ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་རྒྱུགས་གསར་པ་དང་བསྟུན་སློབ་མའི་བསླབ་ཕྱིའི་དཔེ་ཀློག་གི་ནུས་པ་སྐྱེད་སྲིང་བྱ་ཚུལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ལིའང་ཡུའེ་ཆུང་གིས་བརྩམས།གནམ་མཚོ་ཡག་གིས་འདེམ་བསྒྱུར་བྱས།   སྤེལ་དུས། : 2022-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀོང་ཞི་ཞིང་ཆེན་གྱིས་གསར་བསྒྲགས་བྱས་པའི་རྣམ་པ་གསར་པའི་མཐོ་རྒྱུགས་ཀྱི་གནས་ཚུལ་ལ་གཞིགས་ན། སློབ་མས་དཔེ་ཀློག་མང་པོ་བྱེད་དགོས་པ་དང་ལྷག་པར་དུ་བསླབ་ཕྱིའི་དཔེ་ཀློག་ཐད་དང་དོད་བྱ་དགོས་པ་དེ་ཁ་ཚ་དགོས་གཏུག་གི་བྱ་བ་འགངས་ཆེན་ཞིག་ཏུ་གྱུར་འདུག

བསླབ་ཕྱིའི་དཔེ་ཀློག་གིས་སློབ་མའི་རིག་པ་ཇེ་བཟང་དང་སློབ་སྦྱོང་གི་ནུས་པ་ཇེ་ལེགས་སུ་གཏོང་ཐུབ་པས། བསླབ་ཕྱིའི་དཔེ་ཀློག་བྱ་རྒྱུ་ནི་རིགས་ལམ་ཇེ་གསལ་དང་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་བྱའི་གནད་འགག་ཅིག་ཡིན་ཅིང་། བསྟན་བཅོས་ཚད་ཐུབ་ཀློག་པ་དང་སྐྱེས་ཆེན་དམ་པ་དག་གི་མི་ཚེའི་བཞུད་ལམ་ལ་དཔེ་ངོས་ནས་མཇལ་བ་དེས་སློབ་མའི་བསམ་སྤྱོད་གཉི་ག་དང་རིན་ཐང་ལྟ་བ་སོགས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ནས་སྤྱོད་ལམ་དྲང་ཞིང་གཤིས་རྒྱུད་འཇམ་པ། བསམ་པའི་དཔངས་མཐོ་ཞིང་སྙིང་རུས་ལྡན་པའི་མི་རབས་གསར་པ་སྐྱེད་སྲིང་བྱེད་པར་རམ་འདེགས་ཆེན་པོ་བྱེད་ཐུབ། བསླབ་དེབ་ངོས་ཀྱི་སློབ་ཚན་དག་ལ་མཚོན་ན་ནང་དོན་དང་དུས་ཚོད་ཀྱི་བཀག་རྒྱ་ཐེབས་ཡོད་པས། བསླབ་ཕྱིའི་དཔེ་ཆ་བཀླག་པར་རྨང་གཞི་གདིང་བ་ལས་ཤེས་བྱའི་ངོས་རྒྱ་མི་ཆེ་བའི་ཞན་ཆ་འདུག དེའི་ཕྱིར། ཕྲན་གྱིས་འདིར་བསླབ་ཕྱིའི་དཔེ་ཀློག་ཐད་སྣེ་ཁྲིད་བྱེད་པའི་ཐབས་མཆོག་འགའ་བཀོད་པ་གཤམ་གསལ་ལྟར།

