སློབ་གསོ་དང་སློབ་གསོད།


     མ་གཞི་ནས་སློབ་གསོ་ནི་ཀུན་ལས་གལ་ཆེ་བ་དང་ཐམས་ཅད་ཀྱི་རྩ་བ་ཡིན་པས་སློབ་གསོ་ མཁོ་མེད་དུ་འདོད་པའི་མི་དེ་ལ་ལྷག་པར་སློབ་གསོ་མཁོ་ཞིང་།  སློབ་གསོ་སྣང་མེད་དུ་བསྐྱུར་བའི་མི་དེས་སློབ་གསོ་མྱངས་པའི་དུས་ཡུན་ཐུང་བ་ ཤེས་ལ་དུས་ཡུན་རིང་ཡང་འབྲས་བུ་དམན་པ་རྟོགས་ཐུབ།  སློབ་གསོ་ནི་གཟུགས་མེད་ཀྱི་འཛུགས་སྐྲུན་ཞིག་ཡིན་ལ་གཟུགས་ལྡན་གྱི་འཛུགས་ སྐྲུན་ཀུན་གྱི་རྩ་བའང་ཡིན།  ཡང་གཅིག་བཤད་ན་སློབ་གསོ་ནི་ཡོད་ཚད་ཡིན་ལ་ཡོད་ཚད་སློབ་གསོ་ལ་རག་ལས་པས་ཞིབ་ ཏུ་བསྒྲུབས་ནས་ནན་གྱིས་འཇུག་དགོས་པའི་ལས་དོན་གལ་ཆེན་ཞིག་ཀྱང་ཡིན།  འགངས་འདུས་ཤིང་གལ་ཆེ་བའི་ལས་དོན་འདི་གཙོ་ཆེར་བརྗོད་ན་ལས་རིགས་མི་འདྲ་བ་ གསུམ་གྱི་སྤྱི་སྡོམ་ཞིག་ཡིན་ལ། དགེ་རྒན་གྱིས་སློབ་སྟོན་དང་གཞན་གསོ་བ།  སློབ་མས་སྦྱོང་བ་དང་རང་གསོ་བ།  ཁྱིམ་བདག་གིས་སློབ་པ་དང་གསོ་བར་མཐུན་རྐྱེན་དང་རམ་འདེགས་བྱ་དགོས་པ་གསུམ་མོ།།   སྒྲུབ་མཁན་མི་འདྲ་གསུམ་གྱི་བྱ་བ་མི་འདྲ་གསུམ་སྟེ་གསུམ་གཉིས་དྲུག་གི་ཆ་ རྐྱེན་མ་འཛོམས་ཚེ་སློབ་གསོ་སྒྲུབ་དཀའ་ཞིང་ཆ་ཚང་བར་སྤེལ་མི་ནུས།  མི་ལ་གསོན་རྐྱེན་ཉུང་ཞིང་འཆི་རྐྱེན་མང་ཟེར་བ་བཞིན་དུ་སློབ་གསོ་ཡང་དེ་ལས་མ་ འདས། ཡིན་ཡང་།  ཁོ་བོ་སྐྱེས་ཤིང་ནར་སོན་པའི་ཕ་ཡུལ་གྱི་སློབ་གསོ་ནི་མཚན་ཉིད་ལོག་པའི་སློབ་ གསོ་ཞིག་དང་ཡིག་ནོར་ཐེབས་པའི་སློབ་གསོད་ཅིག  བསྐྱར་དཔར་དང་བྲན་བསྒྱུར་གྱི་སློབ་གསོ་ཞིག་ལས་འདའ་མི་འདུག

     སློབ་གསོ་ནི་ཅི་ཞིག་ཡིན།
     “སློབ་ གསོ་བྱེད་མཁན་གྱིས་སློབ་གསོ་བྱ་ཡུལ་ལ་བསམ་བཞིན་དུའམ་དམིགས་ཡུལ་ཡོད་པའི་སྒོ་ ནས་བབ་ཆགས་བཞག་སྟེ་སློབ་གསོ་བྱེད་མཁན་རང་ཉིད་ཀྱི་བློ་དང་མཐུན་པའི་གཤིས་ རྒྱུད་ཆགས་པར་བྱེད་པ་ཚང་མ་སློབ་གསོ་ཡིན།”ཞེས་ བརྗོད་པ་དང་གཅིག  སློབ་གསོ་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གི་གོ་དོན་གཉིས་ཡོད་དེ།  སྒྲ་ཡངས་འཇུག་གི་སློབ་གསོ་ནི་ཁྱིམ་ཚང་དང་སློབ་གྲྭ་དང་སྤྱི་ཚོགས་བཅས་ཀྱི་ སློབ་གསོ་ཚུད། སྒྲ་དོག་འཇུག་གི་སློབ་གསོ་ནི་སློབ་གྲྭའི་སློབ་གསོ་ཁོ་ནར་གོ  གཞན“སློབ་གསོ་ནི་སློབ་གསོ་མྱོང་མཁན་གྱི་ཀུན་སྤྱོད་དང་། ཡོན་ཏན། ལུས་ཕུང་རྣམས་ཡར་རྒྱས་སུ་གཏོང་བྱེད་ཀྱི་སྤྱི་ཚོགས་ལས་སྟངས་ཤིག”ཅེས་ སློབ་གསོའི་གོ་དོན་གཉིས་པོ་བསྡོམས་ན་སློབ་གསོར་གོ་བ་ཅུང་ཡག་ཙམ་ལེན་ཐུབ་པར་ སྣང་སྟེ། སློབ་གསོ་ནི་བསམ་བཞིན་དུ་བག་ཆགས་འཇོག་པ་ཞིག་ཡིན་པ་གོ་ཐུབ།  བག་ཆགས་ནི་ནུས་པ་དང་ས་བོན་ལ་གོ་བས་ནུས་པ་དང་ས་བོན་ཇི་ལྟ་བུ་ཞིག་འཇོག་དགོས་ ཟེར་ན། ཀུན་སྤྱོད་དང་ཡོན་ཏན།  ལུས་ཕུང་རྣམས་ཡར་རྒྱས་གཏོང་བྱེད་ཀྱི་ནུས་པ་དང་བག་ཆགས་འཇོག་དགོས་པ་རེད།  སློབ་གསོ་ཞེས་པའི་ཡིག་འབྲུ་གཉིས་པོ་ལ་བསམས་ན་ལས་གང་ཞིག་གསོ་བའི་ཆེད་དུ་ཅི་ ཞིག་སློབ་དགོས་ཞེས་པའི་དྲི་བ་ཞིག་ངང་གིས་འབྱུང་སྲིད།  དེ་ནི་བསམ་པའི་ཀུན་སྤྱོད་དང་ཤེས་རིག ལུས་ཕུང་།  མཛེས་དཔྱོད་ལྟ་བ་སོགས་གསོ་བའི་ཆེད་དུ་བསམ་པ་བཟང་བོ་དང་ཀུན་སྤྱོད་ཡག་པོ།  ཤེས་བྱ་སྣ་མང་། མཛེས་རྩལ། ལུས་རྩལ་སོགས་སློབ་དགོས་པ་རེད།  སློབ་གསོ་ནི་མིའི་རིགས་སྐྱོབ་བྱེད་ཡིན་པས་མིའི་རིགས་སྐྱོབ་ན་མི་བུ་རེ་རེ་ ནས་སྐྱོབ་དགོས་ལ་མི་བུ་རེ་རེ་ནས་སྐྱོབ་དགོས་ན་ཐོག་མར་ལུས་པོ་སྐྱོབ་དགོས།  ལུས་པོ་སྐྱོབ་དགོས་ན་ལུས་རྩལ་སློབ་གསོ་ལ་བརྟེན་དགོས་པས་ལུས་རྩལ་སློབ་གསོ་ གལ་ཆེན་ཡིན།  སློབ་གསོ་ནི་མིའི་རིགས་འཕེལ་རྒྱས་གཏོང་བྱེད་ཡིན་པའི་ཆ་ནས་ཤེས་རིག་སློབ་གསོ་ དང་མཛེས་རྩལ་སློབ་གསོ། བསམ་པའི་ཀུན་སྤྱོད་སློབ་གསོ་སོགས་ཀྱང་གལ་ཧ་ཅང་ཆེའོ།།
     ༡ ཁྱིམ་བདག་གིས་སློབ་གསོར་བཟུང་བའི་ལྟ་ཚུལ།
     ཁྱིམ་ བདག་གིས་སློབ་གསོ་ཞེས་པའི་ཡིག་འབྲུ་གཉིས་ལ་གོ་བ་འདི་འདྲ་ཞིག་ལེན་གྱིན་འདུག་ སྟེ།  སློབ་ནི་དཔེ་ངོས་ཀྱི་ཤེས་བྱའི་ནང་ཚན་སློབ་མ་རང་ཉིད་ཀྱི་སློབ་དེབ་ཁོ་ན་ལས་ ཀྱང་ཁྱབ་ཆུང་བ་རྒྱུགས་ཤོག་ཐོག་གི་སྐར་གྲངས་མཐོ་རུ་འཕར་སྤྱད་ཀྱི་ཤེས་བྱ་ སློབ་དགོས་པ་དང་།  གསོ་ནི་སྐར་གྲངས་མཐོ་རུ་འཕར་སྤྱད་དུ་བསླབས་པའི་ཤེས་བྱ་ཉི་ཚེ་བ་དག་ལ་བརྟེན་ ནས་གཞུང་གི་བྱ་བ་ཞིག་རག་སྟེ་སློབ་མ་རང་ཉིད་ཀྱི་ཕོ་བ་གསོ་རྒྱུ་དེའོ།།  ཡང་གཅིག་བཤད་ན་སྦྱངས་པའི་ཤེས་བྱ་དེས་ཕོ་བ་ཕག་ལྟར་གསོས་ནས་ཕག་བཞིན་རྒྱགས་པོ་ ཞིག་ཏུ་གཏོང་ཐུབ་ཚེ་སློབ་གསོའི་བྱ་བ་ལེགས་འགྲུབ་བྱུང་བའི་རྟགས་སུ་འཛིན་ གྱིན་འདུག  ཁྱིམ་བདག་ཚོ་དང་ཁ་བརྡ་བྱེད་དུས་རང་ཉིད་ཀྱི་བུའམ་བུ་མོ་དག་ལ་ཡིད་ཐང་ཆད་པའི་ ཚུལ་གྱིས“ངེད་ ཚང་གི་བུའམ་བུ་མོའི་སྐར་གྲངས་ཅིག་ཅིག་ཅིག་རེད།  འཛིན་གྲྭའི་ནང་གི་ཨང་རིམ་ཉིག་ཉིག་ཉིག་རེད།  དེ་བས་སློབ་གྲྭར་བསྐྱལ་ཡང་དགོས་པ་མི་འདུག”ཅེས་ བུའམ་བུ་མོའི་ཡོད་ཚད་སྐར་གྲངས་ཀྱིས་ཐག་གཅོད་བྱས་འགྲོ་བ་ནི་ཚད་བརྒལ་གྱི་བྱ་ སྤྱོད་དང་ལོང་མཆོངས་ཀྱི་བྱེད་སྟངས་ཤ་སྟག་རེད།  ཁྱིམ་བདག་ཕལ་མོ་ཆེ་ནི་བུའམ་བུ་མོ་ལས་སྐར་གྲངས་ལ་དགའ་ཞིང་སྐར་གྲངས་ཀྱི་ཆེད་ དུ་བུའམ་བུ་མོ་བློས་གཏོང་ངེས་ལ་བུ་དང་བུ་མོ་ནི་སྐར་གྲངས་ལེན་སྤྱད་ཙམ་བྱས་ པས་ཆོག་པར་འདོད་ཡོད།  སྐར་གྲངས་མཐོན་པོ་ནི་བུའམ་བུ་མོའི་རྒྱན་ཆ་དང་རང་ཉིད་ཀྱི་ང་རྒྱལ་དུ་འདོད་ མཁན་མང་དུ་འདུག་པས།  སྐར་གྲངས་མཐོན་པོ་ཞིག་ལོན་པའི་ཆེད་ཤ་ཐང་ཐང་དུ་འབད་པ་བྱ་དགོས་པར་གདམས་པ་དང་ སྐར་གྲངས་མཐོན་པོ་ཞིག་མ་ལོན་ཚེ།  བུའམ་བུ་མོས་སློབ་འདོད་ཀྱི་འདུན་པ་མེ་ལྟར་མཆེད་ཅིང་སྦྱང་འདུན་གྱི་བསམ་པ་ཆུ་ བཞིན་བཞུར་ཡང་རྫིང་ལྟར་བསྐྱིལ་ངེས་ཡིན།  ཡང་སེམས་དགོས་པ་ཞིག་ལ་སློབ་གསོའི་ཁོར་ཡུག་འདི་འདྲ་ཞིག་གི་སློབ་མ་དེ་འདྲ་ ཞིག་ལ་སྐར་གྲངས་ལེན་སྤྱད་ཁོ་ནའི་ཤེས་བྱ་ཙམ་ལས་མེད་ལ་དེ་ཡང་ཡོད་དཀའ་བས།  སྐར་གྲངས་མ་ལོན་པའི་སློབ་མར་གཞན་པའི་ཟུར་གྱི་ཁུག་མ་ཞིག་སྟོན་རྒྱུ་ཡོད་མཁན་ ཧ་ཅང་ཉུང་ཉུང་ཡིན།  དེ་བས་ཁྱིམ་བདག་གི་བྱེད་སྟངས་ནོར་འཁྲུལ་ཅན་གྱི་ནང་དུའང་བདེན་པའི་མེ་ཏོག་རེ་ གཉིས་ཁྲ་ལམ་མེར་བཞད་ཡོད་ཚོད་རེད།  ནོར་འཁྲུལ་ཅན་གྱི་བྱེད་སྟངས་ལ་ནོར་འཁྲུལ་ཅན་གྱིས་ཐག་གཅོད་བྱེད་པ་ནི་ནོར་ འཁྲུལ་རྐྱང་རྐྱང་ཞིག་ག་ལ་ཡིན་ཏེ་གཏན་ནས་མ་ཡིན་ནོ།།
     ཁོ་ བོ་ལོ་ངོ་བཅོ་ལྔ་ལྷག་ལ་སློབ་གྲྭར་འགྲིམས་པའི་རིང་ལ་སྙིང་ཉེ་ཞིང་ཤ་ཚ་བའི་ གཉེན་ཉེ་གྲོགས་པོ་ས་སྟེང་གི་མེ་ཏོག་བཞིན་མང་བོ་ཡོད་པ་དེ་དག་གིས“ད་ཐེངས་སྐར་གྲངས་ཅི་ཙམ་རེད།”སོགས་ ཀྱི་ཤ་ཚ་ཆེ་བའི་དྲི་བ་རྒྱུན་དུ་འདྲི་ནའང་།  སློབ་གསོ་དངོས་མ་ཞིག་དང་འབྲས་བུ་དོན་ལྡན་ཞིག་འཐོབ་ཡོད་མེད་ལ་ཉམས་འཇོག་བྱེད་ མཁན་གྱི་གཉེན་ཉེ་གྲོགས་པོ་ཞིག་བྱུང་མ་སོང་།  དེ་ནི་ཁོ་བོར་ཤ་མ་ཚ་བ་མིན་ལ་སྙིང་མ་ཉེ་བའང་གཏན་ནས་མིན།  ཡིན་རྒྱུ་ནི་ཁོ་ཚོའི་སེམས་ཁོང་གི་སློབ་གསོ་ནི་མཚན་ཉིད་ལོག་པའི་སློབ་གསོ་ ཞིག་ཡིན་པས་ལན་སོང་བ་རེད།  གཞན་བུའམ་བུ་མོ་དག་གི་སྐར་གྲངས་དམའ་བ་དང་ལས་བྱ་བསྒྲུབ་མ་ཤེས་ཚེ།“ཁྱི་སྐྱག་དུད་འགྲོ། འདི་ལྟ་བུ་ཞིག་ཀྱང་མི་ཤེས་ན་ད་རག་བར་སློབ་གྲྭར་ཅི་བྱེད་དུ་སོང་བ་རེད།”ཅེས་ གཤེ་བའི་ཚུལ་ལས་སློབ་གསོད་ཀྱི་གནས་ཚུལ་ཡང་ཡོད་པ་ཤེས་ཐུབ་ལ།  མཚན་ཉིད་ལོག་པའི་སློབ་གསོའི་ཆེད་དུ་ཡིག་ནོར་ཐེབས་པའི་སློབ་གསོད་ཀྱང་འབྱུང་ གིན་པ་རྟོགས་ཐུབ།

     ༢ དགེ་རྒན་གྱི་སློབ་གསོར་བཟུང་བའི་ལྟ་ཚུལ་དང་སློབ་གསོ་སྒྲུབ་སྟངས།
     སློབ་ ཆུང་གི་དགེ་རྒན་གཙོས་སློབ་གསོ་ལ་འདི་ལྟར་ལྟ་ཡི་ཡོད་དེ།  སློབ་གསོ་ཞེས་པ་ཡིག་ནོར་དུ་འདོད་པས་སློབ་གསོད་ཅེས་པར་དགོངས་ཀྱིན་འདུག་ལ།  སློབ་མས་སློབ་པའི་ཆེད་དུ་དགེ་རྒན་གྱིས་བསད་ཆོག་ལ་གསོད་དགོས་པ་དང་གསོད་རུང་ བ་ནི་སློབ་གསོད་དེ་སློབ་གསོ་དངོས་མ་རུ་འདོད།  རང་སྡེ་སློབ་ཆུང་གི་སློབ་གསོ་ནི་ཡང་དག་པའི་སློབ་གསོད་ཀྱི་བྱེད་སྟངས་དཔེ་ མཚོན་ཅན་ཞིག་རེད།  སྙིང་ཉེ་བའི་ལོ་ཆུང་སློབ་མ་དེ་དག་ཧ་ཅང་སྔ་མོ་ནས་ལངས་ཏེ་སློབ་གྲྭར་འབྱོར་ དགོས་པས་ནངས་ཇ་འཐུང་ཐུབ་ཀྱིན་པའི་སློབ་མ་ཧ་ཅང་ཉུང་།  ནངས་ཇ་ནི་ཉིན་གཅིག་གི་ཆེས་གལ་ཆེ་བའི་ཟས་ཐུན་དེ་ཡིན་པས་དེས་ཉིན་གང་བོའི་བྱ་ བ་དང་སློབ་སྦྱོང་སོགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པ་དང་།  ལྷག་པར་ལོ་ཆུང་སློབ་མ་དག་ལ་མཚོན་ན་ལུས་ཕུང་སྐྱེས་འཚར་བྱེད་པའི་སྒང་ཡིན་པས་ འཚོ་བཅུད་ཀྱིས་མ་འདང་ཚེ་ནད་རིགས་མང་དུ་བསྐྱེད་སྲིད།  ནངས་ཇ་མ་འཐུང་ན་བློ་རིག་གཅིག་ཏུ་བསྡུ་དཀའ་བ་དང་དྲན་འཛིན་ཉམས་པ།  ཀླད་ཆེན་རྒྱས་པར་བཀག་འགོག་དང་ཀླད་ཆེན་གྱི་ནུས་པ་མར་ཆག་པ། འཇུ་ལམ་གྱི་ནད།  ཕོ་བ་རུལ་ནད། ཕོ་བའི་གཉན་ཚད། ཟས་འཇུ་དཀའ་བའི་ནད།  མཁྲིས་རྡོ་ཆགས་པ་སོགས་འབྱུང་བར་བཤད་པས་དེ་ནི་ཕྱིའི་ལུས་པོ་གསོད་སྟངས་གཞན་ ཞིག་རེད་ཨང་།  གལ་ཏེ་སློབ་མ་ཞིག་མལ་ལས་ལངས་པའི་དུས་ཡུན་ཅུང་ཙམ་ཡོལ་ཚེ་ངུ་སྐོར་བྱེད་ཞོར་ཕ་ མ་གཉིས་ལ་སློབ་གྲྭ་མི་འགྲོ་བའི་སྣོག་རྒྱག་ངེས་པ་དེས་དགེ་རྒན་གྱི་གཏུམ་དྲག་ སློབ་གསོད་ཀྱི་ཕྱོགས་ཤིག་གསལ་བོར་མཐོང་ཐུབ།  ངུ་སྐོར་བྱེད་པའི་ཚད་དེ་ཇི་བཞིན་དུ་མཚོན་དཀའ་ལ་མཚོན་ཡང་རྒྱུས་མེད་ཀྱི་མི་ ཞིག་གི་རྣར་འགྲོ་མི་སྲིད་པས་མི་ངལ་བར་བྱས་པ་ཡིན།
     སློབ་ ཁྲིད་ཀྱི་སྐབས་སུ་ཁ་ལན་འདེབས་སུ་འཇུག་པ་དང་སྒོ་སམ་གྱི་ངོས་སུ་རྩིས་གཞི་ བརྩི་རུ་འཇུག་པ། མིང་ཚིག་དང་ཐ་སྙད་ཉན་འབྲི་སོགས་བྱེད་པའི་ཚེ་ན།  ལན་འདེབས་མ་ཤེས་པ་དང་འབྲི་མི་ཤེས་པའི་སློབ་མར་བླུན་པོའི་ཐོག་ལ་དུད་འགྲོ་ བཞག་ནས་སྡིགས་པ་ཕར་ཞོག་གཅར་རྡུང་དྲག་པོ་བྱེད་པ་སོགས།  ལོ་ཆུང་སློབ་མ་སྙིང་ཉེ་བ་དག་ལ་སེམས་དང་སེམས་འདྲེས་ཚེ་ཁྱེད་ལ་བརྗོད་ངེས་ ཀྱང་།  ཐོག་མར་དམ་བཅའ་ཞིག་འཇོག་དགོས་པ་ནི་དོན་དེ་དག་གཞན་ལ་བཤད་མི་ཆོག་པར་གསང་བ་བྱ་ དགོས་པ་དེ་ཡིན།  རྒྱུ་མཚན་གཏུམ་དྲག་ཅན་གྱི་དགེ་རྒན་དེ་དག་གིས་ཐོས་འགྲོ་བར་སྐྲག་གིན་པས་རེད།  དགེ་རྒན་ལ་ལན་འདེབས་སྐབས་སོགས་སུའང་ངོ་གདོང་དམར་བོར་གྱུར་བ་དང་དྲིས་ལན་ཤེས་ ཀྱང་ཐེ་ཚོམ་གྱི་དབང་གིས་ཤོད་མི་ཐུབ་པ།  དྲི་བ་འདྲི་དུས་མ་བཤད་ན་གཅར་བ་དང་བཤད་ཀྱང་མ་འགྲིག་ན་གཅར་བ་སོགས་བརྒྱ་ཆའི་ མང་བོ་གཅར་བའི་ཕྱོགས་སུ་ཡོད་པས་སློབ་མ་ཆུང་ཆུང་ཚོས་བྱེའུས་ཁྲ་མཐོང་བ་དང་ འདྲ་བོ་འདུག  ལོས་ཡིན་ཏེ་དགེ་རྒན་དེ་ཚོ་ནི་སློབ་གསོད་ཀྱི་ལམ་ལུགས་ཡང་དག་པ་ལག་བསྟར་བྱེད་ མཁན་ཏག་ཏག་ཡིན་པས་སོ།།  སློབ་གསོད་ལག་བསྟར་བྱེད་མཁན་གྱི་དགེ་རྒན་དེ་ཚོ་ལ་གཅར་རྡུང་བྱེད་ལུགས་ཀྱང་ འཛོམས་པོ་ཡིན་ཏེ།  སྤྱིར་ཟོག་ལའང་ཕྱགས་མས་རྒྱག་པ་འཛེམ་བྱ་ཡིན་པས་རྒྱག་མི་རུང་ཟེར་བའི་ལུགས་ སྲོལ་ཡོད་ཀྱང་སློབ་མ་ཆུང་ཆུང་ཚོར་ཕྱགས་མས་གང་འདོད་དུ་གཅར་བ་ནི་རྩིས་ཐང་མུན་ དོང་དུ་གཡུགས་པའི་རྟགས་ཤིག་མིན་ནམ།  སྟ་རེ་ཡིས་ཤིང་སྡོང་བཅད་ཟེར་བ་ཤེས་ཀྱང་སྟ་རེ་ཡིས་མི་ལ་གཅར་ཟེར་བ་གོ་ཡང་མ་ མྱོང་།  དགེ་རྒན་ནི་རླབས་ཆེན་ཏེ་སྟ་རེ་ཡིས་སྙིང་ཉེ་བའི་སློབ་མ་དག་ལ་གཅར་ཡང་མྱོང་ ཟེར།  བཙོན་པ་དང་བཙོན་མ་ལ་གཅར་ནས་ལུས་པོ་སྐྲངས་མྱོང་བ་རིག་ཀྱང་སློབ་མ་ལ་དེ་འདྲ་ བྱུང་བ་ད་རག་བར་ཐོས་ཀྱང་མ་མྱོང་།  དགེ་རྒན་ནི་དྲིན་ཆེན་ཏེ་སློབ་མ་ཆུང་ཆུང་ཚོའི་ལུས་པོ་སྐྲང་དུ་བཅུག་མྱོང་བ་ མང་དུ་ཐོས་ལ་ཉུང་བ་མཐོང་ཡང་མྱོང་།  བུ་དང་བུ་མོ་ཚོའི་རྒྱབ་ཏུ་སྐྲང་འབུར་མང་བོ་དང་སྔོ་ཐིགས་ཆེན་པོ་བབས་ཡོད་ ཀྱང་།  ཕ་མ་ལའང་གསང་བ་བྱས་ནས་མ་བཤད་པར་དུས་ག་ཤེད་ཅིག་འགོར་བའི་ཚེ་ན་མལ་དུ་ཉལ་དུས་ ཕ་མས་མཐོང་སོང་བས།  གནས་ཚུལ་ཞིབ་ཏུ་དྲིས་དུས་དགེ་རྒན་གྱི་མཚན་ཙམ་འཛིན་པ་དེ་དག་གི་བྱས་ཉེས་ཡིན་ པ་གཟོད་ཤེས་པ་ཡིན་ཟེར་མཁན་མང་དུ་བྱུང་།  དེ་ནི་ཁོའམ་ཁོ་མོ་གཅིག་པུ་ལ་བྱས་པ་མིན་པར་ཡོངས་ཁྱབ་ཀྱི་རང་བཞིན་ཅན་ཞིག་དང་ རྒྱུན་ལྡན་གྱི་རང་བཞིན་ཅན་ཞིག་ཡིན་པ་ཡང་རྟོགས་ཡོད་ཟེར།  བྱས་རྗེས་དེ་གཞན་ལ་བསྒྲགས་མི་ཆོག་པའི་བཀའ་རྒྱ་བྱས་ཡོད་པས་ཕ་མས་གང་འདོད་དུ་ མི་གཞན་པར་བཤད་མི་རུང་བར་གསང་དགོས་ལ།  གལ་ཏེ་དགེ་རྒན་གྱིས་ཁྱིམ་མི་སོགས་ལ་བསྒྲགས་པ་ཤེས་ཚེ་གཅར་རྡུང་ཆེན་པོ་རྗེས་ སུ་ཉོ་ངེས་ཡིན་ཞེས་བུའམ་བུ་མོས་ཕ་མ་ལ་ཞུ་བ་ཡང་ཡང་ཞུས་སོང་ཟེར།  ཁོ་བོས་གནའ་བོའི་སྤྱི་ཚོགས་ངན་པའི་ནང་དུའང་སྡུག་པོ་འདི་ལས་ལྷག་ཅིག་བཏང་ཡོད་ མི་སྲིད་སྙམ་པ་བྱུང་ལ།  རྨ་ཁ་ལག་པས་སྐྱོར་མི་ཉན་པའི་ལམ་ལུགས་འདི་སྡུག་པོ་གཏོང་སྟངས་གཞན་ཞིག་རེད་ ཨང་།
     གཞན་ དགེ་རྒན་དྲིན་ཆེན་ཚོར་ཐུག་པ་སོགས་ཟས་ལྷག་བྱུང་ཚེ་སློབ་མ་རྣམས་ལ་འཐུང་དུ་ འཇུག་པ་ནི་ཁྱི་ལ་བྱམས་སྐྱོང་བྱེད་སྟངས་ཤིག་ཡིན་ཡང་།  སློབ་མ་ཚོས་འཐུང་མི་འདོད་ཀྱང་མི་འདོད་ཟེར་དབང་མེད་ལ་འཐུང་མི་ཐུབ་ཀྱང་མི་ ཐུབ་ཟེར་དབང་མེད་པར་བཤད།  སྤྱིར་གནད་དོན་འདི་ཆུང་ཆུང་ཞིག་ཏུ་མཐོང་ཡང་སློབ་མ་ཚོས་བརྗོད་ཚུལ་ལ་བལྟས་ན་ དེ་ཡང་གནད་དོན་ཆུང་ཆུང་ཞིག་མིན་པ་ཤེས་ཐུབ། རེད་ཀྱང་རེད་དེ།  ཁྱེད་ལ་ཟས་བཟའ་ས་མེད་དུས་ད་དུང་ཟས་ལྷག་ཅིག་བཟའ་དགོས་ཟེར་ན་མི་དཀའ་འམ།  བཟའ་མི་འདོད་པའི་ཟས་ཤིག་ངེས་པར་བཟའ་དགོས་ཟེར་ན་སྡུག་པོ་མི་འདུག་གམ།  དེ་ནི་གནའ་རབས་ཀྱི་བྱམས་སྐྱོང་བྱེད་ཚུལ་ཞིག་ཡིན་ཡང་དེང་དུས་བྱམས་སྐྱོང་ བྱེད་སྟངས་འདི་འདྲ་ཞིག་གང་ན་ཡོད།  འདི་ནི་བྱམས་སྐྱོང་གི་ཚུལ་གྱིས་མི་ལ་མཐོང་ཆུང་བྱེད་ཚུལ་ཞིག་དང་རང་དབང་ འཕྲོག་སྟངས་གསར་བ་ཞིག་མིན་ནམ།  ད་དུང་དགེ་རྒན་ཚོའི་ཁང་བ་སོགས་ལ་གད་དར་རྒྱག་མཁན་སོགས་ཀྱང་སློབ་མ་ཡིན་པས།  ལོ་ཆུང་གི་སློབ་མ་འདི་དག་ནག་ཉེས་ཤིག་གི་ཆེད་དུ་དཀོན་མཆོག་གིས་མི་ཡུལ་ལ་ བརྫངས་པ་ལོས་ཡིན་འདོད་བྱུང་།  སློབ་མས་དགེ་རྒན་གྱི་རོགས་ཅུང་ཙམ་ལོས་ཀྱང་བྱས་ཆོག་མོད།  འོན་ཀྱང་དགེ་རྒན་ཆེན་པོ་འདི་དག་གིས་སློབ་མ་ཆུང་ཆུང་ཚོས་ལས་པ་བློར་མ་བབས་ཚེ་ ཡང་གཅར་རྡུང་ཆེན་པོ་ཞིག་གི་གཡུལ་བཤམས་ངེས་ཡིན་ཟེར། མའོ་རྒད་པོས“སློབ་གསོ་མཁན་ལ་ཐོག་མར་སློབ་གསོ་ཐོབ་དགོས”ཞེས་ པ་ནི་རླབས་ཆེན་གྱི་དགེ་རྒན་འདི་དག་ལ་ཆེད་དུ་བཤད་པ་ལོས་ཡིན་འདོད་བྱུང་།  འདི་དག་ལ་ཁྲིམས་ཤིག་ཅིས་ཀྱང་བཟོ་དགོས་པས་བཟོས་ཀྱང་འདུག་སྟེ།«ནར་མ་སོན་པའི་མིར་འགན་སྲུང་བྱེད་པའི་ཁྲིམས»ཀྱི་ལེའུ་གསུམ་པ་སློབ་གྲྭའི་སྲུང་སྐྱོབ་ཞེས་པའི་དོན་ཚན་བཅུ་གསུམ་པ་ལས“ནར་ མ་སོན་པའི་སློབ་མར་སློབ་གྲྭས་སེམས་ཁུར་དང་གཅེས་སྐྱོང་བྱ་དགོས།  སྤྱོད་ལམ་གྱི་ཐད་སྐྱོན་ཆ་ཡོད་པ་དང་སློབ་སྦྱོང་ལ་དཀའ་ངལ་ཆེ་བའི་སློབ་མར་ཡིད་ མ་སུན་པར་སློབ་གསོ་བྱེད་པ་དང་རོགས་རམ་བྱ་བ་ལས།  མཐོང་ཆུང་དང་འདྲ་མཉམ་མིན་པའི་ལྟ་སྟངས་བཟུང་མི་ཆོག”ཅེས་དང་དོན་ཚན་བཅོ་ལྔ་བ་ལས“སློབ་ གྲྭ་དང་བྱིས་གཉོར་ཁང་གི་དགེ་བཟོ་བས་ནར་མ་སོན་པའི་མིའི་མི་གཞི་ལ་བརྩི་བཀུར་ བྱ་དགོས་ལ། ནར་མ་སོན་པའི་སློབ་མ་དང་བྱིས་པ་ལ་ལུས་ཆད་བཅད་མི་ཆོག  ལུས་ཆད་གཅོད་པ་དང་ཡང་ན་མི་གཞི་ལ་དམའ་འབེབས་བྱེད་པའི་བྱ་སྤྱོད་འགོག་དགོས”ཞེས་གཏན་འཁེལ་བྱས་ཡོད་པས་མི་ཚད།«ནར་མ་སོན་པའི་མི་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས»སུའང་ དེ་དང་གཅིག་འདྲ་གཏན་འཁེལ་བྱས་འདུག  སློབ་མའི་ཁྱིམ་བདག་དགེ་རྒན་ལ་བསམ་འཆར་དང་རེ་བ་ཞུ་རུ་ཐོན་ཚེ།  རྗེས་མར་བསམ་གནག་ཁོག་བཅངས་ཀྱིས་དོན་ག་གེ་མོ་ཞིག་ལ་ཁ་གཡར་ནས་སློབ་མ་དེར་ འཁོན་ལན་སློག་ངེས་ཟེར་བས།  ཁྱིམ་བདག་ངལ་བ་འབྲས་མེད་དང་འབྲས་བུ་ལྡོག་པ་རུ་རྒྱས་སུ་འཇུག་ཀྱང་ཁྲིམས་ཡིག་ འདི་རྗེས་མར་ལེགས་སྐྱེས་སུ་བྱས་ཆོག་ཆོག་རེད་ཨང་།  འདི་ནི་ཕྱི་ལུས་ཀྱི་ཆ་ནས་གསོད་སྟངས་ཡིན་པས་ནང་སེམས་ཀྱི་གསོད་ཚུལ་ཤིག་མེད་པ་ ཡིན་ནམ་ཟེར་ན། མིན་ཏེ་དེ་ལས་ཀྱང་ཚབས་ཆེའོ།།  ནང་སེམས་གསོད་པ་ནི་འུ་བུ་ཅག་གི་སློབ་གསོ་སྤྱིའི་སྐྱུག་བྲོ་བའི་ངོ་གདོང་ཡིན་ པས་དམིགས་ཀྱིས་མ་འབྱེད་པ་དེ་ཙམ་མོ།།

༣ སློབ་མའི་སེམས་ཁོང་གི་སློབ་གསོ་དང་མྱོང་བཞིན་པའི་སློབ་གསོ།
