ནོ།། ཀུནད་ཏོ།། རབ་འབྱོར་རོ།། རབ་འབྱོརད་ཏོ།། གོང་འཕེལ་ལོ།། གོང་འཕེལད་ཏོ།། ལྟ་བུའོ།། ༢ བྱ་ཚིག་ལ་རྫོགས་ཚིག་སྦྱར་བའི་སྐོར་ནས་གཅིག་གྱུར་མེད་པ་ནི། བསྟན་ནོ།། བསྟནད་ཏོ།། བསྒྱུར་རོ།། བསྒྱུརད་ཏོ།། གསལ་ལོ།། གསལད་ཏོ།། ལྟ་བུའོ།།

གཉིས་པ།  ལ་དོན་དང་འབྲེལ་བའི་སྐོར་ནས་གཅིག་གྱུར་མེད་པ་ནི།  ཀུན་དུ། ཀུནད་ཏུ། ཕ་རོལ་དུ། ཕ་རོལད་ཏུ། ལྟ་བུའོ།།

གསུམ་པ། བྱེད་འབྲེལ་གྱི་ཕྲད་དང་འབྲེལ་བའི་སྐོར་ནས་གཅིག་གྱུར་མེད་པ་ནི།  ༡ འབྲེལ་བ་ནི།  ཀུན་གྱི། ཀུནད་ཀྱི།  ཕར་ཕྱིན་གྱི། ཕར་ཕྱིནད་ཀྱི། ཕ་རོལ་གྱི། ར་ཕོལད་ཀྱི།  ༢ བྱེད་སྒྲ་ནི། ཀུན་གྱིས། ཀུནད་ཀྱིས།  ཕར་ཕྱིན་གྱིས ཕར་ཕྱིནད་ཀྱིས།   ཕ་རོལ་གྱིས། ར་ཕོལད་ཀྱིས།  ལྟ་བུའོ།།

བཞི་བ། རྒྱན་སྡུད་ཀྱི་ཀྱང་ཡང་འང་དང་འབྲེལ་བའི་སྐོར་ནས་གཅིག་གྱུར་མེད་པ་ནི།   བསྟན་ཡང་། བསྟནད་ཀྱང་། བསྒྱུར་ཡང༌། བསྒྱུརད་ཀྱང་།   ཡིན་ཡང་། ཡིནད་ཀྱང་། ལྟ་བུའོ།།

ལྔ་བ། ལྷག་བཅས་ཀྱི་ཕྲད་དང་འབྲེལ་བའི་སྐོར་ནས་གཅིག་གྱུར་མེད་པ་ནི། ཀུན་ཏེ།   ཀུནད་དེ།  བསྒྱུརད་དེ། བསྒྱུར་ཏེ།  བསྟན་ཏེ། བསྟནད་དེ།  ལྟ་བུའོ།།

དྲུག་པ། ཚིག་ཕྲད་ཞིང་སོགས་དང་འབྲེལ་བའི་སྐོར་ནས་གཅིག་གྱུར་མེད་པ་ནི། སྟོནད་ཅིག་དང་སྟོན་ཞིག  བྱིནད་ཅིག་དང་བྱིན་ཞིག  བསྟན་ཞིང་། བསྟནད་ཅིང་། བསྒྱུར་ཞིང་། བསྒྱུརད་ཅིང་། བསྐྲུན་ཞིང་། བསྐྲུནད་ཅིང་སོགས་ལྟ་བུའོ།།