གཅིག དཔེ་ཆ་སྣ་མང་ཀློག་པའི་སྤྲོ་བ་བསྐྱེད་དགོས།

“གླེགས་བམ་ཁྲི་ཕྲག་བཀླགས་གྱུར་ན། ། སྨྱུག་རྩེ་ལྷ་ཡིས་བསྒྱུར་བ་འདྲ། ། ”ཞེས་པས་དཔེ་ཆ་མང་པོ་བཀླགས་པའི་བཟང་ཆ་གསལ་པོར་གསུང་འདུག་པ་ལྟར། དགེ་རྒན་གྱིས་སློབ་ཁྲིད་ཀྱི་ཞོར་དུ་སློབ་མར་བསྟན་བཅོས་ཚད་ཐུབ་འོས་སྦྱོར་བྱ་དགོས་པར་མ་ཟད། དེབ་ཀློག་པར་སྤྲོ་བ། དེབ་ཚད་ལྡན་ཀློག་པ། དེབ་མང་པོ་ཀློག་པ། དེབ་ཧྲིལ་པོ་ཞིག་ཀློག་པའི་ཕྱོགས་སུ་སྣེ་ཁྲིད་བྱས་ཏེ། སློབ་ཁང་ནང་གི་སློབ་ཁྲིད་དང་བསླབ་ཕྱིའི་དཔེ་ཀློག་གཉིས་ཟུང་འབྲེལ་བྱས་ཏེ་ཡག་ཐོག་ལ་རྒྱན་ཐུབ་པར་བྱ་དགོས། དེ་མིན་ད་དུང་རགས་ཀློག་བྱེད་པ་དང་ཞིབ་ཀློག་བྱེད་པ། རིགས་འགྲེ་ནས་ཀློག་པ། མྱུར་ཀློག་བྱེད་པ་སོགས་ཀྱི་དཔེ་ཀློག་གི་ཐབས་ལམ་སྣ་མང་སློབ་མའི་རྒྱུད་ལ་གོམས་པར་བྱས་ནས་སློབ་མའི་དཔེ་ཆ་འདེམས་ཤེས་པ་དང་དཔེ་ཆ་ཀློག་ཤེས་པ་བྱ་རྒྱུ་ནི་གོམ་པ་དང་པོ་ཡིན།

གཉིས། དགེ་རྒན་གྱིས་མིག་དཔེའི་ཚུལ་དུ་བསླབ་ཕྱིའི་དཔེ་ཆ་ཀློག་དགོས།

དཔེ་ཀློག་མེད་པའི་དགེ་རྒན་ནི་ལྟག་ཆུ་ཆད་པའི་རྫིང་བུ་འདྲ་ཞེས་པ་ལྟར་སློབ་མ་ལ་བསླབ་ཕྱིའི་དཔེ་ཀློག་ཐད་ཀྱི་སྣེ་ཁྲིད་ཡག་པོ་ཞིག་བྱ་དགོས་ན་ཐོག་མར་དགེ་རྒན་གྱིས་དཔེ་ཀློག་མང་པོ་བྱེད་དགོས་ཤིང་། གཞན་ལ་སྣེ་ཁྲིད་དང་མཛུབ་སྟོན་གང་ལེགས་བྱེད་ཐུབ་པའི་ནུས་པ་ལྡན་དུ་འཇུག་པ་ནི་དགེ་རྒན་ལ་བཏོན་པའི་བླང་བྱ་ཡིན།