     ཁྱིམ་ བདག་གིས་སློབ་གསོ་ནི་སྐར་གྲངས་ཡིན་པར་བསྟན་པ་དང་དགེ་རྒན་གྱིས་སློབ་གསོ་ནི་ གཡོག་རྒྱུགས་བྱ་རྒྱུ་ཡིན་པར་གསུངས་ལ།  སྤྱི་ཚོགས་ཀྱིས་སློབ་གསོའི་མཐར་ཐུག་གི་འབབ་ས་སྒོར་མོ་ཡིན་པར་བསྒྲགས་པས་ སློབ་མ་ཆུང་ཆུང་ཚོའི་དྭངས་གཙང་གིས་སེམས་པ་དང་ལྷད་མེད་ཀྱི་རང་བཞིན་གཞི་ནས་ རྙོག་པའི་མགོ་ཡོངས་སུ་བརྩམས།  འདི་ནི་སློབ་གསོའི་ནག་ཉེས་མ་ཡིན་པའི་སློབ་གསོ་མཁན་གྱིས་བསྒོས་པའི་ནག་ཉེས་ ཚབས་ཆེན་ཞིག་རེད་ཨང་།  མཚན་ཉིད་ལོག་པའི་སློབ་གསོ་ཡིས་རྒྱུ་བྱས་ལ་ཡིག་ནོར་ཐེབས་པའི་སློབ་གསོས་ རྐྱེན་སྦྱར་བས་འུ་བུ་ཅག་གི་སློབ་གསོ་ནི་དུས་དང་བློ་གྲོས་གྲོན་པའི་གཞི་རུ་ གྲུབ་པའི་འཁྱོག་གཟུགས་ཀྱི་སློབ་གསོ་ཞིག་ལས་མ་འདས།  སློབ་གསོའི་ཁོར་ཡུག་འདི་ལྟ་བུ་ཞིག་ནས་མ་འོངས་པའི་ཙོང་ཁ་བ་དང་མི་ལ་རས་པ་ལྟ་ བུ་དག་ཀྱང་ཨQདང་ ར་ལོ་རུ་བསྒྱུར་ངེས་ལ་མར་བ་ལྟ་བུའི་དགེ་རྒན་ཞིག་མཐོང་ཡང་དཀོན་པོ་འདུག  རྒན་གྱིས་ཅི་གསུངས་བཀའ་དང་མཛུབ་མོས་གང་བསྟན་ཤར་ཡིན་པས་སློབ་མ་ནི་གཡོག་བཞིན་ རྒྱུགས་དགོས་པའི་དགེ་རྒན་གྱི་གྲིབ་གཟུགས་ཁོ་ན་རེད།  སློབ་མ་ནི་ཀ་ཞེས་བརྗོད་ཚེ་ཀ་བཞིན་ཀློག་མཁན་དང་གསུམ་གཉིས་དྲུག་ཅེས་ཁྲིད་ཚེ་ གསུམ་གཉིས་དྲུག་བཞིན་འབྲི་མཁན་ཙམ་ཡིན་པས་བསྐྱར་དཔར་སློབ་གསོའི་ངོ་གདོང་གསལ་ ལེར་མངོན་འོངས།  སློབ་གཞི་རྩོམ་སྒྱུར་ཁང་གིས་བཏུས་པའི་དྲི་བ་དག་ལ་དགེ་རྒན་རྣམས་ཀྱིས་བཙལ་ འོང་བའི་དྲིས་ལན་དག་སྤྲད་རྗེས་སློབ་གསོ་དག་མ་རུ་སྒོམས་ཏེ།  ཉིན་མོའི་ཟས་དང་མཚན་མོའི་གཉིད་ཀྱང་བཅག་སྟེ་འབད་པ་ཆེན་མོས་ངག་ཏུ་གྱེར་བློ་ རུ་བཟུང་ལག་ནས་འབྲི་སེམས་ཀྱིས་བསྣོག་དགོས་པ་ནི་སློབ་མའི་སློབ་གསོ་མྱོང་ སྟངས་སོ།།  ཁོ་བོ་ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་བྱས་པའི་སྐབས་དག་ལ་ལོ་ཆུང་སློབ་མ་རྣམས་ ལ་དམིགས་ཀྱི་ཉམས་འཇོག་དང་ཟུར་གྱིས་ཁ་བརྡ་ཡང་བྱས་མྱོང་ཡོད་དེ།  སློབ་ཁྲིད་ཀྱི་སྐབས་སུ་འཁྲིད་བྱའི་སློབ་ཚན་གྱི་ཁ་བྱང་བརྗོད་མ་ཐག་སློབ་ཚན་ ཧྲིལ་བོ་བློ་ནས་ཤང་ཤང་དུ་བཏོན་འགྲོ་ལ།  སྦྱང་ཚན་གྱི་ཁྲོད་ནས་འཁྲིད་འོངས་པའི་དྲི་བ་ཞིག་དྲིས་ཚེ་དེ་ཡང་འཕྲལ་དུ་སློབ་ ཚན་བཞིན་བཏོན་འགྲོ་བས་ཁོ་བོ་ཡ་མཚན་ཆེན་པོ་སྐྱེས།  ཡིན་ཡང་དཔེ་ངོས་སུ་མེད་པའི་དྲི་བ་ཞིག་འཕངས་ཚེ་ངག་ལྐུགས་ཤིང་ལག་འཁོབ་པར་ འགྱུར།  ཁོ་བོས་སློབ་གྲྭའི་དགེ་རྒན་གྱིས་ཁྲིད་ཟིན་ལ་སློབ་མས་བློ་ནས་ཤང་ཤང་བཏོན་ འགྲོ་བའི་རོང་འབྲོག་པའི་ཡོ་བྱད་སྐོར་གྱི་སློབ་ཚན་ཞིག་ཡང་བསྐྱར་སློབ་མ་དག་ལ་ ཁྲིད་སྐབས།  ཁང་བའི་ཀ་བ་ལ་མཛུབ་མོ་བཙུགས་ནས་འདིའི་མིང་ལ་ཅི་ཟེར་ཞེས་འདྲི་དུས་གདུང་མ་ ཟེར་མཁན་ཡང་བྱུང་ལ།  