ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་སྐད་དང་ཡི་གེ་གཅིག་གྱུར་ལ་བཅང་བའི་འདུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསོད་མཐར།   སྤེལ་དུས། : 2017-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྔོན་དུས་ཐོན་མིས་བོད་ཡིག་གསར་བཟོ་བྱེད་དགོས་རྐྱེན་དང་དེ་བཞིན་དུ་ལུང་སྟོན་པ་བརྡ་སྤྲོད་ཀྱི་གཞུང་ལུགས་སོགས་བརྩམ་དགོས་པ་དེ་གཙོ་བོ་གང་ཞེ་ན།  བོད་རང་གི་ཁ་སྐད་གཅིག་གྱུར་གྱི་དམིགས་ཡུལ་ཞིག་ཡིན་ལ་དེའང་ཐོན་མའི་བརྡ་སྤྲོད་ཀྱི་ལུགས་འགྲོས་ལྟར་དཔྱད་ན་སྒྲ་རིག་པ་ཞིག་ཡིན་པ་དེ་བློ་ལྡན་རྣམས་ཀྱིས་མཁྱེན་གསལ་ལྟར་རེད།   རྒྱུ་མཚན།  ཡར་སྔོན་ན་མི་རིགས་ཁ་ཁེར་གྱི་ཁ་སྐད་དང་བསྟུན་པའི་ཡི་གེ་རེ་ཟུང་ཞིག་ཡོད་པ་དེའོ། དེ་ལས་ལྡོག་ཕྱོགས་ནས་སྨྲོས་ན་ཐོན་མིས་བརྩམས་པའི་བརྡ་སྤྲོད་ལས་གཞན་བཀའ་མདོ་དང་སྙན་གཞུང་།   ལོ་རྒྱུས་སོགས་ཀྱི་བརྗོད་དོན་སོགས་སྟོན་པའི་གཞུང་ལུགས་གང་ཡང་མིན་ཞེས་བཤད་ཆོག    ཐོན་མི་ཡར་སྔོན་གྱི་དུས་རབས་ན་བོད་ལ་ཡི་གེ་མེད་པ་མིན་ཞིང་ཐུན་མོང་ལ་སྐད་བརྡ་སྤྲོད་བྱེད་ཀྱི་ཡི་གེ་ཞིག་མེད་པ་ཡིན་པས་རྗེ་བོ་སྲོང་བཙན་ཚང་གི་དགོངས་དོན་ཡང་བོད་སྤྱིའི་སྐད་གདངས་དང་མཐུན་པའི་ཡི་གེ་ཞིག་བསྐྲུན་མོས་པ་དེ་རེད།   ཐོན་མིས་བསྐྲུན་པའི་བོད་རིགས་ཀྱི་དབྱངས་གསལ་སོ་བཞི་གྲངས་ངེས་ཅན་འདི་མཛད་ནི་དོན་དམ་པ་ཕ་སྐད་གཅིག་གྱུར་གྱི་རྟེན་གཞི་དང་བཅུ་ཕྲག་རིག་པའི་དོན་ཉིང་སྡུད་བྱེད་ཀྱི་ལག་ཆ་ལྟ་བུ་ཞིག་ཡིན་པ་རང་ཅག་གིས་དེ་ལུགས་མནའ་མ་བླངས་པ་ནས་མནའ་མས་ཅི་བྱེད་དགོས་པ་དེ་ཤེས་ན་རབ།

