རྒྱུགས་འབྲས་ཁོ་ནར་དམིགས་ན་གནོད་པ་ཆེ།

ཉེ་ལམ་ཨ་རི་ནས་མི་ཁྲི་ཚོ་བདུན་ལ་ཉེ་བའི་སེམས་ཁམས་བདེ་ཐང་སྐོར་གྱི་བརྟག་དཔྱད་ཅིག་བསྒྲགས་པ་ལས་ཤེས་པ་ལྟར་ན། འདས་པའི་ལོ་གཅིག་གི་རིང་། ཆ་སྙོམ་མི་ལྔའི་ཁྲོད་ན་རིག་པའམ་བྱ་སྤྱོད། ཡང་ན་སེམས་ཁམས་རྒྱུན་ལྡན་མིན་པའི་མི་གཅིག་རེ་ཡོད་པའི་གནས་ཚུལ་བྱུང་། དེའི་གྲས་སུ་བུད་མེད(32.8%)ནི་སྐྱེས་པ(15.2%)ལས་མང་།  ལོ༡༨ནས༢༥བར་གྱི་ན་གཞོན་ཆེས་མང་བ་རེད། དེ་ལས་ཀྱང་འཇིགས་སུ་རུང་བ་ཞིག་སྟེ། མི་ཉི་ཤུའི(4.8%)ཁྲོད་ན་གནོད་ཆེ་དྲག་ནས་རྒྱུན་ལྡན་འཚོ་བའི་ནུས་པར་འགལ་རྐྱེན་བྱུང་ནས་གཟའ་འཁོར་གཉིས་ཡན་འགོར་ཡོད་པའི་མི་གཅིག་རེ་བྱུང་འདུག

  ང་ཚོ་ཡ་མཚན་དགོས་པ་ཞིག་ལ།  ལོ༡༨ནས༢༥བར་ནི་སློབ་གྲྭ་ཆེན་མོ་འགྲིམ་པའམ་ཡང་ན་སྤྱི་ཚོགས་སུ་ཞུགས་ནས་བྱ་བ་རག་མ་ཐག་གི་ན་ཚོད་ཡིན་པས། སྤྱི་ཚོགས་སྦྱོང་བརྡར་དངོས་སུ་མ་མྱོང་གོང་གི་མི་རྣམས་ཀྱི་ཁྲོད་དུ། ན་གཞོན30%ཡི་སེམས་ཁམས་རྒྱུན་ལྡན་མིན་མར་ངོས་བཟུང་བའི་ཚད་དུ་བསླེབས་པའི་རྒྱུ་མཚན་ཅི་ཡིན་ནམ།

  གནས་ཚུལ་དེ་འདྲ་ཡི་འབྱུང་རྩ་ནི་བྱིས་དུས་ཀྱི་སློབ་སྦྱོང་གི་གནོན་ཤུགས་ལ་ཐུག་ཡོད། བྱིས་པ་ཚོར་སྦྱངས་འབྲས་མི་ལེགས་པའི་དབང་གིས་ཡུན་རིང་བོར་གནོན་ཤུགས་ཀྱིས་མནར་ཏེ། འཚེར་ནད་ཕོག་པ་ནི་ད་ལྟ་འཛམ་གླིང་ཡོངས་ཀྱི་གནད་དོན་ཞིག་ཏུ་གྱུར་འདུག

  ཉེ་ཆར་ཨུ་ཧའེ་ཨུ་མངའ་སྡེ་ནས་བྱིས་པ་ཞིག་གི་སྦྱངས་འབྲས་མི་ལེགས་པའི་སྟབས་ཀྱིས་ཕ་རྒན་གྱིས་ཁོ་གཅེར་བུར་ཕུད་ནས་གངས་འཁྱག་ཁྲོད་ནས་ཡར་ལངས་སུ་བཅུག་ཅིང་། ལམ་འགྲོ་བ་ཞིག་གིས་མཐོང་ནས་ཁྲིམས་ལ་གཏུག་པ་རེད། དོན་རྐྱེན་འདིའི་ལས་སྣེ་ཟུར་ཞིག་རྟོགས་ཐུབ་ན་ཐང་།