གོང་གི་དཔེར་བརྗོད་དག་ནི། ད་དྲག་མི་མངོན་པར་བྱས་ནས་བོད་ཀྱི་ཡིག་གི་ཐོབ་ཐང་གཅིག་གྱུར་མ་ཡིན་པར་གྱུར་པའི་གནས་ཚུལ་རེད། འདི་ནི་ངས་གང་བྱུང་བཤད་ནི་མ་ཡིན་པར། གནའ་དེང་གི་བོད་ཀྱི་དཔེ་ཆ་མང་བོ་བཀླགས་པའི་ཁྲོད་ནས་བུད་པའི་གནས་ཚུལ་རེད། འདི་ནི་ང་ཚོས་ངེས་པར་དུ་ཐག་གཅོད་དགོས་པའི་བྱ་བ་རེད། འདི་ནི་ང་ཚོས་ཀྱང་ཐག་མི་ཆོད་པ་མེད་པའི་བྱ་བ་ཞིག་ཀྱང་རེད།

༤ ད་དྲག་གི་གནད་དོན་སྟབས་བདེ་མོའི་སྒོ་ནས་ཐག་གིས་གཅོད་ཐབས།

དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་ལེགས་བཤད་ལྗོན་དབང་དུ།

རྫོགས་ཚིག་གི་ཐད་དུ། དྲག་ཡོད་ཏོ་དང་མཐའ་མེད་འོ།།  

ལ་དོན་གྱི་ཐད་དུ། ས་སུ་ག་བ་དྲག་མཐར་ཏུ།།

བྱེད་འབྲེལ་གྱི་ཐད་དུ། ད་བ་ས་ཀྱི་ག་ང་གི །

རྒྱན་སྡུད་ཀྱི་ཐད་དུ། ག་ད་བ་ས་དྲག་མཐར་ཀྱང་།།

ལྷག་བཅས་ཀྱི་ཐད་དུ། ན་ར་ལ་ས་དྲག་མཐར་ཏེ།།

འབྱེད་སྡུད་ཀྱི་ཐད་དུ། སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས།།

ཚིག་ཕྲད་ཞིང་སོགས་ཀྱི་ཐད་དུ། ག་ད་བ་དང་ད་དྲག་མཐར།། ཅིང་ཅེས་ཅེའོ་ཅེ་ན་ཅིག།

ཅེས་པ་འདིའི་ནང་བཞིན་དུ་འགྲོ་དགོས་པ་གལ་ཆེ་བ་དང་། དེ་ལས་ད་དྲག་ཡོད་དང་མེད་ཤེས་དགོས་པ་ཡང་གཙོ་ཆ་སྟེ། སྔོན་གྱི་བརྡ་སྤྲོད་མཁས་པ་བསྟན་དར་ལྷ་རིམས་པའི་ཡི་གེ་བཤད་པ་མཁས་པའི་ཁ་རྒྱན་ལས། རྣམ་པ་ཀུན་ཏུ་ད་དྲག་ཡོད་པའི་མིང་ཚིག་འགའ་བསྟན་འདུག་པ་འདི་ཉིད་གཞི་རུ་བཞག་ན་འགྲིག་པར་མངོན་ཏེ། ད་དྲག་གི་ཕྱོགས་ནས་གསལ་ཁ་ཐོན་པའི་བརྡ་སྤྲོད་ནི་ཉིན་མོའི་སྐར་མ་འདྲ་བས་སོ།།

དེ་བས་རྣམ་པ་ཐམས་ཅད་དུ་ད་དྲག་ཡོད་པའི་མིང་ཚིག་ནི།   ཀུནད། མཁྱེནད། འོནད་། ཐརད་པ། ཕར་ཕྱིནད། འབྱོརད་པ། འཛིནད་ཅིང་། ཤིནད་ཏུ་སོགས་དང་། དུས་གསུམ་ལས་ད་དྲག་གི་འཇུག་ཡུལ་དུ་གྱུར་པའི་འདས་པ་དང་སྐུལ་ཚིག་ལ་ངེས་པར་དུ་ད་དྲག་ཡོད་པར་བྱས་ན། དཔེར་ན། དུས་ད་ལྟ་བར་སྟོན་ཞིང་། དུས་མ་འོངས་པར་བསྟན་ཞིང་། འདས་པ་ལ་བསྟནད་ཅིང་། སྐུལ་ཚིག་ལ་སྟོནད་ཅིག ལྟ་བུའི་དཔེར་བརྗོད་འདིས་སྤྱི་འགྲོས་ཤིག་སྟོན་ཐུབ་སྙམ་མོ།།