དེའང་སྲོང་བཙན་རྒྱལ་རབས་ནས་ཨུ་དུམ་དར་མའི་བར་དུ་བོད་སྤྱི་ཚོགས་གནས་བབས་ཀྱི་ལོ་རྒྱུས་རགས་ཙམ་བལྟས་ན་སྤྱིར་དབྱུང་གི་སྐད་དང་ཡི་གེ་གཅིག་གྱུར་གྱི་ལམ་ལུགས་ཡིན་པར་རྟོགས་ཀྱང་ཨུ་དུམ་བཙན་པོའི་སྐུ་རིང་ལ་ཆོས་ལུགས་འཐེན་འཁྱེར་གྱི་ཤན་ཤུགས་དབང་གིས་མི་རིགས་འདི་ཉ་མོ་ཆུ་བོ་དང་བྲལ་བའི་དུས་རིམ་གྱི་འགོ་བརྩམ་ཞིང་དེ་རྗེས་སིལ་བུ་ཆོལ་གསུམ་གྱི་མི་རིགས་འདིར་སྐྱིད་སྡུག་དཔྱིད་ཁའི་གནམ་གཤིས་འདྲ་རེ་བརྒྱུད་ནས་ད་བར་འཚོ་གནས་འདི་རུ་ངལ་རྩོལ་དང་འཐབ་རྩོད་དུ་མ་ཞིག་གི་འོབས་ནས་གསོན་ཐུབ་པ་རེད།   དེའི་བར་ནས་ང་ཚོའི་སྲོལ་རྒྱུན་གྱི་གོམས་གཤིས་དང་སྐད་རིགས་སོགས་འཆི་གསོན་གྱི་ལོ་རྒྱུས་ཤིག་ཀྱང་མྱོང་ཐུབ།   མི་རིགས་ཁ་འཐོར་དུ་གྱུར་ནས་སིལ་མ་ཡུལ་ལུང་ཆུང་ཆུང་རེ་ལ་ཡུལ་དེའི་དུས་འགྱུར་དང་ས་ཁམས་ཀྱི་འགྱུར་ལྡོག་རེར་བསྟུན་ནས་འགྲོ་འཆག་ཉལ་འདུག་གི་བར་གསེང་ནས་གྱོན་པ་དྲུབས་ལུགས་དང་།  ལྷ་གསོ་ལུགས།  སྐད་ཆ་བཤད་ལུགས།   ཡུལ་འཐོར་མ་འདྲ་བ་རེར་ལུགས་སྲོལ་མི་འདྲ་བ་རེ་དར་གྱིན་ཡོད་པ་རེད།   དེ་ལྟར་བཤད་ན་ང་རང་ཚོས་སྐད་ཡིག་གི་ཉམས་རྨིས་ཞེས་པ་དེའང་ད་གཟོད་ཕྱོགས་གཞན་ཞིག་ནས་བལྟས་ཚེ་སྔར་ལྟར་སོར་གནས་སུ་མ་ཡིན་པའི་དོགས་པ་འོང་ངེས།

ད་ལྟ་བོད་ཡུལ་ས་ཆ་ན་བོད་ཡིག་བཀོལ་སྤྱོད་ཀྱི་རིན་ཐང་ཉམས་ཤིང་བོད་ཡིག་འབྲི་ཀློག་གི་སྲོག་རྩ་ཆད་སོང་བའི་རྫོང་ཁག་བཅུ་བདུན་ཙམ་ཡོད་རེད་ཅེས་བཤད་ཀྱིན་འདུག  དེ་བཞིན་གཞན་གྱི་སྐད་ཡིག་གི་ཤན་ཤུགས་ཀྱི་ལམ་ནས་བོད་སྐད་ཡིག་ལ་སློབ་སྦྱོང་དང་བཀོལ་སྤྱོད་ཀྱི་ལམ་ལུགས་དེ་ཧ་ཅང་ཁྱབ་རྒྱ་ཆུང་ཆུང་ཞིག་ཏུ་སླེབས་འདུག  ད་ལྟའི་བོད་ཀྱི་སྐད་ཡིག་གི་སྲོག་རྩ་འམ་མ་རྩ་གཏན་འཇོག་གི་ལས་ཀ་ཞིག་སྒྲུབ་ཐུབ་མཁན་དེ་དགོན་པ་གྲྭ་ཚང་གི་སློབ་གཉེར་བ་དག་ཨེ་མིན་ཡིན་སྙམ། ཁོ་ཚོས་བོད་ཀྱི་བརྡ་སྤྲོད་རིག་པའི་ལམ་ལུགས་རྨང་གཞི་བྱས་ཏེ་གནས་ལྔ་རིག་པའི་གཞུང་ལུགས་མཐའ་དག་བོད་ཡིག་གི་ལམ་ནས་སློབ་བཞིན་ཡོད།  