གསུམ། དཔེ་ཀློག་གི་ཁོར་ཡུག་དང་ཆ་རྐྱེན་བསྐྲུན་དགོས།

དཔེ་ཀློག་གི་ཁོར་ཡུག་ལེགས་པོ་ནི་སྐད་ཆ་ཞིག་དང་འདྲ་བར་མི་ལ་སྐུལ་སློང་དང་སེམས་ཤུགས་སྟེར་བའི་ནུས་པ་ལྡན་པས་འདི་ནི་གཟུགས་མེད་ཀྱི་སློབ་གསོ་ཞིག་ཡིན། དགེ་རྒན་གྱིས་སློབ་གྲྭའི་སྤྱི་བསྒྲགས་དང་སྒོ་སམ་ཇུས་འགོད། སློབ་རའི་རྒྱང་སྒྲོག་སོགས་ཕྱོགས་སོ་སོར་དཔེ་ཀློག་དང་འབྲེལ་བ་ཡོད་པའམ་དཔེ་ཀློག་ལ་ཕྱོགས་པར་ནུས་པ་ཐོན་ཐུབ་པའི་བསྒྲགས་ཡིག་སྤེལ་ནས་དཔེ་ཀློག་གི་ཁོར་ཡུག་བསྐྲུན་ཆོག འདིར་དཔེ་ཀློག་གི་ཆ་རྐྱེན་བསྐྲུན་དགོས་ཟེར་བ་ནི་སློབ་མས་བསམ་བློའི་ངོས་ཐད་ནས་དཔེ་ཀློག་ལ་ཁ་ཕྱོགས་རྗེས། དཔེ་ཆ་སྣ་མང་དང་དཔེ་ཆ་ཚད་ལྡན་ཀློག་ཐུབ་པའི་ཕྱིའི་ཆ་རྐྱེན་བསྐྲུན་དགོས་ཟེར་བ་ཡིན། དེ་བས་འདིར་སློབ་གྲྭ་ཡིས་ལྟ་ཀློག་ཁང་དང་དཔེ་མཛོད་ཁང་གི་དོ་དམ་ཐད་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ། ཉིན་རྒྱུན་སྒོ་ཕྱེ་བ་དང་ཉིན་ཧྲིལ་པོར་སྒོ་ཕྱེ་བ། དཔེ་ཆ་གསར་པ་དུས་ལྟར་ཉོ་བ། དཔེ་ཆའི་བདག་གཉེར་ལམ་ལུགས་ཆ་ཚང་དུ་གཏོང་བར་ཤུགས་རྒྱག་དགོས། དེ་མིན་ད་དུང་སློབ་གྲྭའི་ནང་དུ་དཔེ་ཀློག་མཉམ་སྤྱོད་ཀྱི་བྱ་འགུལ་དང་། བསྟན་བཅོས་ཚད་ཐུབ་ཀྱི་ཤེས་བྱའི་འགྲན་སྡུར། “དཔེ་ཆ་བ”ཞེས་པའི་དཔེ་ཀློག་དཔྱད་མྱོང་གི་འགྲན་སྡུར་སོགས་བྱ་འགུལ་སྣ་ཚོགས་སྤེལ་ནས་དཔེ་ཀློག་གི་སྤྲོ་བ་སྔར་ལས་འཕེལ་བར་བྱས་ཆོག བྱ་འགུལ་འདི་ལྟ་བུ་སྤེལ་ན་སློབ་མས་དཔེ་ཀློག་གི་མྱུར་ཚད་དང་བསམ་གཞིག་གི་ནུས་པ། སྐད་ཆ་བཤད་པའི་སྤོབས་པ། བརྡ་གསལ་པོར་སྤྲོད་པའི་ནུས་པ་སོགས་ཀྱང་འཕེལ་ཐུབ་པས། འདི་ཡིས་མཐོ་རྒྱུགས་གསར་པའི་ཁྲོད་ཀྱི་ལྟ་ཀློག་དང་རྩོམ་འབྲིའི་ནུས་པར་ཡང་རམ་འདེགས་ཆེན་པོ་ཐོན་ཐུབ་པར་མ་ཟད། སློབ་མ་རེ་རེའི་མི་ཚེ་ཧྲིལ་པོའི་ཁྲོད་ཀྱི་དཔེ་ཀློག་ལའང་ཕན་ནུས་ཆེན་པོ་འདོན་ཐུབ་པས་མདའ་གཅིག་གིས་ཤ་བོ་གཉིས་གསོད་ཀྱི་དོན་སྙིང་ལྡན་ཞེས་བཤད་ཆོག

