ཀྲུང་གོ་བོད་ཀྱི་དྲ་བ།

བརྙན་ཐུང་ལ་བལྟ་བར་དབྱིངས་ཞུགས་ན་ཇི་ལྟར་བྱ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ད་སྐབས་མི་མང་པོ་ཞིག་བརྙན་ཐུང་ལ་བལྟ་བར་གོམས་ཏེ། བརྙན་ཐུང་གི་ཁ་ཕྱེ་བ་ནས་མཚམས་མི་ཞོག་ལ། དུས་ཚོད་ཇི་ལྟར་འགོར་བའང་མི་ཤེས་པའི་གནས་སུ་གྱུར་འདུག བལྟ་མི་རུང་བ་ཤེས་བཞིན་དུ་མི་བལྟ་ཐབས་མེད་ཀྱི་གོམས་འདྲིས་དེ་མི་མང་པོ་ཞིག་ལ་བཟོད་དུ་མེད་པའི་སྡུག་བསྔལ་དུ་གྱུར་ཡོད།

བརྙན་ཐུང་ལས་ང་ཚོར་སྤྲོ་སྣང་ཟད་མི་ཤེས་པ་ཞིག་སྦྱིན་བཞིན་པ་སྨོས་མ་དགོས་མོད། དེ་འདྲའི་སྤྲོ་སྣང་ལ་སྐྱོན་ཆའང་ཤིན་ཏུ་མང་སྟེ། དཔེར་ན་མཐོང་ཤུགས་ཉམས་པ་དང་བློ་རྩེ་ནང་དུ་མི་ཁུག་པ། བརྙན་ཐུང་ལ་མ་བལྟས་ཚེ་སུན་སྣང་དང་མི་སྐྱིད་པར་འགྱུར་བ། ཐ་ན་བརྙན་ཐུང་ལ་བལྟས་ནས་ལས་ཀ་དང་སློབ་སྦྱོང་ལ་བར་ཆད་ཐེབས་པའང་མི་ཉུང་བ་ཞིག་འདུག དེ་ནི་ཡུན་རིང་པོར་བརྙན་ཐུང་ལ་བལྟས་ཤིང་། རྒྱུན་མཐུད་ནས་བརྙན་ཐུང་གི་སྤྲོ་སྣང་དེ་མྱངས་པས། དངོས་ཡོད་འཚོ་བའི་ནང་གི་སྤྲོ་སྣང་ཙག་ཙིག་ལ་ཚོར་བ་དང་སྣང་བ་བོར་སོང་བའི་མཇུག་འབྲས་འབའ་ཞིག་རེད། དཔེ་བཞག་ན། རྒྱུན་པར་ཟས་ཞིམ་པོ་དང་རོ་ཚ་མོར་གོམས་ཆེ་ན། སྐྱ་ཟས་སྐྱ་ཆུའི་རིགས་ལས་བྲོ་བ་ཅི་ཡང་མྱོང་མི་ཐུབ་པ་དང་འདྲ། བརྙན་ཐུང་གི་འཇིག་རྟེན་ལ་དབྱིངས་ཞུགས་ཚེ། དངོས་ཡོད་ཀྱི་འཇིག་རྟེན་བརླག་པར་འགྱུར། དེས་ན་བརྙན་ཐུང་ལ་བལྟ་བར་དབྱིངས་ཞུགས་ན་ཇི་ལྟར་བྱའམ་ཞེ་ན།

བརྙན་ཐུང་གི་མཉེན་ཆས་དངappསོགས་ཐད་ཀར་འདོར་བར་བྱ་བ་ནི་ཐབས་ལམ་མཆོག་ཤོས་དེ་ཡིན་ཏེ། མིག་གིས་མ་རིག་ན་སེམས་ལ་མི་གནོད་ཅེས་པ་ནང་བཞིན་རེད། གཞན་དུ་རང་གི་བློ་རྩེ་སློབ་སྦྱོང་གི་ཕྱོགས་སུ་གཏོད་པའམ་ཡང་ན་དོན་སྙིང་ཡོད་པའི་དམིགས་ཡུལ་ལ་གཞོལ་ནས། ལག་ཁྱེར་ཁ་པར་གྱི་ཤན་ཤུགས་ལས་ཐར་ཐབས་བྱེད་ཆོག་པ་ཡིན།

གལ་ཏེ་རང་ཉིད་ལ་རང་གཅུན་གྱི་ནུས་པ་ཡག་པོ་ཡོད་ཚེ། འབྲེལ་ཡོད་ཀྱི་མཉེན་ཆས་སོགས་འདོར་རྐྱང་བྱེད་དགོས་པའི་ངེས་པ་མེད་དེ། མི་དར་མ་རྣམས་ཀྱིས་རང་ཉིད་ལ་གསལ་འདེབས་ཀྱི་ཅོང་བརྡ་བཀོད་སྒྲིག་བྱེད་ཆོག་ལ། གཞོན་ནུ་རྣམས་ཀྱིས་ཤེལ་ཡོལ་ལ་དུས་ཚོད་ཀྱི་ཚད་བཀག་བཟོ་བ་སོགས། སྒྲིག་ཆས་རང་སྟེང་གི་བྱེད་ནུས་ལ་ཚད་བཀག་བཟོས་ནས་རང་ཉིད་ལ་སྒྲིག་ལམ་བཟོ་ཆོག་པ་ཡིན།

གཞན་དུ་བརྙན་ཐུང་བལྟ་བར་དབྱིངས་ཞུགས་པ་ནི་དངོས་ཡོད་འཚོ་བའི་ཁྲོད་ཀྱི་ཡིད་མི་རངས་པའི་ཆ་ལ་གཡོལ་ཐབས་བྱེད་པ་དང་ཡང་འབྲེལ་བ་ངེས་ཅན་ཡོད་པས། བརྙན་ཐུང་འགོག་པ་ལ་དང་པོ་དངོས་ཡོད་འཚོ་བ་ནས་མགོ་བརྩམས་ཏེ། སྤྲོ་སྣང་ཡོད་པའི་དོན་ལ་མང་དུ་གཞོལ་ཆོག་པ་ཡིན། དཔེར་ན་འཆམ་འཆམ་དུ་འགྲོ་བ་དང་གླུ་དབྱངས་ལ་ཉན་པ། དངོས་མང་བཤམས་སྟོན་ཁང་དུ་འགྲོ་བ། སྤང་དང་སྐྱེད་ཚལ་དུ་མྱུལ་བ་དང་དཔེ་ཀློག་ལ་འཇུག་པ། གློག་བརྙན་ལ་བལྟ་བ་སོགས་ལྟ་བུས་ཀྱང་སེམས་ཀྱི་མྱོང་བ་ལེགས་ཕྱོགས་སུ་དཀྲི་བར་ཕན།

མདོར་ན་བྱེད་ཐབས་གང་ཞིག་བསྟེན་ཀྱང་རང་ཉིད་ལ་འཚམ་པ་ཞིག་རྙེད་ན་མཆོག་ཤོས་དེ་ཡིན། འགུལ་སྐྱོད་མང་དུ་བྱེད་པ་དང་བསམ་གཞིག་མང་དུ་གཏོང་བ། སློབ་སྦྱོང་མང་དུ་བྱེད་པ་སོགས་ལ་བརྟེན་ནས་རང་ཉིད་དུས་ཚོད་ཀྱི་བདག་པོར་འགྱུར་བར་བྱེད་དགོས་ལ། དེ་ཡང་ད་ལྟ་ཉིད་ནས་མགོ་རྩོམ་དགོས། །


 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།