བོད་ཀྱི་དགོན་སྡེའི་སློབ་གསོ་བཅོས་བསྒྱུར་གྱི་བསམ་ཚུལ། ༢

བཞི། སློབ་གསོའི་བཀོད་སྒྲིག་བྱེད་ཕྱོགས།
     སྔོན་ ཆད་ཁ་དོག་དཀར་དམར་སོགས་ལོ་གཉིས་ནས་གསུམ། བསྡུས་རྭ་ལོ་བཞི་ནས་ལྔ།  བློ་རྟགས་ལ་ལོ་གཉིས། ཕར་ཕྱིན་ལ་ལོ་ལྔ་ནས་དྲུག དབུ་མ་གསར་རྙིང་ལ་ལོ་གཉིས།  མཛོད་ལ་ལོ་གཉིས། དེ་ནས་འདུལ་བ་ལོ་ཁ་ཤས།  ཕལ་ཆེར་མི་ལོ་ཉི་ཤུ་ལྷག་གི་དཀའ་བ་སྤྱད་ན་གཟོད་མདོ་ཕྱོགས་ནས་དགེ་བཤེས་དམ་ བཅའ་འཇོག་ཐུབ་ལ།  རྒྱལ་བའི་བསྟན་པ་མདོ་སྔགས་ཡ་མ་བྲལ་བ་ཡིན་ན་ད་རུང་སྔགས་ཕྱོགས་ནས་སློབ་ སྦྱོང་ གི་དུས་ཚོད་མཁོ་བས། དཔེར་ན།  ཁ་དོག་དཀར་དམར་གཅིག་པོ་རྩད་ནས་ལོ་གཉིས་གསུམ་འཕྲོ་བརླག་ཏུ་མ་བཏང་བར་སྔགས་ སྦྱངས་ཁོམ་ཡོད་པ་དང་།  ཞོར་དུ་སུམ་རྟགས་སྙན་གསུམ་རྒྱ་ཡིག་རྒྱ་སྐད་རྩིས་དངོས་རྫས་གསུམ་སོགས་ཀྱི་ སློབ་སྦྱོང་གི་དུས་ཚོད་དང་དགེ་རྒན་བཀོད་སྒྲིག་བྱས་ན།  མདོ་སྔགས་ཆ་ཚང་བ་དང་ཆོས་སྲིད་ཡ་མ་བྲལ་བར་བོད་སྤྱི་ཚོགས་ལ་མཁོ་བའི་ཤེས་ལྡན་ མི་སྣ་འབོར་ཆེན་ཞིག་སྐྱེད་སྲིང་བྱེད་ཐུབ།
     བསམ་བློ་བློ་སྦྱོང་དང་ཡ་རབས་ཀུན་སྤྱོད་ཀྱི་བཀོད་སྒྲིག
     བསམ་ བློ་བློ་སྦྱོང་ཐད་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་།  གླང་རི་ཐང་བའི་བློ་སྦྱོང་ཚིགས་བརྒྱད་མ།  ཁ་རེག་སྒོམ་ཆེན་གྱི་ཨང་ཡིག་བདུན་ཅུ་མ།  བློ་སྦྱོང་དོན་བདུན་མ་སོགས་དམ་པ་གོང་མ་རྣམས་ཀྱིས་བསམ་བློ་འདུལ་ཐབས་ཀྱི་ གཞུང་ལུགས་ལ་བསླབ།  དེའི་སྟེང་ནས་གཞན་རིགས་ཀྱི་ལག་ཆ་བསྡུ་ལེན་དང་ཐབས་བཀོད་ལེགས་པར་བཟོ་བཅོས་ ལག་ བསྟར་བྱེད་དགོས།
     དེ་ ཡང་རྒྱ་ཡིག་རྩིས་དངོས་རྫས་འགྱུར་སུམ་རྟགས་དག་གསུམ། སྙན་ངག རྩོམ་རིག  གཞུང་ལུགས། བརྡ་སྤྲོད་རིག་པ། ལོ་རྒྱུས་སོགས།  ཕ་མེས་ཀྱི་ལོ་རྒྱུས་མ་ཤེས་ན་ནགས་ཀྱི་སྤྲེའུ་འདྲ་ཞེས་པ་ལྟར་མ་མཐར་བོད་པ་རང་ གི་ལོ་རྒྱུས་ཤེས་དགོས།  དེ་ཡང་ཁྲིད་ཚན་རེ་རེར་ལས་བྱ་འབྲི་བ་དང་དཔེ་བརྗོད་འཇོག་དགོས།  མ་མཐའ་དགུ་མཐའ་ལུགས་འབྱུང་ལུགས་ལྡོག་ཤར་ཤར་བརྩི་ཐུབ་པའི་སྟེང་དངོས་ལུགས།  རྫས་འགྱུར་སོགས་སློབ་ཁྲིད་ཀྱི་བཀོད་སྒྲིག་འཆར་གཞི་ཡང་དག་གཏན་འབེབས་བྱས་པ་ ལག་ལེན་དུ་ཁེལ་ཐུབ་པ་བྱེད་དགོས།

ལྔ། སློབ་ཁྲིད་བྱེད་སྟངས།
     སྲོལ་ རྒྱུན་གྱི་ཁྲིད་ལུང་དབང་གསུམ་ལས་གཞན་གཤར་སྦྱང་དང་བློ་རྒྱུགས་སྤྲོད་པ་སོགས་ སྲོལ་རྒྱུན་དཔེ་ཁྲིད་ཀྱི་ལག་ཆ་བཟང་བོ་རྒྱུད་འཛིན་དང་།  ད་ལྟའི་འཆད་ཁྲིད་བྱེད་སྟངས་གོ་བདེ་བ། འཛིན་སླ་བ།  བློ་སྒོ་འབྱེད་པའི་ཕྱོགས་ལ་ཉམས་མྱོང་བསྡུ་ལེན་བྱེད་དགོས།
     དེ་ ཡང་སློབ་གསོའི་དམིགས་ཡུལ་ནི་སློབ་མའི་འཆད་རྩོད་རྩོམ་གསུམ་གྱི་ནུས་པ་མཐོར་ འདེགས་གཏོང་དགོས་པ་ཡིན་ན། ཆོས་རྭར་ཆོས་རྩོད་ལས་གཞན།  དཔྱད་གླེང་དང་གཏམ་བཤད་འགྲན་བསྡུར།  ནང་དོན་མི་འདྲ་བའི་གླེང་མོལ་སྣ་ཚོགས་བསྡུ་བ།ལས་བྱ་དང་དཔེ་བརྗོད་འབྲི་བ།  དེང་སྐབས་དགོན་པ་སོ་སོ་ན་ཡོད་པའི་སྒེར་དེབ་ལ་དགོན་གཞུང་ནས་གཙིགས་ཆེར་བཟུང་ སྟེ་འགྲོ་ གྲོན་ཕུད། དེའི་སྟེང་རྩོམ་ཡིག་སྣ་ཚོགས་ཕུད།  དེ་ལ་བྱ་དགའི་འགྲན་བསྡུར་ཚོགས་རྒྱུ་གལ་ཆེ་བར་སེམས།
     དྲུག བསམ་བློའི་ཀུན་སྤྱོད་སློབ་གསོ།
     1.མི་ ཆོས་གཙང་མ་བཅུ་དྲུག་སོགས་ཡ་རབས་མི་ཆོས་ཀྱི་སློབ་གསོ་བཀའ་གདམས་གོང་མའི་བློ་ སྦྱོང་དང་། རྒྱལ་སྲས་ཐོགས་མེད་ཀྱི་རྒྱལ་སྲས་ལག་ལེན་སོ་བདུན་མ་སོགས་ཀྱིས།
     2.ཁྲིམས་ལུགས་ཤེས་བྱའི་སློབ་གསོ། རང་གཅེས་རང་སྲུང་བྱེད་དགོས་ན། སྐབས་བབས་ཀྱི་ཁྲིམས་ལུགས་ཤེས་བྱའི་གོ་ཁྲབ་ཡོད་དགོས།
     བདུན། ཁོར་ཡུག་ཆ་རྐྱེན་བསྐྲུན་དགོས།