མར་སྤྱི་ཚོགས་ལ་ཁ་བསྐོར་ནས་བཤད་ན་བོད་ཡིག་གི་གོ་ཆོད་ཟེར་ན་ས་གནས་ཀྱི་འགོ་ཁྲིད་དང་ལས་བྱེད་པ་གཙོས་བྱས་ཏེ་དེ་བཞིན་སློབ་ཆེན་དང་འབྲིང་རིམ་པ་དག་གིས་བརྡ་སྤྲོད་ཀྱི་གཞུང་དོན་དཔྱིས་ཕྱིན་པ་ཞིག་རྟོགས་ནས་བཀོལ་སྤྱོད་དང་ལག་ལེན་བྱེད་ཀྱིན་ཡོད་ཅེས་གཞན་ཞིག་ལ་བཤད་དགོས་ན་གཤོབ་ཀྱི་ལམ་ག་ཞིག་ཏུ་ཕལ་ཆེར་མི་ལྟུང་བ་མི་སྲིད།  དེ་གའི་རིགས་ལྟར་བོད་ཀྱི་ཐུན་མོང་སྐད་ཡིག་གི་ལམ་ནས་ཧ་ཅང་ཁ་བྲལ་གཅིག་གྱུར་གྱི་ནུས་ཤུགས་ཉམས་པའི་སྔ་ལྟས་ཤིག་ཐོན་གྱིན་འདུག    ཕལ་སྐད་ཀྱི་ཟུར་ན་ལོག་སྐད་དང་།   ལོག་སྐད་ཀྱི་ཟུར་ན་སྦྲགས་སྐད་སོགས་ཕ་སྐད་གཅིག་གྱུར་རྣམ་པར་དེ་རྙོག་འཛིངས་ཤིག་ཏུ་གྱུར་ཡོད།   དེ་དག་རང་ཅག་གིས་དོ་སྣང་དང་འགན་འཁྲི་འདུ་ཤེས་ཀྱི་བསམ་བློ་མ་འཆང་བའི་ལེན་ཆགས་ཁ་ཆག་སྣ་རལ་ཞིག་རེད།

རིག་གནས་མཉམ་བཀོལ་གྱི་ལམ་ལུགས་ཚད་ངེས་ཅན་ཞིག་ཐོན་ན་འང་ཁ་སྐད་ཀྱི་ལམ་ལུགས་དེ་སྔ་ལས་ཀྱང་ཇེ་རྫོབ་ཏུ་འགྲོ་གིན་ཡོད།  ང་ཚོའི་ཕ་ཡུལ་ནི་གྲོང་ཚོ་ཆུང་ཆུང་ཞིག་ཡིན། དེའང་ལུང་ཤགས་ཤིག་ན་སྡེ་བ་རེ་ལ་དུད་ཁྱིམ་མང་ན་ལྔ་བཅུ་དང་ཉུང་ན་བརྒྱད་ཙམ་ཡོད་མོད།  ལུང་ཤགས་གཅིག་ཏུ་ཡོད་ན་འང་ཡར་མར་གྱི་སྡེ་བ་རེ་ལ་མིང་རེ་དང་ལས་སྟངས་བཤད་སྟངས་སོགས་འགྱུར་བ་ཆེན་པོ་རེད།   དེ་བཞིན་དུ་སྡེ་དགེ་དང་རྫ་ཚུ་ཁ།   དཀར་མཛེས་སོགས་ཧ་ཅང་ཉེ་འབྲེལ་དུ་ཡོད་ལ་ཡི་གེའི་སྦྱོང་གཞི་འདྲ་ནའང་ཁ་སྐད་ཀྱི་ལམ་ནས་ཁ་བརྡ་རེ་ལབ་ཚེ་ཡོངས་གྲཊ་གོ་བ་གསལ་བོ་ཞིག་མི་ལོན།   དེ་བཞིན་དུ།   མདོ་དབུས་ཁམས་གསུམ་གྱི་ཁ་སྐད་དེ་མི་གཅིག་གིས་གོ་དགོས་ན་ཁམས་པ་བ་ཞིག་དགྱ་སོག་གཉིས་ཀྱི་སྐད་ཆ་བཤད་པ་དང་གཅིག་མཚུངས་རེད། འབྲིང་རིམ་དང་མཐོ་རིམ་ཁག་གི་དགེ་རྒན་ི་འགའ་ཞིག་ཁམས་པ་རེད།   འགའ་ཨ་མདོ་སོགས་ནས་ཡོང་བ་རེད།  སློབ་མ་ཚོ་དེ་བཞིན་དུ་ཁམས་པ་དང་མ་མདོ་སོགས་ནས་ཡོང་ན།  ཁམས་པ་དགེ་རྒན་ཞིག་གིས་ཨ་མདོའི་སློབ་མ་འགའ་ལ་སློབ་ཁྲིད་བྱེད་དགོས་ན་གོ་བརྡ་མི་འཕྲོད་པའི་གནས་ཚུལ་ཡང་མང་པོ་འབྱུང་གིན་ཡོད་པ་དེ་འུ་ཅག་གིས་ཤེས་གསལ་རེད།    ༼དེ་བཞིན་ཁམས་པའི་བརྙན་འཕྲིན་དང་།   ཨ་མདོ་བརྙན་འཕྲིན།   བོད་ལྗོངས་བརྙན་འཕྲིན་སོགས་ཀྱི་འཕྲིན་ལམ་སྐད་གཏོང་བ་དག་གིས་ཀྱང་རང་རང་སོ་སོའི་སྒེར་ཚུགས་ཀྱི་ཡུལ་སྐད་རེ་ཁྱེར་༽ཏེ་གསར་འགྱུར་དང་སྐད་བསྒྱུར་སོགས་ལས་ཀ་དེ་ཕ་སྐད་གཅིག་གྱུར་གྱི་ཉམས་ལྟས་ཤིག་ཡིན་ལ་རིམ་བཞིན་མི་རིགས་འདི་འཕེལ་རྒྱས་ཙམ་སོང་གྱུར་ན།  དཀར་མཛེས་རང་སྐྱོང་ཁུལ་གྱི་ཁུངས་གཏོགས་རྫོང་ཁག་བཅོ་བརྒྱད་དེ་ལ་རྫོང་ཁག་རེ་ལ་ཕལ་སྐད་རྣལ་མ་རེ་བཤད་རྒྱུ་ཡོད་པས་རྫོང་ཁག་རེ་ལ་ཐད་གཏོང་གི་འཕྲིན་ལམ་རེ་
འཛུགས་དགོས་རྒྱུ་རེད་ལ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་པ་འུ་ཅག་གིས་ཤེས་གསལ་རེད།    ང་ཚོས་ཕ་སྐད་ཅེས་པའི་ཡིག་འབྲུ་འདི་གཉིས་ཡི་གེ་ཞིག་གི་ཕུང་བོ་ཙམ་སྣང་མཁན་མང་བོ་འདུག   དེ་རྩ་བ་ནས་མ་རེད།   ཕ་སྐད་ཅེས་པ་དེ་ང་ཚོའི་ཕ་མེས་ཡང་མེས་ནས་རྒྱུད་པའི་སྐད་ཆ་འམ་ཁ་སྐད་དེའང་རེད། ཕ་སྐད་ལ་བསྟུན་ནས་ད་གཟོད་བོད་ཡིག་བསྟན་ལ་ཕབས་པ་ལས་ཡི་གེ་མཚན་ཉིད་འགས་ང་ཚོ་ཁ་སྐད་ཀྱི་ལམ་ལུགས་འདི་གསར་བཏོད་བྱས་པ་ཞིག་མིན།    ང་ཚོའི་ཕ་མེས་ཡང་མེས་ཀྱི་ཡར་སྔོན་ན་ཆོལ་གསུམ་གཅིག་གྱུར་གྱི་གཞི་བྱས་ཏེ་བལ་པོ་
དང་མོན།    གྲུ་གུ་སོགས་མཐའ་བཞི་རྒྱལ་ཕྲན་མང་བོ་ཞིག་དབང་བསྒྱུར་བྱས་ཏེ་བོད་ཀྱི་ཆབ་འབངས་སུ་བཀོལ་ཚེ་བལ་བོར་བལ་སྐད་དང་ཀོང་པོ་ལ་ཀོང་སྐད་སོགས་དམིགས་བསལ་ཞིག་ཡོད་པ་མ་ངེས་ཏེ་སྲོང་བཙན་གྱིས་བོད་སྤྱིར་ལ་དབང་བའི་སྐད་ཡིག་ཅེས་པ་སྟེ་གཞིགས་ན་འོས།    ང་ཚོས་བོད་ཁ་སྐད་གཅིག་གྱུར་གྱི་ལམ་ལུགས་ཇི་ལྟར་བྱ་ཞེ་ན།དེའང་ལས་སླ་མོ་ཞིག་རྩ་བ་ནས་མིན།   རྒྱུ་མཚན་རང་ཅག་ལ་ཕལ་སྐད་འདྲ་མིན་མང་བོ་ཞིག་ཆགས་ཟིན་པ་རེད།  གལ་སྲིད།   བོད་ཕ་སྐད་གཅིག་གྱུར་གྱི་ལམ་ལུགས་ཤིག་བྱེད་དགོས་ན་སུམ་རྟགས་དག་གསུམ་ལས་བསྐྱར་གསོ་བྱེད་དགོས་པ་དེ་རེད།     