ཀྲུང་གོ་བོད་ཀྱི་དྲ་བ།

ཐའོ་ཞིན་ཀྲིའི་དགེ་རྒན་གླེང་ཚུལ་ལ་བལྟ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཀླུ་རྒྱལ་ཚེ་རིང་།   སྤེལ་དུས། : 2021-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རང་རྒྱལ་གྱི་སློབ་གསོ་མཁས་ཅན་ཐའོ་ཞིན་ཀྲི་ལགས་ཀྱིས་དགེ་རྒན་ཚད་ལྡན་ཞིག་ཇི་ལྟར་བྱ་རྒྱུའི་ཐད་ལ་གསུང་གླེང་མང་དུ་མཛད་ཡོད་པ་མདོར་དྲིལ་ན་ཕལ་ཆེར་ཕྱོགས་དྲུག་ཏུ་འདུ་སྙམ་སྟེ།

དང་པོ། ཕུགས་འདུན་ཟབ་མོ་དང་སྟོབས་ཤུགས་རྩལ་སྤྲུགས་ཀྱི་སྙིང་སྟོབས་དགོས།

སྤྱི་ལོ1931ལོར། ཐའོ་ཞིན་ཀྲིས་ཟླ་རེའི་དུས་དེབ《དགེ་འོས་སློབ་མ》ཞེས་པར་བཀོད་པའི་རྩོམ་ཡིག་ཅིག་ཏུ་སློབ་གསོའི་ངོ་བོ་ནི་མི་ལ་འགྱུར་བ་གཏོང་རྒྱུ་དེ་ཡིན་པར་གསུངས་ཤིང་། མི་ཡག་པོར་བསྒྱུར་བ་ནི་སློབ་གསོ་བཟང་པོ་དང་། མི་ངན་པར་བསྒྱུར་བ་ནི་སློབ་གསོ་ངན་པ་དང་། སློབ་མ་དགེ་རྒན་དུ་བསྒྱུར་བ་ནི་དགེ་འོས་སློབ་གསོ་ཡིན་པ་བཅས་བསྟན། ཁོང་གིས་དགེ་འོས་སློབ་མ་ནི་སྤྲེའུ་རྒྱལ་ཝུའུ་ཁུང་དང་འདྲ་བར“དམིགས་ཡུལ་ཡོད་པ་དང་།ཕུགས་དོན་བསམ་པ། ཕུགས་བསམ་ཡོད་པ”བཅས་ཀྱི་མི་ཞིག་བྱ་དགོས་པའི་རེ་བ་བྱེད་ཀྱི་ཡོད། ཐའོ་ཞིན་ཀྲི་ལགས་ཀྱི“དམར་ཆུང་སེམས་པ་སློབ་གསོར་འབུལ། ། རང་ཁེ་རང་དོན་སྐྱོང་མི་བྱ། །”ཞེས་པའི་གསུང་ཚིག་གྲགས་ཅན་དེ་ནི་ཀུན་ལ་རྒྱུས་མངའ་ཆེ་བ་ཞིག་ཡིན། ཁོང་ལ་ད་དུང“གལ་ཏེ་རྒྱལ་ཡོངས་ཀྱི་དགེ་རྒན་ཚང་མར་སྟོབས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས།ནམ་འཚོའི་བར་དུ་ཞབས་ཞུར་བརྩོན་པའི་ཆོད་སེམས་ཡོད་ན། ང་ཚོའི་མི་རིགས་ལ་རླབས་ཆེ་བའི་ཚེ་སྲོག་གསར་པ་ཞིག་གསར་སྐྲུན་བྱེད་ཐུབ་ངེས་ཡིན་པར”ཡིད་ཆེས་བརྟན་པོས་ཁེངས་ནས་ཡོད།