བཞི། སློབ་མ་ལ་དཔེ་ཀློག་གི་ཐབས་ལམ་ཁྲིད་དགོས།

དགེ་རྒན་གྱིས་དཔེ་ཀློག་གི་ཐབས་ལམ་དང་ལག་ལེན་དེ་སློབ་ཁྲིད་ཀྱི་འཆར་གཞི་རུ་འགོད་དགོས། དཔེར་ན། སྒྲ་མི་ཐོན་པར་ཀློག་པ་དང་རགས་ལྟ་བྱེད་པ། མྱུར་མོར་ཀློག་པ། བར་ནས་ཀློག་པ། རིགས་འགྲེས་ནས་ཀློག་པ་སོགས་ཚང་མར་ཀློག་ཐབས་ཡོད་པས་རེ་རེ་བཞིན་སློབ་སྦྱོང་བྱ་དགོས། དཔེར་ན། སྒྲ་མ་ཐོན་པར་ཀློག་པ་འདི་སློབ་མར་ཁྲིད་ན། བྱེ་བྲག་གི་ཐབས་ལམ་བཤད་རྗེས། སློབ་མས་ངག་ཕྱི་རུ་མི་འདོན་པ་དང་ཁ་མི་འགུལ་བའི་སྒོ་ནས་ཇི་ལྟར་མྱུར་མོར་ཀློག་པའི་ཐབས་ཁྲིད་དགོས། ད་ལྟའི་དམའ་འབྲིང་གི་བསྟན་བཅོས་ཚད་ཐུབ་ལས་ཚན་བཤུས་བྱས་པའི་སློབ་ཚན་དག་ལ་མཚོན་ན། སློབ་ཁྲིད་ཀྱི་གཙོ་གནད་ནི་རྩོམ་པ་པོ་ངོ་སྤྲོད་དང་སློབ་ཚན་གྱི་ནང་དོན། འབྲི་ཐབས་བཅས་མིན་པར། ལྟ་ཀློག་བྱེད་ཐབས་རེད། ཡང་དཔེར་ན། བརྩམས་སྒྲུང་ལྟ་བུར་མཚོན་ན། བར་ནས་ཀློག་པ་དང་རིགས་འགྲེས་ནས་ཀློག་པ་སོགས་སྤྱད་དེ་བརྗོད་སྙིང་བཟུང་ཆོག དེ་མིན་ད་དུང་སློབ་མ་ཚོར“གོག་མ་ལངས”ཀྱི་དཔེ་ཀློག་བྱ་ཐབས་ཁྲིད་ཆོག ཐབས་འདི་བསྟན་བཅོས་ཚད་ཐུབ་ཀློག་དུས་བཀོལ་ན་ལྷག་ཏུ་སྨན། ཧ་ཅང་ཞིབ་ཅིང་ཕྲ་བ་ཞིག་གོ་དཀའ་ཡང་གོ་ཐོས་རྣ་ཐོས་ཡོད་པ་ཞིག་ཏུ་གྱུར་རྗེས་དགེ་རྒན་གྱིས་སློབ་ཁྲིད་སྐབས་དང་བྱ་འགུལ་སྤེལ་བའི་སྐབས་བསྟན་བཅོས་ཚད་ཐུབ་ནང་གི་གནད་དག་བཟུང་ནས་འགྲེལ་བཤད་བྱས་ཚེ། སློབ་མར་སྔོན་ལ་བག་ཆགས་ཡོད་པས་བསྟན་བཅོས་གོ་དཀའ་བ་ཞིག་ཡིན་ཡང་ནང་དོན་གོ་ཐུབ། འདི་ལྟར་བྱས་ན་སློབ་མར་རང་ཉིད་འཕེལ་རྒྱས་སུ་སོང་ཡོད་པའི་སྣང་བ་ཞིག་སྟེར་ངེས། མྱོང་བ་འདིའི་དགའ་སྣང་གིས་དཔེ་ཀློག་གི་སྤྲོ་བ་སྔར་ལས་ཆེས་ཆེར་འཕེལ་ཐུབ། དེའི་ཕྱིར། རང་གི་མྱོང་བ་དངོས་ལས་དཔྱད་ན། “གོག་མ་ལངས” ཀྱི་ཀློག་ཐབས་འདི་ནི་དཔེ་ཀློག་གི་སྤྲོ་བ་སྐྱེད་སྲིང་བྱེད་པའི་ཐབས་མཆོག་ཅིག་ཡིན་ནོ། །

མཁས་པའི་དབང་པོ་ཤག་སེ་ཕེར་གྱིས“དཔེ་ཆ་ནི་འཛམ་གླིང་གི་སྐྱེ་བོ་ཀུན་གྱི་འཚོ་བཅུད་རྫས་ཡིན་ཅིང་། འཚོ་བའི་ཁྲོད་དཔེ་ཆ་མེད་ན། འཇིག་རྟེན་ལ་ཉི་འོད་མེད་པ་དང་བྱ་རྒོད་ལ་གཤོག་པ་མེད་པ་དང་མཚུངས”ཞེས་གསུངས་པ་ལྟར། སློབ་བུ་ཚོའི་གཤོག་རྩལ་རྒྱས་ཤིང་ནམ་འཕང་གཅོད་ཐུབ་པའི་ཆེད་དུ་དགེ་རྒན་རྣམས་ཀྱིས་ཅིས་ཀྱང་བསླབ་ཕྱིའི་དཔེ་ཀློག་གི་གོ་གནས་དང་ནུས་པ་ལ་ངོས་ཤེས་གསལ་པོ་འདྲོང་དགོས་ཤིང་། སློབ་མའི་བསླབ་ཕྱིའི་དཔེ་ཀློག་གི་ནུས་པ་སྐྱེད་སྲིང་བྱ་བར་གཙིགས་ཆེན་བྱ་དགོས། དྲིལ་སྒྲོག་དང་མཛུབ་སྟོན། བྱ་འགུལ་སྣ་ཚོགས་སྤེལ་བ་སོགས་བརྒྱུད་དེ་བསླབ་ཕྱིའི་དཔེ་ཀློག་འདི་སློབ་མའི་སློབ་སྦྱོང་དང་འཚོ་བ། ཡར་སྐྱེད། འཕེལ་རྒྱས་སོགས་ཀྱི་དགོས་མཁོ་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ཏེ་དཔེ་ཀློག་གིས་སློབ་མར་དུས་གཏན་དུ་འགྲོ་རོགས་འདུག་རོགས་བྱ་རུ་འཇུག་དགོས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།