     1.དཔེ་ མཛོད་ཁང་འཛུགས་དགོས།  བོད་ཀྱི་དགོན་སྡེ་ནི་བོད་ཀྱི་སློབ་གྲྭ་ཡིན་ན་སློབ་གྲྭའི་ནང་དུ་འཇིག་རྟེན་ ལས་འདས་པ་དང་མ་འདས་པའི་ཆོས་ཐམས་ཅད་སྦྱང་དགོས་ལ།  རྒྱ་གར་གནའ་སྲོལ་ལྟར་ཕྱི་རོལ་བའི་གྲུབ་མཐའ་ཡང་སྦྱང་དགོས་པ།  ནང་སྒོས་སུ་ཆོས་ལུགས་གཅིག་ལས་མཆེད་པའི་བོད་ཀྱི་ས་དགེ་བཀའ་རྙིང་སོགས་ཀྱི་ ཆོས་གཞུང་ལའང་སྦྱངས་དགོས།  དེ་ཡང་གྲུབ་མཐའ་རང་གཞུང་མཁས་པ་གཞན་གཞུང་ཤེས་པ་ཞིག་བྱེད་དགོས།  དེ་མིན་འཇིག་རྟེན་ཁྱིམ་པ་བས་ཆོས་ཀྱི་སྐྱབས་གནས་དང་འཇིག་རྟེན་པའི་བློ་འདྲི་ སའི་ཨ་མཆོད་དུ་བཀུར་ནས་ཕྱག་འཚལ་བ་ཡིན་ན།    ཕྱག་འཚལ་མཁན་ལས་ཁྱད་དུ་འཕགས་པའི་ཡོན་ཏན་ཞིག་ལྡན་དགོས།  ཁྱིམ་པ་ཕོ་མོས་ཤེས་པའི་ཤེས་བྱ་དེ་ཁྱེད་ཚོས་ཤེས་དགོས་ལ།  ཁྱིམ་པ་ཕོ་མོས་མི་ཤེས་པའི་ཤེས་བྱ་ཐམས་ཅད་ཀྱང་ཁྱེད་ཚོས་མཁྱེན་དགོས།  དེང་སང་གི་དུས་འདིར་ང་རང་ཨ་མཆོད་ཚོ་ལས་སྐྱིད་པོ་ཞིག་སུ་ཡོད།  ཅེས་ཟ་འདོད་གྲོང་ཆོག་ཏུ་རྒྱུགས་ནས་ཁ་ལག་ཉི་མར་བསྲོས་ནས་འདུག་ས་གང་ན་ཡོད།
     2.རྩལ་ སྦྱང་རྭ་བ་འཛུགས་དགོས།  མི་ལུས་རིན་པོ་ཆེ་ཡི་ལུས་བདེ་ན་བསླབ་པ་སློབ་གཉེར་དང་ཆོས་ལ་སྒྲུབ་སྦྱོང་ བྱེད་ཐུབ། དེའི་གཞི་རྩའི་ཆ་རྐྱེན་ནི་ལུས་ཕུང་སྦྱོང་བརྡར་བྱེད་རྒྱུ་དེའོ།།
     3.ཚོམས་ ཁང་ཆེན་མོ་ཡོད་དགོས།  ཚོམས་ཁང་ཆེན་མོ་ཞིག་ཡོད་ན་སྲིད་གཞུང་གི་སྲིད་ཇུས་དྲིལ་བསྒྲགས་བྱེད་ས་ཉན་པ།  དེ་འདྲ་མ་བཙུགས་པར་རྒྱལ་ཁབ་ཀྱི་ལས་བྱེད་པ་འདུ་ཁང་གྲལ་མགོ་འམ་ཡང་ན་ཁྲི་ སྟེང་ ལ་བསྡད་ནས་མར་སྲིད་ཇུས་བསྒྲགས་ན་འོས་མེད་པ།  ངེས་པར་དུ་ཚོམས་ཁང་ཆེན་མོ་མཁོ་བས་ཡར་ཞུ་ཡི་གེ་བརྒྱབ་ན་སྲིད་གཞུང་ནས་དངུལ་ རེག་ཐུབ་པ་དང་།  སྤྱི་ཚོགས་ལས་རིགས་སོ་སོའི་ཆེད་མཁས་པ་གདན་དྲངས་ནས་ཆེད་ཁྲིད་ཀྱི་གོ་སྐབས་ ཐོབ་སྟེ་བསམ་བློ་བརྗེ་རེས་བྱས་ཆོག་པ།  སྐབས་སྐབས་སུ་བགྲོ་གླེང་ཚོགས་འདུ་དང་གཏམ་བཤད་ཚོགས་འདུ།  རྩོམ་རིག་གྱེར་འདོན་སོགས་བྱས་ཆོག  བརྙན་འཕྲིན་བལྟ་བར་མཐའ་གཅིག་ཏུ་མི་འགོག་པར་ཆོས་ལུགས་དང་རིག་གནས་ཤེས་བྱའི་ འཁྲབ་སྟོན་གྱི་གློག་བརྙན་འཕྲིན་ཚོམས་ཁང་ཆེན་མོ་ནས་ལྷན་དུ་སྟོན་པ།
     4.སྤྱི་སྤྱོད་གསང་སྤྱོད་ཁང་ཡོད་དགོས། རང་ རང་གྲྭ་ཤག་ན་སྤྱི་སྤྱོད་ཁང་ཡོད་རུང་།  དགོན་པའི་གླིང་བར་དུ་གསང་སྤྱོད་ཁང་མེད་པས།  སྔར་ཡང་ཚོགས་གྲོལ་མ་ཐག་ཆབ་ཆུང་གླིང་བར་དུ་གཏོང་བའི་གནས་ཚུལ་མང་བོ་བྱུང་ནས་ ཆབ་གསང་མཁན་པོ་ཞེས་ལྟ་རྟོག་མི་སྣ་བསྐོས་མྱོང་།  དེང་སང་དགོན་སྡེ་སོ་སོ་ན་ཆབ་གསང་མཁན་པོའི་མིང་དང་གོ་ཐོབ་མེད་པས།  ཚོགས་གྲོལ་བའི་གྲྭ་བཙུན་དང་མཆོད་མཇལ་དུ་ཡོང་བའི་མཇལ་བསྐོར་བ།  ལྟ་བསྐོར་དུ་ཡོང་བའི་ལྟད་མོ་བ་རྣམ་པས་མི་གཙང་བ་གང་སར་སྤུངས་ཡོད་པ་གཞན་ སྡེས་ རིག་ན་ཞེ་མེར་བ།   དེང་རབས་དཔལ་ཡོན་དང་མི་མཐུན་པ།  ཆོས་ཀྱི་གཞུང་དང་ཡང་འགལ་བའི་བྱ་སྤྱོད་བསྒྱུར་དགོས།  དེ་ཡང་ས་གནས་སོ་སོའི་ཡུལ་སྐོར་ཅུས་ལ་ཡར་ཞུའི་ཡི་གེ་ཕུལ་ན།  དེའི་ཕྱོགས་ཀྱི་གྲོན་དངུལ་ཡོད་པས་ལོན་ཐབས་བྱེད་དགོས།

5.སློབ་གྲྭ་ཡོད་དགོས།
     སྲོལ་ རྒྱུན་གྱི་དགོན་སྡེ་ན་བཤད་གྲྭ་དང་སྒྲུབ་གྲྭ་གཉིས་ཡོད་པ་གཞིར་བཞག་སྟེང་དུ་ སློབ་གྲྭ་ཞིག་ངེས་པར་དུ་འཛུགས་དགོས།  གྲྭ་གསུམ་ཚང་ན་སྲོལ་རྒྱུན་དང་དེང་རབས་གཉིས་ཟུང་འབྲེལ་གྱི་ཕུལ་བྱུང་དགོན་ སྡེ་ཞིག་ཏུ་འགྱུར་ཐུབ།
     ཞོར་དུ་དགོན་སྡེ་བཅོས་བསྒྱུར་གྱི་བསམ་ཚུལ་འགའ།
     གཅིག དགོན་མ་ལག་ཁུ་བསྡུ།
     དགོན་མ་ལག་རྣམས་ཁུ་བསྡུ་བྱེད་དགོས་པར་འདོད།