  བདེ་འཇགས་ཀྱི་སྣང་བ་ནི་འགྲོ་བ་མིའི་རིགས་ཀྱི་དགོས་མཁོ་ཨང་དང་བོ་ཡིན། བྱིས་པ་ཚོར་ཆུང་དུས་འཚོ་གནས་དང་རང་སྲུང་གི་ནུས་པ་མེད་པའི་དབང་གིས། ཡོད་ཚད་ཕ་མ་ལ་རེ་དགོས། གལ་ཏེ་ཕ་མ་ཚོ་བུ་ཕྲུག་ལ་མི་དགའ་བ་དང་། བདག་སྐྱོང་མ་བྱས་ན། བུ་ཕྲུག་ལ་འཆི་བའི་ལམ་མ་གཏོགས་མེད། དེའི་ཕྱིར། སེམས་ཁམས་རིག་པ་བ་ཧུང་ཉི་དང་ལུའོ་ཅི་སི་རྣམ་གཉིས་ཀྱིས་བྱིས་པའི་སེམས་ཁམས་འཕེལ་རྒྱས་ཀྱི་རིག་གཞུང་ཞིག་བཏོན་པ་འདི་ལྟ་སྟེ། བྱིས་པ་ལ་མཚོན་ན། གལ་ཏེ་ཕ་མས་ཁོ་རང་གཅེས་མི་གཅེས་པ་དང་། ཁས་ལེན་མིན་གྱི་གནས་ཚུལ་གསལ་བོར་མ་ཤེས་ཚེ། བྱིས་པ་ལ་འཚེར་སྣང་དྲག་པོ་སྐྱེ་ངེས།  དེའི་ཕྱིར་ཁོ་ཚོས་ཕ་མ་ཚོའི་སེམས་དགའ་བྱེད་དེ། རང་ཉིད་ཀྱི་སེམས་བདེ་བྱེད་ཀྱི་ཐབས་ཤིག་ངེས་པར་དུ་བཙལ་དགོས། དེར་བརྟེན། བྱིས་པ་མང་བོ་ཞིག་གིས་ཕ་མའི་ཉམས་བཙག་པ་དང་། མི་ཆེན་གྱི་ངོ་ལེན་པ། ཡང་ན་སྦྱངས་འབྲས་ཁྱད་དུ་འཕགས་པས། ཕ་མ་ཚོའི་སེམས་དགའ་བར་བྱེད་པའི་ང་ཞེས་པ་ཞིག་སྐྲུན་ཐབས་བྱེད་ངེས།

  གལ་ཏེ“འདོད་མཐུན་གྱི་ང”དེ་དང་“དངོས་གནས་ཀྱི་ང”གཉིས་ཀྱི་བར་ལ་ཁྱད་པར་ཤིན་ཏུ་ཆེ་ཚེ། འཚེར་སྣང་དེ་ལྷག་དུ་ཚབས་ཆེ་བར་འགྱུར་ངེས། སྐབས་དེར་བུ་ཕྲུག་གིས་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཕ་མའི་སེམས་དགའ་ཐབས་བྱེད་ངེས།   རྒྱུ་མཚན་དེའི་དབང་གིས། པིང་ཀྲོའུ་མངའ་སྡེའི་སློབ་གྲྭ་ཆེན་མོས་ཞིབ་འཇུག་བྱས་པ་ལྟར་ན། བུ་ཕྲུག་གིས་རྫུན་བཤད་པའི་རྒྱུ་མཚན་གཙོ་བོ་ནི་ཕ་མ་ཚོར་སེམས་ཁྲལ་བཟོ་མི་འདོད་པའི་རྐྱེན་གྱིས་ཡིན་ལ། སློབ་མ་ཚོས་གཡོ་རྒྱུགས་སྤྲོད་པའི་རྣམ་པ་ཉིན་བཞིན་ཚབས་ཇེ་ཆེར་འགྱུར་བའི་རྒྱུ་མཚན་ཡང་དེར་ཐུག་འདུག མི་ཆེན་ཚོས་རྒྱུགས་འབྲས་ཁོ་ནར་དམིགས་ཚེ།  བྱིས་པ་ཚོས་བརྫུས་བཟོ་མི་བྱེད་ཐབས་མེད་དུ་གྱུར་ཅིང་།                                                                                                           བརྫུས་བཟོ་ལས་ཁོས་རང་ཉིད་ལ་སྔར་ལས་མཐོང་ཆུང་བྱེད། རྒྱུན་འཁོར་ངན་པ་དེས་མཐར་ཁོ་རང་འཚེར་སྣང་གི་གཏིང་དུ་འདེད་ངེས།

