ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པར་བཟའ་བཏུང་གི་གོམས་གཤིས་ལེགས་པོ་ཆགས་པར་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བྱིས་པར་བཟའ་བཏུང་གི་གོམས་གཤིས་ལེགས་པོ་ཞིག་ཆགས་མེད་པའི་རྒྱུ་རྐྱེན་ནི་ཕལ་ཆེར་གཤམ་གསལ་ལྟར་ཡིན་ངེས།

དང་པོ། ཁྱིམ་བདག་གིས་བྱིས་པའི་བཟའ་བཏུང་ལ་དོ་ཁུར་བྱེད་པ་ཚད་ལས་བརྒལ་བ། ཁྱིམ་བདག་གིས་བྱིས་པའི་ཐེངས་རེ་རེའི་བཟའ་བཏུང་གི་ཚད་དང་སྤུས་ཀ་ལ་ལྟ་རྟོག་ནན་མོ་བྱས་པས། བྱིས་པར་མཚོན་ན་ཟ་མ་ཟ་བ་ནི་ཁོའི་ལས་འགན་ལྟ་བུ་ཞིག་ཏུ་གྱུར་ཡོད། དཔེར་ན། ཁྱིམ་བདག་གིས་བྱིས་པར་འཚོ་བཅུད་མི་འདང་བར་སེམས་ཁྲལ་ཆེན་པོ་བྱས་ནས། ཟས་ཐུན་རེ་རེའི་ཟ་ཚད་ག་འདྲ་ཡིན་པ་དང་། ཟས་གང་ཞིག་ཟོས་ནས་འཚོ་བཅུད་གསབ་དགོས་པ་ལྟ་བུའོ། །འདི་ལྟར་སོང་ཚེ། བྱིས་པར་ཟ་མ་ཟ་བའི་ཐད་སྔར་མེད་ཀྱི་གནོན་ཤུགས་འབྱུང་སྲིད་པ་དང་། ཟ་མ་ཟ་བའི་འདུན་པའང་ཡལ་བར་འགྲོ་ངེས།

གཉིས་པ། ཁྱིམ་ཚང་ནང་དུ་ཟ་མ་ཟ་བའི་གོམས་གཤིས་ལེགས་པོ་མེད་པ། དཔེར་ན། ཟ་མ་ཟ་སྐབས་ཁྱིམ་བདག་གིས་བྱིས་པར་གཤེ་གཤེ་གཏོང་རྒྱུར་གོམས་པའམ། ཡང་ན་ཁྱིམ་བདག་ཕན་ཚུན་བར་ལ་སྐྱོན་འཛུགས་དང་འཁོན་རེས་བྱས་པ་སོགས་ཀྱིས། ཁྱིམ་ཚང་གང་དེའི་ཟ་མ་ཟ་བའི་རྣམ་པ་ཛ་དྲག་ཏུ་གཏོང་བ་དེའོ། །

གསུམ་པ། ཟ་མ་ཟ་སྐབས་བྱིས་པར་དམིགས་བསལ་གྱི་ཐོབ་ཐང་སྤྲོད་པ། དཔེར་ན། བྱིས་པ་ཟ་རྒྱུར་དགའ་བའི་ཟ་མ་གང་དེ་མི་གཞན་སུ་ཞིག་གིས་མི་བཟའ་བར་བྱིས་པ་ཁོ་རང་གཅིག་པུས་ཟ་ཆོག་པའི་དམིགས་བསལ་གྱི་ཐོབ་ཐང་སྤྲོད་པ་རེད།དེ་ལྟར་ཡུན་རིང་འགོར་ཚེ། བྱིས་པས་ཟ་མ་ཟ་སྐབས་རང་ཉིད་ཁོ་ན་གཙོ་བོར་བཟུང་བའི་སེམས་ཁམས་ཤིག་ཆགས་ནས། ཟས་སྐྱོན་འཚོལ་བ་དང་ཐ་ན་རང་ཉིད་དགའ་བའི་ཟ་མ་གང་དེ་མི་སུ་ལའང་ཟ་རུ་མི་འཇུག་པའི་གོམས་གཤིས་ངན་པ་ཞིག་ཆགས་ངེས།

བཞི་པ། ཁྱིམ་དུ་ཞོར་ཟས་མང་པོ་གསོག་འཇོག་བྱས་ཡོད་པ། བྱིས་པ་མང་པོ་ཞིག་གིས་ཟ་མ་ཡག་པོ་མི་ཟ་བའི་རྒྱུ་མཚན་ནི་ཟ་མའི་རྗེས་སུ་ཁོ་ཚོས་རང་ཉིད་དགའ་བའི་ཞོར་ཟས་མང་པོ་ཞིག་ཟོས་ཆོག་པས་རེད།

ལྔ་པ། ཟ་མ་ཟ་བའི་དུས་ཚོད་ལ་གཏན་འཁེལ་མེད་པ། བྱིས་པས་དུས་ནམ་ཞིག་ལ་ཟ་མ་ཟ་དགོས་པ་མི་ཤེས་པའམ་ཡང་ན་ཁྱིམ་དུ་ནམ་རྒྱུན་མགྱོགས་ཟས་ཉོས་ནས་ཟོས་ཚེ། བྱིས་པར་བཟའ་བཏུང་གི་གོམས་གཤིས་ལེགས་པོ་ཞིག་ཆགས་དཀའོ། །