ད་དྲག་ཕྱིར་མངོན་པར་བྱས་ནས་གོང་གི་འདི་ལྟར་དུ་སོང་བ་ཡིན་ན། རྙོག་དྲ་ཆེན་པོ་མེད་སྙམ་མོ།།

༢ རྟགས་འཇུག་གི་སྐབས་ཀྱི་གནད་དོན་ནི།

 ༡ བྱ་ཚིག་ལ་འབྲི་སྟངས་གཉིས་བྱུང་ཡོད་པ།

བྱ་ཚིག་བཀོལ་སྟངས་ཀྱི་ཆ་ནས་འབྲི་ཚུལ་གཉིས་བྱུང་དང་འབྱུང་བཞིན་འདུག་པ་ནི་བརྡ་སྤྲོད་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ན་ཤེས་ཚོད་ཡིན་ཏེ། འབྲི་སྟངས་གཅིག་ནི། དགེ་འདུན་པ་རྣམས་ཀྱིས་ཁ་སང་སྦྱིན་བསྲེགས་བྱས། དེ་རིང་སྦྱིན་སྲེག་བྱེད་ཀྱིན་འདུག སང་ཉིན་སྦྱིན་བསྲེག་བྱ་རྒྱུ་རེད། གནངས་ཉིན་སྦྱིན་སྲེགས་བྱོས། ཞེས་པ་འདི་རེད། འབྲི་སྟངས་འདིས་སྦྱིན་གྱི་ཚིག་གྲོགས་སྲེག་དེ་དུས་གསུམ་སྐུལ་ཚིག་དང་བཅས་པར་འགྱུར་བ་གཏོང་བཞིན་པ་དེ་རེད།

ཡང་འབྲི་སྟངས་གཞན་པ་ནི། དཔེར་ན། དགེ་འདུན་པ་རྣམས་ཀྱིས་ཁ་སང་སྦྱིན་སྲེག་བྱས། དེ་རིང་སྦྱིན་སྲེག་བྱེད་ཀྱིན་འདུག སང་ཉིན་སྦྱིན་སྲེག་བྱ་རྒྱུ་རེད། གནངས་ཉིན་སྦྱིན་སྲེག་བྱོས། ཞེས་པ་འདི་རེད། འབྲི་སྟངས་འདིས་སྦྱིན་གྱི་ཚིག་གྲོགས་སྲེག་དེ་དུས་གསུམ་སྐུལ་ཚིག་དང་བཅས་པར་འགྱུར་བ་གཏོང་གི་མེད་པ་དེ་རེད།

འདི་ལ་སྔོན་གྱི་བརྡ་སྤྲོད་རྣམས་ཀྱི་ཁྲོད་ལས། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་བརྩམས་པའི་ལུང་དུ་སྟོན་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྣམ་འགྲེལ་ལེགས་བཤད་སྣང་བྱེད་ནོར་བུ་ལས། གསལ་ཁ་ཞིག་བྱས་འདུག་པ་འདི་ལྟར། གཞན་ཡང་མིང་དང་བྱ་བ་བྱེད་པ། སེམས་སྐྱེད་བྱེད། སེམས་སྐྱེད་བྱ། སྒྲུབ་པ་བྱེད། སྒྲུབ་པ་བྱ། སྦྱིན་སྲེག་བྱེད། སྦྱིན་སྲེག་བྱ་ལྟ་བུ་མིང་གི་རང་བཞིན་དུ་གནས་པའི་སྒྲ་ཡིན་པས་གསལ་བྱེད་ཀྱི་སྒྲ་ལ་མི་ལྟོས་པ་དང༌། མེ་ལ་སྲེག་པར་བྱེད། བསྲེག་པར་བྱ། སེམས་སྐྱེད་པར་བྱེད། བསྐྱེད་པར་བྱ། ནོར་སྒྲུབ་པར་བྱེད། བསྒྲུབ་པར་བྱ་ལྟ་བུ་བྱ་བ་ཡིན་པས་གསལ་བྱེད་ཀྱི་སྒྲ་ལ་ལྟོས་པ་དང༌།