     1.དེ་མིན་གྲྭ་རྒྱུན་མེད་པར་སྒོ་བརྒྱབ་སྟེ་ལྡེ་མིག་སྲིད་གཞུང་ལ་སྤྲོད་པའི་སྣང་ཚུལ་མཐོང་ཐོས་སུ་གྱུར་མྱོང་།
     2.དཔལ་ འབྱོར་གྱི་ཆ་ནས་དགོན་པའི་འཛུགས་སྐྲུན་དང་གྲྭ་བའི་འཚོ་གནས་ཀྱི་ཆ་རྐྱེན།  སྤྱི་ཚོགས་ལ་ཁུར་ཆེན་པོ་དང་གྲྭ་བའི་ངོས་ནས་མཐུན་རྐྱེན་ཁག་པོ་རེད།
     3.སློབ་སྦྱོང་གི་ཁོར་ཡུག་གྲྭ་ས་ཆེན་པོ་དང་བསྡུར་ཐབས་མེད་པ།
     གཉིས། ལོ་རེར་ཟླ་མཚམས།
     སངས་ རྒྱས་ཀྱི་བསྟན་པ་ལ་ལུང་རྟོགས་གཉིས་དགོས་པས་བཤད་དང་སྒྲུབ་པའི་སྡེ་གང་ཡིན་ རུང་། མ་མཐའ་ལོ་གཅིག་ནང་མཚམས་བསྙེན་སྒྲུབ་ལ་ཟླ་གཅིག་འདུག་ཐུབ་ན།  ནང་སེམས་ལ་དྲོད་སྐྱེས། ཆོས་ལ་ཡིད་ཆེས་འཇུག་པའི་ཕན་ཡོན་ཡོད་པར་བསམ།  དེ་མིན་ད་ལྟ་ཕྱི་ཚུལ་འདུལ་བ་ཙམ་ལས་རང་གི་ནང་སེམས་འདུལ་ཐུབ་ཀྱི་མེད་པའི་ རྟགས་ཤིག་མངོན་ཡོང་གི་འདུག
     གསུམ། དུས་ཐུང་སྡོམ་འབོགས།
     ད་ ལྟ་ཐེ་གོ་རྒྱལ་ཁབ་དང་ཐའེ་ཝན་སོགས་སུ་དུས་ཐུང་ཟླ་བ་ཁ་ཤས་སམ་ཡང་ན་ལོ་ཁ་ཤས་སུ་ སྡོམ་པ་་བཟུང་ནས་དགོན་སྡེ་རུ་གྲྭ་བ་བྱས་ཏེ་ནང་ཆོས་སྦྱངས།  དུས་ཡུན་ལོངས་ན་སྡོམ་པ་ཡར་ཕུལ་ནས་སླར་གྲོང་དུ་ཡོང་ནས་རང་གི་བྱ་བ་བསྒྲུབ་ ཆོག་པ་ནི་ནང་ཆོས་ལ་ཟབ་སྦྱོང་དང་རྒྱུས་ལོན་བྱེད་པའི་གོ་སྐབས་ཐོབ་པ་ཡིན་པས་ཧ་ ཅང་བཟང་།  དེ་ཡང་ཁ་དོག་དཀར་དམར་ལོ་མང་བོར་རྩོད་པ་སོགས་ཀྱི་དུས་ཡུན་བརྩོན་བསྲི་བཅོས་ ནས།  ལོ༧ནས༣༠བར་དུ་གཞུང་བཀའ་པོད་སྦྱངས་ཏེ་མུ་མཐུད་སྔགས་ལམ་ཞུགས་ན་མི་ཚེ་འདང་བར་ སྙམ།  དེ་མིན་མདོ་ལ་མི་ཚེ་ཟད་ནས་སྔགས་ལ་སྦྱངས་པའི་ཆུ་ཚོད་མེད་དུས་ཆོས་རྒྱུད་ལ་ ཉམས་སུ་ལེན་མ་ཐུབ་པས་རྟོག་གེ་མགོ་མཁྲེགས་ཟེར་བ་ལྟར་མཚན་ཉིད་པ་སྐམ་པོ་རང་ རེད།  འདི་ནི་ད་ལྟའི་སྤྱི་ཚོགས་སྟེང་ན་གྲྭ་བ་དང་དགེ་བཤེས་མང་བོ་སྐྱ་སར་བབས་ནས་ སླར་ཡང་རང་གིས་སྦྱངས་པའི་ཡོན་ཏན་ངོམ་ཆེད་ཆོས་ལ་རྨ་འབྱིན་པ་མང་བོ་མཐོང་བས།  