  མི་མང་ཆེ་བས་རྒྱུགས་འབྲས་ནི་ཚད་གཞལ་བྱེད་ཅིག་ཡིན་པས། ཧ་ཅང་དྲང་བདེན་ཞིག་ཡིན་སྙམ་མོད།  ཡིན་ནའང་སྔར་ཨའེ་དབྱིན་སི་ཐན་གྱིས། གལ་ཆེ་བའི་དངོས་པོ་མང་ཕྱོགས་ཤིག་ཚད་གཞལ་དཀའོ།། ཞེས་གསུངས་མྱོང་། སྐར་གྲངས་ཀྱིས་མཚོན་པ་ནི་ད་སྐབས་ཀྱི་ཤེས་བྱ་ཡིན་པ་ལས། མ་འོངས་པའི་འཇོན་ཐང་མཚོན་མི་ཐུབ།

  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་རྩ་འཛུགས(OECD)ཀྱི་ཧྲི་ལའེ་ཁིས་རྒྱལ་སྤྱིའི་སློབ་མའི་རྨང་གཞིའི་འབྲི་ཀློག་ནུས་པའི་འཆར་གཞི(PISA)ཡི་དམིགས་ཡུལ་ནི་སྔོན་ཆད་ཅི་ཞིག་སློབ་མྱོང་བར་ཞིབ་དཔྱད་བྱེད་པ་མ་ཡིན་པར།   སྦྱངས་མྱོང་བའི་ཤེས་བྱ་དང་ལག་རྩལ་དག་མ་འོངས་པར་བཀོལ་སྤྱོད་བྱེད་པར་བརྟེན་ནས་ཁོར་ཡུག་གསར་བ་དང་འགྲན་རྩོད་གསར་བ་ལ་གདོང་ལེན་བྱེད་དགོས་པ་ཡིན་ཞེས་གསུངས་ཡོད། དེའི་ཕྱིར་ཁོ་ཚོས་ཚད་གཞལ་བ་ནི་དཔེ་ཀློག་དང་འབྲི་ཀློག་གི་ནུས་པ་ཙམ་མ་ཡིན་པར།  ད་རུང་རྩིས་རིགས་དང་ཚན་རིག་གི་འབྲི་ཀློག་ནུས་པ་ལའང་ཚད་གཞལ་ངེས། ཁོང་གི་འདོད་པ་ལྟར་ན། དེང་སང་གི་སློབ་མ་རྣམས་ལ་ངེས་པར་དུ“གཞི་གྲངས་འཚོལ་ཞིབ་དང་། དོ་དམ། སྙོམ་སྒྲིག བརྡར་ཤ་གཅོད་པ་བཅས་ཀྱི་ནུས་པ་ལ་བརྟེན་ནས། ནད་བདུན་ཐག་གཅོད་བྱས་ཏེ་ཤེས་བྱ་གསར་བ་ཐོན་སྐྱེད་ཐུབ་པའི་སྒོས།  སྤྱི་ཚོགས་ལ་ཞུགས་ཐུབ་པ་མ་ཟད་སྤྱི་ཚོགས་ལ་བྱས་རྗེས་འཇོག་པའི་ནུས་པ་ལྡན་དགོས།”

