འཇར་མན་གྱི་གཤིས་བཟང་སློབ་གསོ།

ཀུན་གྱིས་ཤེས་གསལ་ལྟར། འཇར་མན་ནི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་ལ་སློང་བའི“ཉེས་ཅན་གཏེ་བོ”ཡིན། སྟབས་ལེགས་པ་ཞིག་ལ་འཇར་མན་གྱི་རིམ་གྲས་ཁག་གིས་འདས་ཟིན་པའི་ལོ་རྒྱུས་དུམ་བུ་དེ་ལ་བསམ་ཞིབ་གཏིང་ཟབ་བྱེད་ཐུབ་པ་དང་། ཐ་ན་དེའི་རྐྱེན་གྱིས་བྱིས་པའི་གཤིས་རྒྱུད་བཟང་པོ་གསོ་སྐྱོང་བྱ་རྒྱུར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། དེ་ཉིད་འཇར་མན་གྱི་སློབ་གསོའི་སྐྱེ་ལྡན་གྲུབ་ཆའི་གྲས་སུ་འབྲལ་མེད་དུ་འཇོག་ཐུབ་པར་གྱུར་ཡོད།

སྲོག་ཆགས་ལ་གཅེས་སྐྱོང་བྱེད་པ།

སྲོག་ཆགས་ཆུང་ཆུང་ལ་གཅེས་སྐྱོང་བྱེད་པ་ནི་འཇར་མན་གྱི་བྱིས་པ་མང་པོ་ཞིག་གིས་དང་ལེན་བྱས་པའི“གཤིས་བཟང་སློབ་གསོ”ཡི་སློབ་ཁྲིད་དང་པོ་དེར་ཆགས་ཡོད་པ་རེད། བྱིས་པ་ད་སོ་མར་གོམ་པ་སྤོ་ཤེས་མ་ཐག་ཏུ་འཇར་མན་གྱི་ཁྱིམ་ཚང་མི་ཉུང་བ་ཞིག་གིས་ཆེད་དུ་བྱིས་པར་ཁྱི་གུ་དང་བྱི་ལ། རི་བོང་དང་གསེར་ཉ་སོགས་སྲོག་ཆགས་ཆུང་ཆུང་གསོ་བར་མ་ཟད། བྱིས་པར་དངོས་སུ་སྲོག་ཆགས་ཆུང་ཆུང་དེ་དག་ལ་ལྟ་སྐྱོང་བྱེད་དུ་འཇུག་པའི་གོ་རིམ་ཁྲོད་ནས་ཉམ་ཆུང་གི་ཚེ་སྲོག་ལ་བདག་སྐྱོང་བྱེད་ཤེས་སུ་འཇུག་པ་རེད། བྱིས་སྙོར་ཁང་གིས་ཀྱང་སྲོག་ཆགས་ཆུང་ངུའི་རིགས་སྣ་ཚོགས་གསོ་སྐྱོང་བྱེད་པ་དང་། བྱིས་པ་ཚོས་རེས་མོས་ཀྱིས་གསོ་སྐྱོང་གི་འགན་འཁུར་བར་མ་ཟད། ད་དུང་བྱིས་པ་ཚོར་སྲོག་ཆགས་ཆུང་ངུའི་རིགས་དེ་དག་གི་ནར་སོན་དང་འཚར་ལོངས། རོལ་རྩེད་ལ་ལྟ་ཞིབ་བྱ་རྒྱུར་དོ་སྣང་བྱེད་དགོས་པའི་བླང་བྱ་འདོན་པ་དང་། དེ་མིན“གསོ་སྐྱོང་གི་ཟིན་ཐོ”ཡག་པོ་འགོད་དགོས་པའི་རེ་བའང་འདོན་པ་རེད། བྱིས་པ་ཚོ་དངོས་སུ་སློབ་གྲྭར་ཞུགས་རྗེས་སུ། ཁོ་ཚོའི་རྩོམ་ཡིག་ཁྲོད་རྒྱུན་དུ་སྲོག་ཆགས་ཆུང་ཆུང་དང་འབྲེལ་བ་ཡོད་པའི་ཚེ་སྲོག་གི་ཞིབ་བརྗོད་འབྱུང་བ་དང་། དེའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་རྩོམ་ཡིག་དེ་དགེ་རྒན་གྱིས་དཔེ་མཚོན་དང་མིག་དཔེར་འོས་སྦྱོར་བྱས་ནས་གྱང་ངོས་སོགས་སུ་སྦྱོར་བཞིན་ཡོད། གཞན་ཡང་། རང་ཉིད་ཀྱིས་བསགས་པའི་དངུལ་སིལ་མ་བེད་སྤྱད་དེ་སྲོག་ཆགས་གླིང་གའི་སྲོག་ཆགས“གསོ་ཉར”བྱེད་པའམ་ཡང་ན་ཞལ་འདེབས་ཕུལ་ནས་རྩ་མེད་དུ་འགྲོ་བར་ཉེ་བའི་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའང་འཇར་མན་གྱི་སློབ་ཆུང་སློབ་མས་དགའ་བོ་བྱེད་པའི་བྱེད་སྒོ་ཞིག་ཏུ་གྱུར་ཡོད་པ་རེད།