ཁང་བའི་རྒྱུགས་ཞེས་པའི་རྒྱུགས་གང་རེད་ཟེར་དུས་མགོ་སྒུར་ནས་སྡོད་མཁན་ཡང་མང་ བོ་བྱུང་།  རོང་ཁང་སྐྱ་ལེབ་ཀྱི་ནང་དུ་སྐྱེས་པ་ནས་གཞི་སྡོད་བྱས་པའི་སློབ་མ་ཆུང་ཆུང་ཚོས་ རྒྱུགས་དང་ཀ་བ་ཡང་གང་ལ་ཟེར་བ་མི་ཤེས་པ་ནི་ཉེན་ཆེ་བ་ཞིག་རེད་ལ་དགེ་རྒན་དག་ གིས་དེ་ཙམ་ཡང་ངོ་མ་འཕྲོད་པ་ནི་ཉེན་ཆེ་བ་ལས་ཀྱང་ཚབས་ཆེ་བ་ཞིག་རེད་ཨང་།  ཁ་བཤད་ཀྱི་འབྲས་བུ་ཆེན་པོ་ལག་ལེན་གྱི་ཁྲོད་དུ་ཐིག་ལེ་རུ་གྱུར་འགྲོ་བ་ནི་ དགེ་རྒན་གྱིས་འགན་འཁུར་དགོས་པའི་བྱས་ཉེས་འབའ་ཞིག་རེད།  དེ་ནི་མ་ཡིག་བུ་ཡིག་ཏུ་བཤུ་རྒྱུའི་ལས་བྱ་རི་བཞིན་གོ་སྒྲིག་བྱེད་མཁན་དང་དོན་ གྱིས་ཕན་པའི་སློབ་གསོ་ཤིག་ཙམ་མེད་པའི་དགེ་རྒན་ནོ།།  སློབ་མ་ནི་སྤུས་ཞན་དངོས་པོ་ཐོན་སྐྱེད་བྱེད་པ་བཞིན་གྲངས་མང་བོ་ཞིག་དང་སྐར་ གྲངས་མཐོན་པོ་ཅན་སྐྱེད་བསྲིང་བྱེད་པར་བརྩོན་པ་ལས་འདའ་མི་འདུག  སློབ་གསོ་ནི་དགེ་སློབ་གཉིས་ཀ་འཕེལ་རྒྱས་འགྲོ་བའི་རྒྱུ་ཡིན་པ་དགེ་རྒན་དེ་དག་ གིས་དང་ལེན་མི་ཞུ་བར་སློབ་གསོ་ནི་སློབ་མ་ཁོ་ན་འཕེལ་རྒྱས་གཏོང་བྱེད་དུ་འདོད་ པས་ནོར་འཁྲུལ་གྱི་ལྟ་ཚུལ་མང་དུ་བྱུང་ལ་ནོར་འཁྲུལ་གྱི་ལྟ་ཚུལ་ལས་ནོར་འཁྲུལ་ གྱི་ལས་དོན་མང་དུ་སྒྲུབ་ཀྱིན་འདུག  དགེ་རྒན་དེ་དག་གིས་སློབ་ཁྲིད་བྱ་མ་འདོད་ཚེ་གཉིད་ལོག་པ་དང་མ་ཅཱང་རྒྱག་པ་ སོགས་གང་དྲན་དྲན་བྱེད་ངེས་པ་ཀུན་གྱི་ཁ་ལས་ཐོས་ལ་རང་གི་མིག་གིས་མཐོང་མྱོང་ ཡོད།  ལོ་སྔོན་མ་དང་འདྲ་ལ་དེའི་སྔོན་མ་དང་ཡང་མཚུངས་པའི་ཕ་ཡུལ་གྱི་དགེ་རྒན་དེ་ལྟ་ བུས་ན་ནིང་དང་མི་འདྲ་ལ་ད་ལོ་དང་ཡང་མི་མཚུངས་པའི་སློབ་མ་སྐྱེད་བསྲིང་བྱེད་པ་ ནི་མ་གཞི་ནས་ནག་ཉེས་ཤིག་མ་ཡིན་གྲང་།  སློབ་ཁྲིད་རེ་རེ་བྱས་ཚར་རྗེས་ལས་བྱ་རི་བཞིན་བརྩིགས་ལ་ཉིན་མོ་རེ་རེ་འདས་ཚེ་ སྦྱང་ཚན་ཕ་བོང་ལྟ་བུ་བཀལ་འགྲོ་བས།  སློབ་མ་འདི་དག་མཚན་མོར་གཉིད་ཁོམ་མེད་ལ་ཉིན་མོར་ཟས་ཟ་ཁོམ་མེད་པའི་ཚད་བརྒལ་ གྱི་ཁུར་བོ་ལྗིད་མོས་མནན་ཡོད་པ་ཨ་ཙ་མ།  དགེ་རྒན་དེ་དག་ངོ་སོ་སྲུང་བར་དགའ་ལ་མཚན་སྙན་གཉེར་བར་དེ་བས་ཀྱང་དུངས་པས་ སློབ་མར་ལས་བྱ་སྟོན་གྱི་ཤོག་འགེལ་འགེལ་བྱེད་པ་ལ་ཡང་ཁག་མི་འདུག་སྟེ།  ཁྱིམ་བདག་གིས་སློབ་གསོའི་དགེ་སྐྱོན་བརྟག་དུས་ལས་བྱ་མང་ཉུང་ལ་བལྟ་རྒྱུ་གཙོར་ བྱས་འདུག་པས་དགེ་རྒན་རང་ཉིད་བཟང་བོ་སུམ་ལྡན་བྱ་འདོད་པས་དེ་ལྟར་བསྒྲུབས་པ་ རེད།  སློབ་མས་ཕ་བོང་ལྟ་བུའི་ལས་བྱ་མི་ཐེག་ཀྱང་འཁུར་དགོས་ལ་སློབ་གསོ་གཉེར་ཁུལ་ བྱེད་མཁན་གྱི་དགེ་རྒན་དག་གིས་དཔར་ཤིང་དུ་མི་འཛའ་ཡང་འདམ་བག་སྙི་མོ་བཞིན་འཚང་དགོས་ཨང་།།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།