ཀྲུང་གོ་བོད་ཀྱི་དྲ་བ།

སྲོལ་བཟང་རྒྱུན་འཛིན་དང་རིག་གནས་སློབ་སྦྱོང་བྱེད་དགོས་ཚུལ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།   རྩོམ་པ་པོ། : གླིང་བུ་ཚེ་རིང་དོན་གྲུབ།   སྤེལ་དུས། : 2016-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 རང་རེ་ལ་གཞན་ལ་ངོ་གནོང་མི་དགོས་པའི་རིག་གནས་འདི་ལྟ་བུ་ཞིག་ཡོད་པ་ནི། སྔོན་བྱོན་མེས་པོ་དག་གིས་ལོ་ངོ་སྟོང་ཕྲག་བརྒྱུད་ནས་རྒྱུན་འཛིན་དང་དེ་ལ་སྲེག་བཅད་བརྡར་བའི་གསེར་བཞིན་ལེགས་ཉེས་བླང་དོར་བྱས་པའི་བཀའ་དྲིན་ཡིན་ལ། ཕྱི་རབས་པ་རྣམས་ནི་དོན་གོ་བ་ཅན་ཞིག་དང་རང་རྒྱུད་ལ་ཤ་ཚ་མཁན་ཞིག་ཡིན་ན་མཚུངས་མེད་ཀྱི་བཀའ་དྲིན་དག་རྗེས་སུ་དྲན་དགོས་ཤིང་། བབས་ཚོད་ཐུབ་ཚོད་ཀྱིས་རང་གི་རིག་གནས་འདི་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པའི་འོས་འགན་ཡོད།

ལར་སྐྱེས་པའི་མིས་རང་གི་སྐྱེས་རྒྱུད་མ་ཤེས་ན་ནགས་ཁུང་གི་སྤྲེའུ་དང་འདྲ། རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མོ་དང་འདྲ། ཡབ་མེས་ཀྱི་ཆེ་གེ་ཡིག་ཚང་མ་ཤེས་ན་མོན་ཕུག་ཡལ་བོར་དང་འདྲ་ཞེས་པ་ནང་བཞིན། རང་གི་སྲོལ་བཟང་བོ་ཤེས་པའི་དགོས་པ་ཤིན་ཏུ་ཆེ། དེང་གི་དུས་སུ་རང་རེའི་ལོ་རྒྱུས་དང་ཤེས་རིག་ནི་ཕྱིའི་ཡུལ་ན་ཁྱབ་གདལ་དང་གྲགས་པ་ཆེ་མོད་ཀྱི། རང་ཡུལ་གྱི་མི་རྣམས་ལ་ནི་ཕལ་ཆེར་རྒྱུས་ཡོད་མེད་ཀྱི་མཚམས་སུ་སླེབས་ཡོད། ཡར་ཀླུང་གཙང་པོའི་ལྷོ་རྒྱུད་དུ་བོད་ཀྱི་མི་རིགས་བྱུང་བ་ནས་རིམ་བཞིན་སྤྱི་ཚོགས་འཚོ་བའི་ཁྲོད་དུ་སྔོན་བྱོན་མེས་པོ་རྣམས་ཀྱིས་ལེགས་ཉེས་བླང་དོར་དང་མི་ཉམས་དར་སྤེལ་བྱས་ཏེ་མཚར་སྡུག་འོད་སྟོང་འབར་བའི་རིག་གནས་ཤིག་བསྐྲུན་པ་རེད།