འཇར་མན་གྱི་སློབ་གྲྭ་ཆུང་འབྲིང་གིས་ད་དུང“ཚེ་སྲོག་ལ་བྱམས་སྐྱོང་བྱེད་པའི”སྐོར་གྱི་དཔྱད་གླེང་དང་རྩོམ་ཡིག་འགྲན་སྡུར་ཡོངས་ཁྱབ་ཏུ་སྤེལ་བཞིན་ཡོད། ལོ་བཅུ་གསུམ་ཅན་གྱི་བྱིས་པ་ཞིག་གིས་བརྩེ་བས་ཁེངས་པའི་རྩོམ་རྩལ་ལ་བརྟེན་ནས་ཁོས་བྱེའུ་ཞིག་གི་རྨ་ཁ་གསོས་པ་ཟིན་ཐོར་བཀོད་ཡོད་པ་དང་། ཕྱིས་སུ་དེ་ཉིད་རང་བྱུང་ཁམས་སུ་སྐྱེལ་བའི་བརྒྱུད་རིམ་བྲིས་པའི་རྩོམ་ཡིག་དེར་སློབ་གྲྭ་དེའི“ཚེ་སྲོག་ལ་བྱམས་སྐྱོང་བྱེད་པའི་རྩོམ་ཡིག་འགྲན་སྡུར་ཆེན་མོའི་ནང”བྱ་དགའ་ཨང་དང་པོ་ཐོབ་པ་རེད། དེ་ལས་ལྡོག་སྟེ། སྲོག་ཆགས་ཆུང་ཆུང་ལ་མནར་གཅོད་གཏོང་མཁན་གྱི་རིགས་ལ་སྐྱོན་བརྗོད་དང་བསླབ་བྱ་གཏོང་ཞིང་། གནས་ཚུལ་ཚབས་ཆེ་བར་མི་དར་མ་དང་འདྲ་བའི་ཆད་པ་ཕོག་སྲིད་པ་ཞིག་ཡིན། གལ་ཏེ་ཕན་འབྲས་མངོན་གསལ་དོད་པོ་མིན་ཚེ། ད་དུང་སེམས་ཁམས་གསོ་བཅོས་བྱེད་པར་སྐྱེལ་སྲིད་དེ། གང་ལགས་ཤེ་ན། དེ་ནི་སློབ་སྦྱོང་གི་སྦྱངས་འབྲས་ཇེ་ཞན་དུ་སོང་བ་ལས་ཀྱང་གལ་ཆེ་བའི“ཀུན་སྤྱོད་ཀྱི་གནད་དོན”ཞིག་ཡིན་པའི་རྐྱེན་གྱིས་རེད།