བྱིས་པའི་བཟའ་བཏུང་གི་གོམས་གཤིས་ལེགས་པོ་ཞིག་ཆགས་པའི་ཐབས་ལམ་གཤམ་གསལ་ལྟར།

ལྷོད་གཡེང་ལྡན་པའི་བཟའ་བཏུང་ཁོར་ཡུག་དང་བཟའ་བཏུང་གི་རྣམ་པ་ཞིག་བསྐྲུན་དགོས། དཔེར་ན། ཟ་མ་ཟ་སྐབས་ཁྱིམ་མིའི་བར་ལ་འཆམ་མཐུན་གྱི་གནས་སྟངས་ཤིག་ཆགས་པར་རྒྱུན་འཁྱོངས་བྱེད་དགོས་ཏེ། ཁྱིམ་མིའི་བར་ལ་ཁ་རྩོད་མི་བྱེད་པ་དང་། བྱིས་པ་ལ་སྐྱོན་བརྗོད་མི་བྱེད་པར། སྤྲོ་སྣང་ལྡན་པའི་བརྗོད་གཞི་ཞིག་གླེང་བ་དང་། མི་ཚང་མས་དོ་སྣང་བྱེད་པའི་གླེང་གཞི་ཞིག་གླེང་བ། ཡང་ན་ཁྱིམ་མི་རང་རང་སོ་སོའི་ཉིན་གཅིག་གི་མཐོང་ཐོས་བརྗོད་པ་སོགས་ཀྱི་ལམ་ནས་བག་ཕེབས་སྤྲོ་སྣང་ལྡན་པའི་བཟའ་བཏུང་གི་ཁོར་ཡུག་ཅིག་བསྐྲུན་དགོས་པའོ། །

བཟའ་བཏུང་གི་རིག་གནས་དང་གོམས་སྲོལ་ཡག་པོ་ཞིག་བསྐྲུན་པ། དཔེར་ན། ཟ་མ་ཟ་སྐབས་ཁྱིམ་མི་དག་གིས་ལག་འཁྱེར་ཁ་པར་དང་གློག་རྡུལ་ཐོན་རྫས་སོགས་མི་རྩེད་བ་དང་། བྱིས་པ་ཚོས་ཟ་མ་མ་ཟོས་པའི་སྔོན་ལ་ཕ་མར་དྲིན་དྲན་པ་དང་དྲིན་གཟོ་བའི་སྤྱོད་ཚུལ་སྟོན་པ་སྟེ། དཔེར་ན། ཨ་ཕ་ལ་བཀའ་དྲིན་ཆེ། ཨ་མས་དཀའ་ལས་མྱངས་སོང་ལྟ་བུའི་སྐད་ཆ་བཤད་དེ་དྲིན་དྲན་པའི་ཚིག་བརྗོད་པའོ། ། གཞན་ཡང་། བྱིས་པའི་སློབ་སྦྱོང་གི་རྒྱུགས་འབྲས་བཟང་མིན་སོགས་ནི་ཟ་མ་ཟ་སྐབས་ཀྱི་གླེང་གཞི་རུ་གཏན་ནས་མ་དྲངས་ན་ལེགས་སོ། །

ཟ་མ་ཟ་བའི་སྒྲིག་སྲོལ་འཛུགས་པ། དཔེར་ན། བྱིས་པས་ཟས་རིགས་མང་པོར་རོལ་མྱོང་བྱས་ནས། ཟ་རྒྱུར་དགའ་བའི་ཟས་རིགས་མང་ཙམ་ཟ་བ་དང་མི་དགའ་བའི་ཟས་རིགས་ཉུང་ཙམ་ཟ་དགོས་པ། བཟའ་བཏུང་གི་དུས་ཚོད་གསལ་པོ་གཏན་འཁེལ་བྱེད་པ་དང་། གལ་སྲིད་ཟ་མ་ཟ་བའི་དུས་ཚོད་མཇུག་རྫོགས་རྗེས་སྒྲོག་ཙེའི་སྟེང་གཙང་སྦྲ་བྱེད་པ་དང་། ཟ་མ་ཟ་སྐབས་བྱིས་པས་ཟ་མ་ལེགས་པོ་མ་ཟོས་པར་ཕོ་བ་རྒྱགས་མེད་ཚེ། མཇུག་འབྲས་བྱིས་པ་རང་ཉིད་ཀྱིས་འགན་འཁུར་དགོས་པ། ཟ་མ་ཟ་བའི་དུས་ཚོད་མཇུག་རྗོགས་མ་ཐག་བྱིས་པར་ཟ་མ་ཟོས་ཚར་བའི་གནས་ཚུལ་ཤེས་སུ་འཇུག་དགོས་ལ། ད་དུང་བྱིས་པས་ཞོར་ཟས་ཟ་བའི་གྲངས་ཀ་ལ་ཚོད་འཛིན་བྱེད་དགོས་པ་བཅས་སོ། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།