སློབ་ཆེན་སློབ་མའི་འདོད་པའི་སེམས་ཁམས་ཀྱི་ཁྱད་རྟགས།

སློབ་ཆེན་སློབ་མ་ནི་གཞོན་པའི་ནང་གི་དམིགས་བསལ་གྱི་ཁྱུ་ཚོགས་ཤིག་ཡིན། སྐྱེ་ལུགས་ཀྱི་ངོས་ནས་བཤད་ན། ལུས་ཀྱི་འཚར་སྐྱེའི་ཁོ་ལག་རྫོགས་ཡོད་ཀྱང་ད་དུང་སྤྱི་ཚོགས་ལ་དངོས་སུ་ཞུགས་མེད་ལ། སེམས་ཁམས་ཀྱི་ངོས་ནས་ད་དུང་སྨིན་ཐག་ཆོད་མེད་པས། ཁོ་ཚོའི་འདོད་པའི་སེམས་ཁམས་ལ་གཤམ་གསལ་གྱི་ཁྱད་ཆོས་དུ་མ་མངོན་ཏེ།

གཅིག རང་བཞིན་གཙང་ཡང་མག་མོག་ཆེ་བ།

ལུས་ཀྱི་འཚར་སྐྱེའི་ཁོ་ལག་རྫོགས་པ་དང་བསྟུན་ནས། སེམས་ཀྱི་ངོས་ནས་ཕ་རོལ་དང་འགྲོགས་འདོད་ཀྱི་འདུན་པ་སྐྱེ་བ་དང་། ལུས་ཀྱི་ངོས་ནས་ཕ་རོལ་དང་བཅར་བ་དང་དེ་ལ་ཆགས་པ་དང་དུངས་པ་སོགས་རང་བཞིན་ལྷན་གཤིས་ཀྱི་དྲི་མ་ཡལ་བའི་འགྱུར་བ་འབའ་ཞིག་མངོན་ཡོང་། འོན་ཀྱང་འདོད་པའི་སེམས་ཁམས་དེ་ལ་སྤྱི་ཚོགས་ཀྱི་ཞུན་བརྡར་ཅི་ཡང་ཐོབ་མེད་ལ། མ་ལག་ཚང་ཞིང་ཚན་རིག་དང་མཐུན་པའི་ཤེས་རྒྱའང་ཉག་ཕྲ་བས། དགའ་དུང་གི་སེམས་འདུན་གཙང་ཡང་ངོས་ཟིན་མི་གསལ་བར་མག་མོག་གི་ངང་ཚུལ་ཅན་དུ་ལུས་ཡོད།

གཉིས། འདོད་འདུན་ཆེ་ཡང་བརྟན་མི་ཚུགས་པ།

གཞོན་པའི་སེམས་དེ་མག་མོག་གི་སེམས་འགྱུ་ལས་འདོད་པའི་འདུན་པ་ཤུགས་དྲག་ཅིག་ཏུ་རིམ་པར་འཕེལ་བཞིན་ཡོད་ཀྱང་། གོ་རིམ་དེའི་ཁྲོད་ནས་སེམས་འདུན་མཚོན་པའི་སྒོ་དང་ལམ་གྱིས་སྟོངས་ཏེ་གསང་བར་ཉར་བའི་སྣང་ཚུལ་ཞིག་འབྱུང་། སྣང་ཚུལ་དེའི་ཤུགས་སུ་ཁོ་ཚོའི་འདོད་པའི་ཚོར་བ་དང་སེམས་འགྱུ་ཤིན་ཏུ་རྒོད་པ་ཞིག་བསྐུངས་ཡོད་པས། འདོད་པའི་སྐོར་གྱི་གནད་དོན་ལ་ཚོར་བ་སྐྱེན་ཞིང་མཚར་འཛིན་ཆེ་ཡང་འདོད་པའི་ངོས་ཟིན་དང་ལྟ་ཚུལ་མག་མོག་ཅིག་ལས་མེད་པས། སེམས་ཀྱི་དྲན་ཚུལ་ལ་གཡོ་སྐྱོམ་ཆེ། དེ་ལས་ཀྱང་ཕྱིའི་ཁོར་ཡུག་གི་འདོད་པའི་བསླུ་བྲིད་སྣ་ཚོགས་ཀྱིས་ཤུགས་རྐྱེན་ཐེབས་སླ་བས་ལྷག་ཏུ་བརྟན་མི་ཚུགས་པར་འགྱུར། ཁོ་ཚོའི་སེམས་ཀྱི་འདོད་པ་དང་ལུས་ཀྱི་སྦྱོར་བ་གཉིས་ཀྱང་མི་མཐུན་ལྟག་སྤྲོད་དུ་སོང་སྟེ། འགལ་འདུ་དང་སེམས་སྡུག་གི་མནར་གཅོད་ཀྱང་མྱོང་།