འཇར་མན་པས་འདིའི་ཐད་ནས་དོན་ཆུང་ཆེ་བསྒྲགས་གཏན་ནས་མི་བྱེད་ཅིང་། འཇར་མན་པ་ཤིན་ཏུ་མང་པོ་ཞིག་ལ་འདི་ལྟ་བུའི་ངོས་འཛིན་གཅིག་མཐུན་ཞིག་བྱུང་ཡོད་པ་སྟེ། ཆུང་དུས་སུ་སྲོག་ཆགས་ལ་མནར་གཅོད་གཏོང་བ་སྤྲོ་སྣང་དུ་འཛིན་པའི་བྱིས་པ་ནར་སོན་རྗེས་དྲག་སྤྱོད་ལ་དགའ་བར་འགྱུར་ཉེན་ཆེ།

ཉམ་ཆུང་ལ་སེམས་བརྩེ་བ།

ཉམ་ཆུང་ལ་སེམས་བརྩེ་བ་དང་རོགས་དམ་བྱེད་མཁན་ལའང་འཇར་མན་པས་བྱིས་པར“གཤིས་བཟང་སློབ་གསོ”གཏོང་བའི་ནང་དོན་གལ་ཆེན་གཞན་ཞིག་ལ་ངོས་འཛིན་བྱེད། མི་དར་མའི་སྤྱི་ཚོགས་ཀྱི་སྣེ་ཁྲིད་དང་བསྟོད་སྐུལ་འོག་བྱིས་པ་ཚོས་ལོང་བ་དང་རྒན་རྒོན་ལ་རོགས་རམ་བྱས་ནས་གཞུང་ལམ་བརྒལ་རྒྱུ་དེ་སྔ་མོ་ནས་གོམས་སྲོལ་བཟང་པོ་ཞིག་ཏུ་གྱུར་ཡོད་ལ། དབང་པོ་སྐྱོན་ཅན་གྱི་སློབ་གྲོགས་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་པ་དེའང་ཁོ་ཚོར་མཚོན་ན་ཆེས་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད།

ཧྥ་ལན་ཁེ་ཧྥུའི་བྱིས་པ་ཞིག་གིས་རྩུབ་སྤྱོད་ཀྱི་སྒོ་ནས་སྒོ་ཁ་ན་ལྟོ་སློང་འཁྱམ་པོ་ཞིག་ཡོད་པ་དེ་ཕྱིར་བསྐྲད་པས་ནང་མི་ཚང་མས་དེ་ལ་དམིགས་ནས་ཁྱིམ་ཚང་གི་ཆེད་དོན་ཚོགས་འདུ་འཚོགས་པ་རེད། མི་དར་མ་རྣམས་ཀྱིས་གཟབ་ནན་དང་ངང་རྒྱུད་རིང་པོའི་སྒོ་ནས་བྱིས་པའི་བློ་སྒོ་འབྱེད་ཀྱིན་ཡོད་པ་སྟེ། ལྟོ་སློང་འཁྱམ་པོས་ལྭ་བ་ཧྲལ་ཧྲུལ་ཞིག་གྱོན་ཡོད་ནའང་། མི་གཞན་དང་གཅིག་མཚུངས་ཀྱི་ཁེ་དབང་དང་རྩིས་ཐང་ལྡན་པ་ཡིན་པས་བྱིས་པ་ལ་གནས་ལུགས་ཤིག་ཤེས་སུ་འཇུག་དགོས་པ་དང་། དབང་ཤེད་ཅན་ལ་ཡིད་སྨོན་བྱེད་པ་ནི་རྒྱུན་ལྡན་གྱི་འགྲོ་ལུགས་ཤིག་ཏུ་ཆགས་པར་དོགས་ནས། ཉམ་ཆུང་ལ་སྙིང་རྗེ་སྐྱེས་པ་དེ་ལྷག་ཏུ་མཛེས་སྡུག་གིས་ཕྱུག་པའི་སེམས་ཁམས་ཀྱི་མངོན་ཚུལ་ཞིག་ཡིན་པར་སྟོན། དེའི་རྗེས་སུ་བྱིས་པས་བརྙས་བཅོས་དང་དམའ་འབེབ་ཐེབས་པའི་ལྟོ་སློང་འཁྱམ་པོ་དེ་ཁྱིམ་དུ་མགྲོན་པོར་གདན་འདྲེན་དུ་ཞུ་རྒྱུའི་གྲོས་མགོ་བཏོན་པར། མི་དར་མ་ཚོས་སྦ་གསང་དང་བསམ་འཆར་སྤུ་ཙམ་ཡང་མེད་པའི་སྒོ་ནས་རྒྱབ་སྐྱོར་བླ་མེད་བྱས་པ་རེད།