སེང་གེ་རང་སྟེང་གི་འབུས་ཟ་བའི་ལུང་བསྟན་ཡང་ཡིད་ལ་ཝལ་གྱིས་འཆར་ཡོང་།  དེ་མིན་གྲོང་དུ་བབས་དུས་གྲྭ་ལོག་སྡོམ་ཤོར་གྱི་ལྟ་བ་དང་མིང་ངན་མི་ལེན་པར་ ཁོང་ཚོས་མུ་མཐུད་དུ་ཞིབ་འཇུག་སློབ་མ་དང་།  ཡང་ན་བོད་ཀྱི་ཤེས་རིག་ཞིབ་འཇུག་ཚོགས་པར་བྱ་བ་སྒྲུབ་ཐུབ་པ་མུ་མཐུད་དུ་ལྟ་བ་ མ་ལོག་པར་སེམས་ཅན་ལ་ཞབས་ཕྱི་སྒྲུབ་གང་ཐུབ་ལག་ཏུ་བླངས་ཆོག དེ་མིན་མི་ལོ་བཅུ་ཕྲག་འགའི་དགོན་སྡེ་ནས་རྩམ་སྐྱ་ཆུ་སྐྱ་བཏང་ནས་སྦྱངས་པའི་ ཡོན་ཏན་ཕངས་པའི་བློས་སྙིང་ཁུང་ དྲོན་མོའི་གཏམ་དུ་ཟད་དོ།།
     དེ་ ཡང་དགོན་པའི་ལས་ཀ་ནི་དབྱར་ཀ་འབྲོག་ཏུ་ཆོས་གསོལ་དུ་འགྲོ་བ་དང་།  སྟོན་ཁར་རོང་དུ་ཕེབས་ནས་འབྲུ་གསོལ་བསྡུ་བ།  རྒྱ་བོད་གང་རུང་དུ་སོང་ནས་སྦྱིན་བདག་བཙལ་བ།  དེའི་ཆ་རྐྱེན་ལ་བརྟེན་ནས་དགོན་པ་སུ་བས་འདུ་ཁང་ཀ་བརྒྱ་མ་བཞེངས་ཡོད།  གང་ཞིག་གིས་གསེར་ཏོག་ཆེན་པོ་བསྟད་ཡོད།  གང་ན་སྐུ་ཆེན་པོ་ཞིག་བཞེངས་ཡོད་པར་འགྲན་བསྡུར་བྱེད་པ་ནི་ནང་བསྟན་དགོན་ སྡེའི་ལས་འགན་གཙོ་བོ་རུ་གཙིགས་འཛིན་བྱེད་པ་བསྐྱུར་ནས་མིག་རྒྱ་བསྐྱེད།  བློ་རྒྱ་ཡངས་སུ་བཅུག་ནས་འཛམ་གླིང་ལ་ཁ་ཕྱོགས།  ཡེ་ཤུ་ཆོས་ལུགས་ཀྱིས་སྙིང་རྗེ་ངོ་མ་ཞིག་ལག་ལེན་ཏུ་བཏབ་ནས་འཛམ་གླིང་གི་ རྒྱལ་ ཁབ་ཕལ་མོ་ཆེར་རྒྱ་གྲམ་དམར་བོའི་ཚོགས་པ་བཙུགས་ནས་སྨན་བཅོས་དང་མྱུར་སྐྱོབ་ ཀྱི་ལས་ལ་རེམ་པ་དང།  དབྱི་སི་ལན་ཆོས་ལུགས་ཀྱིས་ཆོས་ལུགས་ལ་བརྟེན་ནས་རང་རིགས་མཐུན་སྒྲིལ་དམ་པོར་ གྱིས་འཛམ་གླིང་དབང་དུ་སྡུད་པར་བརྩོན་པ་ལ་ལྟོས་དང་།  སྔོན་ཆད་རང་རེའི་ཆོས་སྲིད་ཀྱི་ལྟེ་བ་ལྷ་ས་ན་ཡེ་ཤུ་ཆོས་ཁང་ཡོད་པ་དང་།  ཡུན་ནན་ཁ་བ་དཀར་བོའི་འཇོལ་གྱི་ས་ཆར་ཡེ་ཤུ་ཆོས་ཁང་ཡོད་པ།  རང་རེའི་རྒན་རབས་ཀྱི་གྲས་ནའང་ཡེ་ཤུ་ཆོས་ཚོགས་སུ་ཞུགས་པ་ཡོད་ལ།  ད་ལྟའི་སློབ་གྲྭ་ཁག་ནའང་ཡེ་ཤེས་ཆོས་ཚོགས་སུ་ཞུགས་པ་མང་བོ་འདུག་པ་མ་ཟད།  བོད་ཀྱི་གྲྭ་ལོག་རྩོམ་པ་བོར་རློམ་པ་འགའ་ཡང་ཚོགས་གྲལ་དེར་ཞུགས་ཡོད་དོ།།