  སི་ཐན་ཧྥུ་སློབ་གྲྭ་ཆེན་མོས་ཞིབ་འཇུག་འདི་ལྟ་བུ་ཞིག་བྱས་ཡོད་དེ། ཚོད་ལྟ་བྱེད་ཡུལ་གྱི་སློབ་འབྲིང་དགེ་རྒན་ཚོར་གཤམ་གྱི་དྲི་བར་ལན་འདེབས་སུ་བཅུག་སྟེ། གལ་ཏེ་སློབ་མ་ག་གེ་མོ་ཞིག་གིས་ཐེངས་ཞིག་གི་རྩིས་རིག་གི་སྐར་གྲངས༦༥ཡིན་ཚེ། ཁྱོད་ཀྱིས་སློབ་མ་དེར་ལྟ་ཚུལ་ཇི་འདྲ་ཞིག་འཛིན་ཞེས་དྲིས་པ་ན། དགེ་རྒན་དེས“ཚེག་ཐིག་གཅིག་ལ་བརྟེན་ནས་གསེག་ཚད་གཞལ་མི་ཐུབ་པ་བཞིན། སྐར་གྲངས་ཁོ་ན་ཙམ་ལ་བརྟེན་ནས་མི་ཞིག་གི་འཇོན་ཐང་གཞལ་རྒྱུ་ལ་རིན་ཐང་ཅི་ཡང་མེད་པས། མ་འོངས་པར་རྒྱལ་ཁ་ཐོབ་མིན་གྱི་བག་ཤུགས་ལ་ཧང་རྒྱུག་གིས་ཚད་གཞལ་མི་རུང་།” ཞེས་རྒོལ་གཏམ་བསྒྲགས་བྱུང་། ལྟ་བ་དེ་ནི་རྦད་དེ་ཡང་དག་པ་ཞིག་རེད། ང་ཚོས་ད་རུང་སྔར་བཞིན་དུ་སྐར་གྲངས་ལ་བརྟེན་ནས་མི་ཞིག་གི་ནུས་པ་ལ་ཚད་གཞལ་མི་རུང་ཞིང་།     བུ་ཕྲུག་ཚོར་སྐར་གྲངས་ཀྱི་ཆེད་དུ་སེམས་འཚེར་དུ་བཅུག་ནས།    སེམས་ཁམས་ཀྱི་བདེ་ཐང་བརླག་དུ་འཇུག་དེ་བས་ཀྱང་མི་རུང་ངོ་།།

  ཅུང་མ་འགོར་བར་སྐུ་གཤེགས་པའི་འགྲེམ་བརྡའི་དེད་དཔོན་སུན་ཏཱ་ཝེ་སློབ་གྲྭ་ན་ཡོད་དུས་ཁོང་གི་སྦྱངས་འབྲས་ལེགས་པོ་མིན་པས།  དགེ་རྒན་གྱིས་སྔར་ཁོ་ལ“སློབ་མ་འདིའི་བྱང་ཚད་ཤིན་ཏུ་ཞན་འདུག”ཅེས་དཔྱད་ཚིག་བྲིས་མྱོང་།    ཁོང་གི་ཁྱད་དུ་འཕགས་པའི་བྱ་བ་སྟེ། ཚོང་ལས་དང་།  མཐོང་གཟུགས་སྒྱུ་རྩལ།  འགྲེམ་བརྡའི་སྒྱུ་རྩལ་སོགས་ཀྱི་ཐད་ལ་གནང་བའི་མཛད་རྗེས་དེ་དག་ལ། ང་ཚོས་འདང་རེ་བརྒྱབ་ན། གལ་ཏེ་འཇིག་རྟེན་འདིར་ཁོང་ཉིད་བྱོན་མ་མྱོང་ཚེ།   ཅི་འདྲ་ཐབས་རྡུགས་པོ་ཞིག་མིན་ནམ།།  

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།