མི་ལ་བཟོད་སྒོམ་བྱེད་པ།

“མི་ལ་བཟོད་སྒོམ་བྱེད་པ”དེ་འཇར་མན་པས་ཡོངས་ཁྱབ་ཏུ་མི་ཞིག་གི“གཤིས་རྒྱུད་བཟང་པོའི”ཆ་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། མིང་ལ་ཤའོ་རའེ་ཟེར་བའི་ལོ་བདུན་ཅན་གྱི་བུ་མོ་ཆུང་ཆུང་ཞིག་ལ་རང་ཉིད་ཀྱི་སྐྱེས་སྐར་དགོང་ཚོགས་སྟེང་དུ་མའེ་ཧྥུའུ་ཟེར་བའི་གྲོགས་མོ་ཞིག་གིས་དོན་མེད་དུ་ཟུར་ཟ་བྱས་པས་མོའི་ཁ་ངོ་ཡོངས་སུ་བརྫད་སོང་བ་རེད། དེ་བས་ཤའོ་རའེ་ཡིས་མོའི་གྲོགས་མོ་ལ་འཁོན་ལན་བསློགས་ནས་སྙིང་ནད་རྩོད་བསམ་གྱིན་ཡོད་པ་རེད། འོན་ཀྱང་ཕྱིས་སུ་ཨ་མའི་ཁ་ཏ་བསླབ་བྱ་གནང་བ་དང་རྒྱུས་ལོན་བྱས་པ་ལ་བརྟེན་ནས་ཤེས་པ་ལྟར་ན། སྐབས་དེར་མའེ་ཧྥུའུ་ཡིས་གསོས་པའི་རི་བོང་ཆུང་ཆུང་ཞིག་གློ་བུར་དུ་ཤི་བ་དང་སེམས་ཁམས་ཧ་ཅང་སྐྱོ་བའི་གནས་སུ་ལུས་ཡོད་པས།“ཚིག་རྩུབ་སྨྲ་བ”ནི་གཡོལ་ཐབས་མེད་པ་ཞིག་ཏུ་གྱུར་སོང་བ་ལས་མ་འདས། དེ་ལྟར“རང་སར་གཞན་འཇོག”ཐེངས་གཅིག་བྱས་པའི་རྗེས་སུ་ཤའོ་རའེ་ཡིས་གུ་ཡངས་པོའི་སྒོ་ནས་མའེ་ཧྥུའུ་ལ་བཟོད་སྒོམ་བྱས་པས་རོགས་པ་ཆུང་ཆུང་གཉིས་དབར་གྱི་མཛའ་བརྩེའི་མདུད་པ་དེ་སྔར་ལས་ཀྱང་ཇེ་དམ་ནས་ཇེ་དམ་དུ་གྱུར།