དེང་གི་དུས་ལ་སྲིད་ཇུས་གསེར་གྱི་ཉི་མ་དགུང་ནས་ཤར། སྒྲིག་ལམ་དུང་གི་ཟླ་བ་མཐའ་ནས་ཚེས། རང་ལ་འཇོན་ཐང་དང་བསམ་བློ་ཡོད་ན་རང་ལ་དབང་བའི་བདེ་སྐྱིད་འཚོ་བ་བསྐྲུན་ཆོག མི་རྣམས་ཀྱི་འཚོ་བ་ཕུན་སུམ་ཚོགས་པོར་གྱུར་ཞིང་། དེང་གི་དུས་ལ་འཚོ་བའི་ཕྱོགས་སོ་སོར་འགྱུར་ལྡོག་ཅི་རིགས་བྱུང་ཡོད། ཆུང་ས་ནས་བཤད་ན། སྔོན་ནས་རྒན་པར་གུས་བཀུར་དང་ཆུང་བར་བྱམས་སྐྱོང་བྱེད་པའི་སྲོལ་བཟང་པོ་ཡོད་རུང་། ད་ལྟའི་མི་མང་ཤོས་ཀྱིས་རང་ཉིད་གཙོར་འཛིན་པ་ལས། རྒན་པ་ཡོང་ན་ཡར་མི་ལངས་པ་དང་། ཆུང་བར་ཡང་བྱམས་སྐྱོང་མི་བྱེད་པའི་སྲོལ་ངན་པ་རྒྱུད་བཙོག་པོ་ལ་འདྲེས་འདུག ཟས་བྱིན་པོ་ཡོད་ན་ཕ་མར་སྟེར།  གོས་ཡག་པ་ཡོད་ན་ཕ་མར་གོན། སྔོན་གྱི་དུས་སུ་དངོས་ནས་འདི་ལྟར་བྱེད་རུང་། ད་ལྟ་ནི་རང་གི་ཁ་རྒྱབ་ཀྱི་ཆེད་སེམས་ཁུར་བྱེད་པ་མ་གཏོགས། དྲིན་ཆེན་ཕ་མ་ནི་མི་འདོད་ལོ་ཡིས་རྒས་ནས་འགྲོ་འདུག་ཉལ་གསུམ་ཡང་དཀའ་བའི་གནས་སུ་ལྷུང་རུང་། དེ་ལ་བདག་སྐྱོང་བྱེད་པ་ཕར་ཞོག ད་དུང་དྲིན་ཆེན་ཕ་མ་སོགས་མིག་ནང་གི་ཚེར་མ་དང་ཁ་རྡུང་གཏོང་ཡུལ་དུ་འཇོག་མཁན་ཡང་མང་བོ་འདུག སྔོན་ཆད་ཡིན་ན་ང་ཚོས་དགེ་རྒན་དང་ཡོན་ཏན་ཅན་ལ་བརྩི་བཀུར་བྱེད་པ་དང་། སློབ་གསོ་གཙིགས་སུ་འཛིན། ཡིན་ཡང་ཉེ་བའི་དུས་ན་རྒྱུ་ནོར་འགའ་ཐོབ་པ་ཙམ་གྱིས་རིག་གནས་སྣང་མེད་དུ་བཞག་ནས་ཤར་ནུབ་ཀྱི་ཁ་ཕྱོགས་ནོར་བ་དང་དཀར་ནག་གི་གོ་མི་འབྱེད་པའི་མི་བུའང་རེ་འགའ་འདུག སྤྱོན་ངན་འདི་དག་ནི་ང་ཚོ་མ་ཟད་འཛམ་གླིང་སྤྱི་ཚོགས་ཡོངས་སུ་ཁྱབ་ཡོད་ཅིང་། རང་རེའི་རྒྱལ་ཁབ་ནས་ཀྱང་ཆུད་ཟོས་སུ་གཏོང་བ་སྔོན་འགོག་བྱེད་པའི་ལས་ཀ་བྱ་ཐབས་འདོན་པ་དང་དེ་དང་འབྲེལ་བའི་ལས་ཀར་ཤུགས་བསྣན་ནས་སྒྲུབ་བཞིན་ཡོད་ལ། རྒན་བཀུར་གཞོན་གཅེས་བྱེད་པའི་སྐོར་ཚགས་པར་དང་དུས་དེབ་སོགས་ན་ལྷག་ཏུ་དྲིལ་བསྒྲགས་བྱས་ཏེ་སྐུལ་སྤེལ་གྱི་ནུས་པའང་མི་དམན་པ་ཐོན་བཞིན་ཡོད། སེམས་ངན་གཞན་ལ་བྱས་ན། བྱ་ངན་རང་ལ་འཁོར་ཡོང་ཟེར་བ་ལྟར། གཞན་ལ་གནོད་པའི་ལས་མི་བགྱི་བ་ནི་རང་རེའི་ལས་རྒྱུ་འབྲས་ཀྱི་ལྟ་ཚུལ་དང་ཡང་མཐུན་ལ། རང་གཞན་ཀུན་ལ་ཕན་མོད་ཀྱི། ཡིན་ཡང་། དེང་གི་མི་མང་ཤོས་ཀྱིས་དཔེ་ཆར་བལྟ་རྒྱུ་ཕར་ཞོག ཉིན་མཚན་དུས་མེད་དུ་རོལ་རྩེད་ཁོ་ནར་གཡེང་བ་དང་། རིག་གནས་མི་སྦྱངས་བས་སེམས་རྒྱ་ཆུང་ལ་བཟོད་སེམས་མེད། ལེགས་ཉེས་བླང་དོར་དང་དོན་དངོས་ལ་རྒྱུས་ལོན་མི་བྱེད་པར་རྣ་ཐོས་གོ་ཐོས་ཙམ་གྱིས་གཞན་གྱི་སྐྱོན་གླེང་བ་དང་། མཚང་འདོན་པ།  ཕྲག་དོག་དང་ངན་སེམས་བཅངས་བཞིན་དུས་འདའ་བ་རེད། རང་གི་བརྩོན་འགྲུས་ལ་མི་བརྟེན་པར་གཞན་ཁོ་ན་བརྟེན་འདོད་པ་དང་། གཡོ་སྒྱུ་དང་ལེ་ལོའི་དབང་གིས་དུས་བསྐྱལ་ནས་ཚེ་གང་བོར་བསམ་མི་ཤེས་པའི་མི་ཡང་མང་པོ་འདུག

སྲོལ་རྒྱུན་ཡིན་ནའང་བཟང་ངན་གཉིས་ཀའི་ལྟ་སྤྱོད་འདུས་ཡོད་པས། དེ་དག་རྟོགས་བྱེད་ལ་མ་རིག་མུན་པ་སེལ་བའི་ཤེས་རིག་གི་སྒྲོན་མེ་ནི་ཅིས་ཀྱང་མཁོ། ཤེས་རབ་ཀྱི་བློ་ཡོད་ན་རང་ལུས་ལ་ཡོན་ཏན་ཅི་སྙེད་པ་འབྱོར་ཐུབ་པས། མི་ཚེའི་དོན་སྙིང་ཡང་རྟོགས་ཡོང་།  གཞན་ཕན་གྱི་ལས་ཀྱང་བགྱི་ཐུབ་པ་ཡིན། རིག་གནས་གསར་བ་ནི་ཆུ་མིག་བརྡོལ་བ་བཞིན་འབྱུང་དང་འབྱུང་བཞིན་པས་ན། སློབ་སྦྱོང་བྱེད་པ་ནི་ཐབས་ཤེས་མཆོག་ཏུ་གྱུར་བ་ཅིས་མ་ཡིན། སློབ་སྦྱོང་མ་བྱས་ན་བསམ་བློར་བཀག་རྒྱ་ཐེབས་ནས་ཡུན་རིང་མི་འགོར་བར་གཞན་གྱི་རྗེས་སུ་ལུས་ངེས་པས། རང་གཞན་ཀུན་གྱི་ཆེད་དུ་སློབ་སྦྱོང་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་འདོད་ནས་སེམས་འདུན་གང་ཤར་མ་ཀུན་སློང་བཟང་བོས་བྲིས་པའོ། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།