ཞེས་པ་འདི་རེད། འདིས་སེམས་སྐྱེད་བྱེད། སེམས་སྐྱེད་པར་བྱེད། ཅེས་མིང་དང་བྱ་བ་བྱེད་པའི་བར་ཁྱད་འབྱེད་བྱེད་ར་སྒྲ་ཙམ་ཡིན་པ་བསྟན་འདུག  འདི་བ་ཚང་མ་གཏོགས་སྔོན་བྱོན་གྱི་མཁས་པའི་ཁྲོད་དུ་བྱ་ཚིག་གི་གནད་དོན་འདི་ལ་དོ་སྣང་ཙམ་བྱས་ཡོད་པ་ བདག་གིས་མཐོང་མ་སོང་།

བྱ་ཚིག་བཀོལ་སྟངས་ཀྱི་ཆ་ནས་འདི་ལྟར་འབྲི་ཚུལ་གཉིས་ཡོད་པ་ལས། འབྲི་སྟངས་གཅིག་གྱུར་བྱུང་བ་ཡིན་ན་བདེ་བར་སྙམ་པ་མ་ཟད། ཁོ་བོ་ཕྱི་མར་འཐད་པ་ཡོད་དེ། རྒྱུ་མཚན་བྱ་ཚིག་བཀོལ་སྟངས་ཀྱི་རྙོག་དྲ་ཉུང་ངུར་འགྲོ་བས་ཡིན།

༢ བྱ་ཚིག་རེ་འགའ་དུས་གསུམ་སྤྱི་འགྲོས་ལྟར་བྲིས་མེད་པ།

སྔོན་གྱི་དཔེ་རྙིང་ཁ་ཤས་ཀྱི་ནང་དུ། དུས་གསུམ་སྤྱི་འགྲོས་ལྟར་བྲིས་མེད་པ་རེ་འགའ་འདུག་པ། དཔེར་ན། འདས་པ་ལ་སྐུལ་ཚིག་བྲིས་ཡོད་པ། ཡིད་འཕྲོག་གི་འདས་པར་ཕྲོགས། ༼གསལ་བྱེད། འ་འདས་པར་མི་འཇུག་ཟེར་མཁན་ནི་མི་བདེན་ཏེ། མདའ་འཕངས། ཐག་པ་འཐེནད། ཐག་པ་ཐུར་དུ་འཕྱངས་སོགས་མང་ངོ་། ། ༽གོས་ཀླུབ་པའི་འདས་ཀླུབས། གནས་ལ་སླེབ་པའི་འདས་པར་སླེབས། གྲངས་ཀ་སྡོམ་པའི་འདས་པར་སྡོམས། བཀའ་སྩོལ་བའི་འདས་པར་སྩལ། ལྟ་བུ་དང་། ད་ལྟ་བར་སྐུལ་ཚིག་བྲིས་ཡོད་པ། སྒྲོགས། ལྟ་བུ་གནད་དོན་ཡང་བྱུང་ཡོད། དེའི་ཤུགས་རྐྱེན་གྱིས་ད་ལྟ་འང་སླེབས་དང་། སྩལ་འབྲི་བཞིན་ཡོད་ཀྱང་། འདི་དག་ནི་དུས་གསུམ་སྤྱི་འགྲོས་ལྟར་དུ་འདས་པ་ལ་བསླེབས་དང་། བསྩལད། བྲིས་ན་ལེགས་པར་མཐོང་ངོ་། །