དེའང་ཡི་གེའི་མཚན་ཉིད་ཇི་བཞིན་དུ་སྒྲའི་སྐྱེ་གནས་ཀྱི་ཆ་ནས་མ་ནོར་བ་སྒྲ་དག་ཅིག་གི་བསླབ་གཞི་ལས་འགྲོ་དགོས།   བོད་ཀྱི་དགེ་རྒན་ཆེ་མ་ཆུང་གསུམ་གྱིས་བརྡ་སྤྲོད་དང་བསྟུན་ནས་ཁ་བརྡ་ལབ་པ་དང་སློབ་ཁྲིད་སོགས་
བྱས་ན་ད་གཟོད་ཕ་སྐད་གཅིག་གྱུར་ཏུ་འགྲོ་སྣང་ཡོད། དགེ་རྒན་ཚོས་དེ་ལྟར་མཛད་ན་དགེ་མཚན་ཡང་མི་ཉུང་།

གཅིག་ན།  བྱིས་པ་དག་ཀྱང་ཆུང་ཆུང་བློ་འཛིན་བཟང་བའི་དུས་ཡིག་སྐད་དང་མཐུན་པའི་ཁ་བརྡའི་ལམ་ནས་འགྲོ་ཐུབ་ན། ཡར་ཡར་གཞུང་ཆེན་གང་ལ་བལྟས་ཀྱང་ཡི་གེའི་སྒྲ་མི་འཁྲུལ་ཞིང་གོ་བའང་ལོན་སླ་མོ་ཡོད།  དཔེར་ན།   ཨ་མདོ་སྤྱིའི་ཁ་སྐད་དུ་འདོགས་ཅན་བཞིའི་ཡ་གྱལ་ར་བཏགས་དེ་བྱིངས་ཆེར་བཀོལ་མི་སྲིད།    འགྲོ   སྐྲག   གྲགས་ལྟ་བུ་མང་བོ་ཞིག་ཡ་གཏགས་སུ་སྨྲོས་ནས་འགྱོ་དགོས་དང་།  བཤད་ན་སྐྱག་ཅེ་ཟིག་རེད།   མྱི་ཉམས་གྱགས་ཟིག་ཡིན་ཟེར་བ་ལྟ་བུ་བརྡ་སྤྲོད་དང་ཡི་གེ་ལམ་ལུགས་ལས་འགལ་བའི་ཕལ་སྐད་རེད། 

གཉིས་ན།  དེ་ལུགས་མཛད་ཐུབ་ཚེ་སྐད་ཡིག་གཅིག་གྱུར་གྱི་ནུས་པ་དེ་ཁྱིམ་ཚང་གཅིག་མཐུན་གྱི་ནུས་པ་ཞིག་དང་མཚུངས་ཏེ་སྟོད་སྐད་དང་སྨད་སྐད་ཅེས་རེས་སུ་ཕྱེ་མི་དགོས་པ་རང་ཅག་གི་སྐད་དོ་ཞེས་སྨྲའོ།།

གསུམ་ན།      བོད་སྤྱིའི་དཔལ་འབྱོར་ནང་འབྲེལ་དང་།  གནས་གཞི་གསར་འཛུགས།     ཐོན་སྐྱེད་རིག་གནས་ཀྱི་ལམ་དེ་སྟབས་བདེ་ངང་འཚར་ཐུབ།   གང་ལ་བསམ་ན་དགོས་པ་དུ་མ་ཞིག་ཡིད་གཞུང་དུ་ཁ་ཆར་ལྟར་དྲག་ཏུ་འབབ་པ་དེ་ང་ཚོ་སུ་ལའང་དཔྱད་འཚོལ་གྱི་ལྟ་བ་ལས་འབྱུང་སྲིད་པ་ཡིད་ཆེས་ཡོད། 

༧/༡

(སྲོང་བཙན་སྐབས་ནས་གཅིག་གྱུར་ཀྱི་ལམ་ལུགས་བཏོད་ནའང་ད་སྐབས་རྐྱེན་སྣ་ཚོགས་ཤིག་གིས་ཁ་བྲལ་དུ་གཏོང་བཞིན་ཡོད་པས་དེ་ལུགས་དང་འཚམ་པའི་སྐད་ཆ་འདི་སྤྲིངས།)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།