བཙན་ཤེད་མཆིལ་མ་ལྟར་འདོར་བ།

བྱིས་པར“གཤིས་བཟང་སློབ་གསོ”གཏོང་སྐབས། འཇར་མན་པས་ད་དུང“ལྡོག་ཕྱོགས་ཀྱི་སློབ་གསོའི”ནུས་པར་མཐོང་ཆེན་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད་པ་རེད། སློབ་གྲྭ་ཆུང་འབྲིང་གི་སློབ་རའི་ནང་དུ་བྱུང་བའི་བཙན་པོས་གཉོམ་ཆུང་ལ་བརྙས་བཅོས་བྱེད་པའི“བཙན་བདག་ཆུང་ཆུང”དག་ལ་སློབ་གྲྭའི་ཕྱོགས་ནས་ངོ་རྒོལ་བྱེད་པའི་རྣམ་འགྱུར་ཧ་ཅང་མངོན་གསལ་རེད། ཤེས་རྟོགས་བྱུང་བ་ལྟར་ན། སྐྱོན་ཐོ་འགོད་ཐེངས་གཉིས་བྱས་ཀྱང་སྔར་བཞིན་འགྱོད་བཤགས་བྱེད་འདོད་མེད་པའི“བཙན་བདག་ཆུང་ཆུང”ལ་སློབ་གྲྭའི་ཕྱོགས་ཀྱིས་འཕྲལ་མར་ཕྱིར་ཕུད་བཏང་ནས་ཐག་གཅོད་བྱེད་པ་དང་། དེའི་རྗེས་སུ་སླར་ཡང“གཞོན་ནུར་དོ་དམ་སློབ་གཅུན་སྡེ་ཚན”གྱིས་དོ་དམ་སློབ་གཅུན་བྱེད་པ་རེད།

གློག་བརྙན་དང་བརྙན་འཕྲིན་ལེ་ཚན་གྱི་ཁྲོད་ནས་ཡང་ཡང་ཐོན་པའི་དྲག་ཤུགས་ཅན་གྱི་བརྙན་རིས་ལ་དགེ་རྒན་དང་ཕ་མ་སུ་ཞིག་ཡིན་རུང་ཚང་མས་བྱིས་པར“དགག་སྒྲུབ”ཀྱི་ལྟ་སྟངས་ལ་བརྟེན་ནས་ཞིབ་ལྟ་དང་ཁྲིད་སྟོན་བྱ་རྒྱུར་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད།

འཇར་མན་གྱིས་བཟོས་པའི་མཚོན་ཆའི་སྤུས་ལེགས་པ་འཛམ་གླིང་གི་སྒང་ན་མིང་གྲགས་ཆེ། འོན་ཀྱང་འཇར་མན་གྱི་མིས་རྩེད་ཆས་ཚོང་ཁང་གིས་ཚན་རྩལ་མཐོ་བའི་དྲག་ཤུགས་རྩེད་ཆས་གསར་འདོན་བྱེད་པར་མོས་མཐུན་གཏན་ནས་མི་བྱེད་ལ། བྱིས་པས(ལྷག་པར་ཞི་ལུ)མེ་སྒྱོགས་དང་ཐན་ཁེ་སོགས་ཀྱི་རྩེད་མོ་རྩེ་བར་རྒྱབ་སྐྱོར་གཏན་ནས་མི་བྱེད། རྒྱུ་མཚན་ནི། འཇར་མན་གྱི་ཞིབ་འཇུག་པས་བདེན་དཔང་མང་པོ་ཞིག་རྙེད་པ་ལྟར་ན། ཆུང་དུས་རྒྱུན་དུ་རྩེད་ཆས་ཀྱིས“མི་གསོད་པར་ལད་ཟློས”བྱས་ན། ནར་སོན་རྗེས་ཞི་བདེའི་འཆམ་མཐུན་ཅན་གྱི་མི་ཞིག་ཆགས་པར་ཁག་ཐེག་བྱེད་མི་ཐུབ། རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་མི་ཁ་ཤས་ཀྱིས་ཀྱང་འཇར་མན་གྱི་ཞི་ལུ་རྣམས་རྩེད་ཆས་མེ་སྒྱོགས་མེ་མདའ་དང་རིང་དུ་གྱེས་པར་བྱེད་པ་ནི“བློ་གྲོས”ལྡན་པའི་བྱེད་ཐབས་ཤིག་རེད་ཅེས་བསྟན་ཡོད་ཅིང་། གཅིག་བྱས་ན་འཇར་མན་ལོ་རྒྱུས་ཀྱི་རྐང་རྗེས་ནང་བསྐྱར་དུ་འགྲོ་བའི་ཉེན་ཁ་ཟློག་པར་ཡང་ཕན་སྲིད་པར་སྙམ་གྱིན་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།