༣ དག་ཡིག་གི་སྐབས་ཀྱི་གནད་དོན་ནི།  མིང་ཚིག་སྐོར་ཞིག་ལ་འབྲི་སྟངས་མང་བ་དང་། ཤད་འཇོག་སྟངས་མི་འདྲ་བ་རེ་གཉིས།

གཅིག མིང་ཚིག་སྐོར་ཞིག་ལ་འབྲི་སྟངས་མང་བའི་སྐོར།

༡ འབྲི་སྟངས་གཉིས་པའི་སྐོར།

སྨྲ་མི་ཤེས་པའི་མི་ལ། ལྐུགས་པ་དང་ལྐུག་པ།

སྐེད་པ་སྡོམ་བྱེད་ལ། སྐེ་རགས་པ་དང་སྐ་རགས།

ལུས་ཀྱི་སྐེད་པ་ལ།  སྐེད་པ་དང་རྐེད་པ།

འགྲོ་བ་ཡོད་དོ་ཅོག་ལ། སྐྱེ་རྒུ་དང་སྐྱེ་དགུ། 

སངས་རྒྱས་ཀྱི་རྣམ་ཐར་ལ། སྐྱེས་རབས་དང་སྐྱེ་རབས།

ལྕགས་རིགས་ཤིག་ལ། འཁར་བ་དང་མཁར་བ།

ཕྱག་ཆ་ཞིག་ལ། འཁར་གསིལ་དང་མཁར་གསིལ།

མཐའ་བསྐོར་བའི་ཉེ་འདབས་ཀྱི་མིང་ལ། ཁོར་ཡུག་དང་འཁོར་ཡུག

སྨན་རིགས་ཤིག་ལ། ག་བུར་དང་། ག་པུར།

འབྲི་སྟངས་གཉིས་ཡོད་པའི་སྐོར་གྱི་དཔེར་བརྗོད་ནི་བརྗོད་ཀྱིས་མི་ལང་བ་ཡོད་ཀྱང་འདིར་དེ་ཙམ་གྱིས་འཐུས་པར་བྱས་སོ། །

༢ འབྲི་སྟངས་གསུམ་པའི་སྐོར།

སྡིགས་མོ་བྱེད་རེས་བྱས་པའི་དོན་ལ། འཁོན། ཁོན།  མཁོན།

ནམ་མཁའ་སོགས་ཀྱི་མིང་ལ། སྔོ་བསངས་མ། སྔོ་སངས་མ། སྔོ་བསང་མ།

འབྲུ་རིགས་ཡོངས་དཀར་ལ། ཡུངས་དཀར། ཡུངས་ཀར། ཉུངས་དཀར།

འབྲི་སྟངས་གསུམ་ཡོད་་པའི་སྐོར་གྱི་དཔེར་བརྗོད་ནི་བརྗོད་ཀྱིས་མི་ལང་བ་ཡོད་ཀྱང་འདིར་དེ་ཙམ་གྱིས་འཐུས་པར་བྱས་སོ། །

༣ འབྲི་སྟངས་བཞི་པའི་སྐོར།

སྐད་ཀྱི་གྲིམ་ལྷོད་ལ། གྲིམས་ཀློད། གྲིམ་ལྷོད། གྲིམ་གློད། བསྒྲིམ་ཀློད།

འདུག་སྟངས་ཤིག་ལ། སྐྱིལ་ཀྲུང་་དང་། དཀྱིལ་ཀྲུང་། དཀྱིལ་དཀྲུང་། དཀྱིལ་དཀྲུངས།

མཁྲིས་རྡོ་ལ། གི་ཝང་། གི་ཧཾ། གི་ཧང་། གི་ཝཾ།

འབྲི་སྟངས་བཞི་ཡོད་པའི་སྐོར་གྱི་དཔེར་བརྗོད་ནི་བརྗོད་ཀྱིས་མི་ལང་བ་ཡོད་ཀྱང་འདིར་དེ་ཙམ་གྱིས་འཐུས་པར་བྱས་སོ། །