     གཞན་ཡང་ཁ་ཆེའི་ལྷ་ཁང་མང་བོ་བོད་ཡུལ་དུ་བཏབ་པ་དང་། བོད་ཀྱི་བུད་མེད་མང་བོ་ཁ་ཆེ་དག་གི་མནའ་མར་སོང་བ་སོགས་བགྲང་ལས་འདས་སོ།།
     མཇུག་ མཐར་བོད་ཀྱི་དགོན་པ་ཆེ་ཆུང་ལ་མ་ལྟོས་པར་ནང་རིག་འཆད་ཉན་གྱི་སློབ་གྲྭ་དང་དེང་ རབས་སློབ་གསོའི་སློབ་གྲྭ་གཉེར་རྒྱུ་དང་།  དེ་ནས་སྒོམ་སྒྲུབ་ཉམས་ལེན་གྱི་གྲྭར་ཞུགས་རྒྱུ་ནི་ལོ་ངོ་སྟོང་གི་ཐབས་ཇུས་ གལ་ ཆེན་དུ་བསམ་ནས་རེ་འབོད་དུ་བཏང་བ་ཡིན།
     འདི་ ནི་རང་ཉིད་ཀྱི་མི་ཚེ་གང་བོར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་ཞིབ་འཇུག་སློབ་ མ་སོགས་མི་ལོ་བཅོ་བརྒྱད་བསྟེན་པའི་མྱོང་བ་སྤྱི་བསྡོམས་བྱས་ནས་སྐུ་འབུམ་དྭ་ ཕྲུག་སློབ་གྲྭར་སློབ་ཁྲིད་འཆར་གཞི་ལོ་གསུམ་བཟོས།  དེའི་ནང་ནས་མཐར་ཕྱིན་སློབ་མས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པ་ཡོད་ལ།  དེ་བཞིན་དུ་བོད་ཀྱི་དགོན་སྡེ་སློབ་གསོའང་བཅོས་བསྒྱུར་རེ་བྱས་ན།  སྟོན་པ་ཚད་མ་ལ་བསྟན་པ་ཚད་མས་རྒྱུན་བསྲིང་ཐུབ་པའི་རེ་བ་བརྗོད་པ་ཡིན་མོད།  གཙོ་བོར་རང་ཉིད་ནས་དགོན་སྡེའི་སློབ་གསོ་ཉམས་སུ་མ་མྱངས་པས་མ་ཤེས་པ་དང་མ་གོ་ བ། འགལ་འཁྲུལ་ཉེས་པ་ཡོད་སྲིད་པས་བསམ་པ་བཟང་བོ་དང་ཀུན་སློང་ཡང་དག་པས།  ཇི་སྐད་དུ། སྙིང་རྗེ་ལྡན་དང་བྱམས་ཕྱིར་དང་།། སེམས་དགེ་བ་ལ་མྱ་ངན་མེད།།  ཅེས་པ་ལྟར་ཉེས་པ་མེད་མོད།  འོན་ཏེ་ཡོད་སྲིད་ན་འོད་གསལ་ཆོས་སྐུའི་ངང་དུ་བཤགས་པར་བགྱིའོ།།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།