གསུམ། ངར་ཤུགས་དྲག་ཀྱང་མངོན་པར་དཀའ་བ།

ལོ་གཞོན་སློབ་ཆེན་པ་རྣམས་ལ་འདོད་པའི་འདུན་པ་དང་ངར་ཤུགས་ལྡན་པ་ནི་འཚར་སྐྱེའི་གོ་རིམ་ཁྲོད་ཀྱི་ལུས་སེམས་གཉིས་ཀའི་སྣང་ཚུལ་ཆེས་རྒྱུན་ལྡན་ཞིག་ཡིན། ཡིན་ནའང་། དུས་སྐབས་དེའི་གཞོན་པ་རྣམས་ཀྱི་འདོད་པའི་སྐོར་གྱི་སེམས་གཤིས་དེ་ད་དུང་སྨིན་ཐག་ཆོད་མེད་ལ། ཆ་ཚང་བ་དང་ངོ་བོ་བརྟན་པའི་སྤང་བླང་གི་འདུ་ཤེས་ཤིག་ད་དུང་ཆགས་ཡག་མིན་པས། རང་གཅུན་རང་སྡོམ་གྱི་ནུས་པ་དེ་ཅུང་ཟད་ཞན་ལ། ཕྱིའི་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་སླ་བ་དང་ངར་ཐོག་ནས་སྤྱོད་ལམ་ཧོལ་རྒྱུག་ལ་འཁྱར་བའང་སླ་བ་ཡིན། ཁོ་ཚོ་ནི་དམིགས་བསལ་གྱི་ཁྱུ་ཚོགས་ཤིག་ལ་གཏོགས་ཤིང་། ཕ་རོལ་པའི་བག་ཆགས་ཁྲོད་ཀྱི་རང་གི་སྣང་བརྙན་གྱི་ཡག་བཙོག་དང་། ཕ་རོལ་པས་རང་ཉིད་ལ་བཟུང་བའི་ལྟ་ཚུལ་སོགས་ལ་ཅི་བས་དང་དོད་ཆེ་བས། སེམས་གཞན་ལ་ཆགས་པར་འགྱུར་བ་དང་། ཐ་ན་ཕ་རོལ་ཕོ་མོ་གང་རུང་ཞིག་སེམས་ཀྱི་རྟེན་ལྟ་བུར་ཡང་འགྱུར་བ་ཡིན། དེ་དང་མཉམ་དུ་འདོད་པའི་སྐོར་གྱི་རྨི་ལམ་རྨི་བ་དང་། འདོད་པའི་སྐོར་གྱི་སྟོང་བསམ་ལ་འཁྱམ་པ་སོགས་ཀྱི་སྣང་ཚུལ་ཡང་འབྱུང་བ་ཡིན།

བཞི། གཏོང་འདོད་ཆེ་ཡང་འགོག་རྐྱེན་ཆེ་བ།

གཞོན་སྐྱེས་སློབ་མ་རྣམས་ལ་ཕ་རོལ་པོ་དང་འགྲོགས་འདོད་ཀྱི་འདུན་པ་ཆེ་བ་དེ་ནི། སྤྱི་ཚོགས་དང་སློབ་གྲྭ། ཁྱིམ་བདག་སོགས་ཀྱིས་བཟོས་པའི་སྒྲིག་ལམ་དམ་པོ་དང་འགལ་ཟླ་འབྱུང་བ་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་སྟེ། ལ་ལར་སློབ་སྦྱོང་གི་རྒྱུགས་འབྲས་མཐོར་འདེགས་གཏོང་བའི་བསམ་འདུན་ཆེ་ཡང་བརྩེ་དུང་གི་རྒྱ་ལས་ཐར་དཀའ་བ་དང་། ལ་ལ་ཕྱི་ནས་བལྟས་ན་ཚོར་བ་ཅི་ཡང་མེད་པ་ལྟར་གནས་ཤིང་། བསམ་བཞིན་བརྩེ་དུང་ལ་གཡོལ་བའི་རྣམ་པར་གནས་ནའང་། དོན་གྱིས་དེའི་བྲོ་བ་མྱོང་འདོད་ལ་རེ་ལྟོས་ཆེ་བ་སོགས། འགལ་ཟླའི་སེམས་བྱུང་དུ་མའི་འཐབ་རྩོད་ལས་རྒྱུན་པར་འགོག་སྡོམ་ཐེབས་པའི་གནོན་ཤུགས་དྲག་པོ་ཚོར་ཡོང་བ་ཡིན། དངོས་ཡོད་འཚོ་བའི་ཁྲོད་དུ་འདོད་པའི་སྐོར་གྱི་ཆ་འཕྲིན་སྣ་ཚོགས་མཐོང་ཐོས་སུ་ཤར་ཡོང་བ་དང་། ལྷག་པར་དེང་གི་འདོད་པའི་བཅིངས་འགྲོལ་དང་འདོད་པའི་རང་དབང་གི་བསམ་བློའི་ཤུགས་རྐྱེན་འོག སློབ་མའི་སེམས་ཁམས་ལ་འདོད་འདུན་དོན་ཐོག་ཏུ་སྨིན་དཀའ་བའི་སྡུག་བསྔལ་སྣ་ཚོགས་འབྱུང་ལ། ཡང་ཁག་ཅིག་ནི་སྤྱོད་འཆལ་འབའ་ཞིག་གི་དབང་དུ་འགྲོ་སླ་བ་དང་། ཡང་ན་ན་ཆུང་དུས་ནས་བརྩེ་དུང་དང་འདོད་པ་སོགས་ལ་རྣམ་པར་གཡེང་ནས། མཇུག་འབྲས་ངན་པའི་སྐྱོ་གར་སྣ་ཚོགས་ཀྱང་འབྱུང་སླ་བ་ཡིན། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།