གཞན་ལེགས་སྦྱར་གྱི་སྐད་དེ། སེངྒེ་དང་། གངྒཱ། པདྨ་སོགས་ཀྱང་བརྩེགས་མར་བྲིས་ཡོད་པ་མེད་པའི་འབྲི་སྟངས་གཉིས་བྱུང་ཡོད་པ་འདི་ཡང་གང་ལྟར་གཅིག་གྱུར་གྱི་འབྲི་སྟངས་ཤིག་ཡོད་པ་དང་།

རི་མོའི་མིང་ལ། རེ་ཁཱ་དང་རེ་ཁ། སྡུག་བསྔག་གྱི་མིང་ལ། དུཿ་ཁ་དང་དུ་ཁ། འདི་དག་གི་སྔ་མ་ལྟར་བྲིས་ན་ལེགས་པར་མཐོང་ངོ་།། 

གཉིས་པ། ཤད་འཇོག་སྟངས་མི་འདྲ་བ་རེ་གཉིས།

ཚིག་ལྷུག་གི་སྐབས་སུ་ཕྱི་རྐང་ཅན་གྱི་ཡི་གེ་ཀ་ག་ཤ་གསུམ་གྱི་རྗེས་སུ་ཆིག་ཤད་འཇོག་པ་དང་མི་འཇོག་པའི་སྲོལ་གཉིས་ཡོད་པ་དང་། རྫོགས་ཚིག་གོ་ལྟ་བུར་ཆིག་ཤད་འཇོག་པ་དང་ཉིས་ཤད་འཇོག་པའི་སྲོལ་གཉིས་བྱུང་ཡོད།

སྡེ་དགེ་དཔར་ཁང་དང་ལྷ་ས་ཞོལ་དཔར་ཁང་སོགས་སྔོན་གྱི་ཤིང་དཔར་རྙིང་བ་དག་ཏུ། ཚིག་ལྷུག་ཅིག་ཡིན་ན་ཕྱི་རྐང་ལ་བལྟོས་པ་མེད་པར་ཆིག་ཤད་བཞག་ཡོད་པ་དང་། རྫོགས་ཚིག་གོའི་རྗེས་སུ་ཡང་ཉིས་ཤད་བཞག་ཡོད།

ལེགས་བཤད་ལྗོན་དབང་སོགས་ཚད་ལྡན་གྱི་སུམ་ཅུ་བའི་སྡོམ་ཚིག་དག་ལས། ཚིག་ལྷུག་སྐབས་ཆིག་ཤད་འཇོག་དགོས་པ་དང་།  ཕྱི་རྐང་ཅན་གྱི་ཡི་གེའི་ཀ་ག་ཤ་སོགས་ཀྱི་རྗེས་སུ་ཤད་འཇོག་མི་དགོས་པར་གསུངས་ཡོད་པས། དེང་སང་མང་ཆེ་བས་དེ་ལྟར་འབྲི་བཞིན་ཡོད་པས་དེ་ཤིན་ཏུ་ལེགས་པར་འདོད། ཡིན་ནའང་། རྫོགས་ཚིག་གོའི་རྗེས་སུ་ཆིག་ཤད་དང་ཉིས་ཤད་གང་འཇོག་དགོས་པ་གསལ་བོ་ཞིག་མེད་ནའང་། ཨ་ཁུ་དམུ་དགེ་བསམ་གཏན་རྒྱ་མཚོ་ཚང་གིས། རྫོགས་ཚིག་གོའི་རྗེས་སུ་ཉིས་ཤད་བཞག་ཡོད་པས་དེ་བདེ་འམ་སྙམ་མོ། །

མཚོ་སྔོན་བོད་རིགས་དྲ་བ་ལས་བཤུས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།