གཉིས་པ། སྲོལ་རྒྱུན་གྱི་འདུ་ཤེས་བསྒྱུར་དགོས།

སྤྱི་ལོ1919ལོར། ཐའོ་ཞིན་ཀྲི་ཡིས《སློབ་ཁྲིད་གཅིག་གྱུར》ཞེས་པ་རུ། མི་མང་པོ་ཞིག་གིས་དགེ་རྒན་གྱི་ལས་འགན་ནི་དཔེ་ཁྲིད་བྱ་རྒྱུ་སྟེ། སློབ་མར་དཔེ་ཀློག་བྱེད་དུ་འཇུག་པ་དེ་ཁོ་ན་ཡིན་པར་འདོད། དེ་ལྟར་བྱས་པའི་མཐའ་འབྲས་སུ་སྤྱང་གྲུང་འཛོམས་པའི་ཕྲུ་གུ་དག“དཔེ་སྒྲོམ”དང“ཤོག་ཕོར”ལྟ་བུའི་ཚད་དུ་བཞག་འདུག དེར་བརྟེན་ཁོང་གིས་དགེ་རྒན་རྣམས་ལ་བཏོན་པའི་འགན་འཁྲི་ནི་སློབ་མར་དཔེ་དེབ་ཁོ་ན་ཁྲིད་པ་མ་ཡིན་པར་སློབ་སྦྱོང་ཇི་ལྟར་བྱེད་དགོས་པ་སློབ་རྒྱུ་དེ་རེད།དེ་འདྲ་བྱས་ན་སློབ་མ་རྣམས་ཀྱི་གཞན་དབང་བཙན་ཚུགས་ཀྱིས་བློ་སྐྱོར་བྱེད་པ་དེ་རང་འགུལ་ལྷོད་གཡེང་གི་སློབ་སྦྱོང་ཞིག་ཏུ་འགྱུར་ཐུབ་ངེས་རེད། ད་དུང་ཁོང་གིས་དགེ་སློབ་འདྲ་མཉམ་དར་སྤེལ་དང་།“དགེ་རྒན་བཙན་པོ་ལས་སློབ་མ་ཕུལ་བྱུང་འབྱུང”ཞེས་པའི་འདུ་ཤེས་རྙིང་པར་ངོ་རྒོལ་བྱས་པར་མ་ཟད།དགེ་རྒན་ཞིག་གི་ངོས་ནས། རང་ཉིད་ཀྱི་ཚེ་སྲོག་སློབ་མའི་ཚེ་སྲོག་དང་མཉམ་བསྲེས་བརྒྱུད་སློབ་མ་ཚོ་དང་བདེ་སྡུག་མཉམ་མྱོང་བྱས་ཚེ་གཞི་ནས་དགེ་རྒན་གྱི་འགན་འཁྲི་ཡག་པོ་ཁུར་ཐུབ་པའི་ངོས་འཛིན་གནང་གིན་ཡོད།

གསུམ་པ། སློབ་སྦྱོང་ལ་དགའ་དགོས།

ཐའོ་ཞིན་ཀྲི་ལགས་ཀྱིས་གསུང་རྒྱུར།“མི་ལ་ལར་ལོ་འགའི་རིང་དགེ་རྒན་བྱས་རྗེས་ངལ་དུབ་ཀྱི་སྣང་བ་འབྱུང་། དེར་རྒྱུ་མཚན་ཤིན་ཏུ་མང་ན་ཡང་། གཙོ་བོ་ནི་སློབ་སྦྱོང་ལེགས་པོ་མ་བྱས་པའི་རྐྱེན་གྱིས་རེད། དེ་ཡང་ཉིན་རྒྱུན་གླུ་གར་གྱི་རྩེད་འཇོ་ལ་རོལ་བ་སོགས་རྣམ་གཡེང་གི་ལས་འབའ་ཞིག་གིས་དུས་འདས་ན་ངལ་དུབ་རང་བཞིན་གྱིས་འབྱུང་བ་རེད། སློབ་སྦྱོང་བྱེད་དུས་སུན་སྣང་མེད་པའི་མི་ཞིག་ཡིན་ན་གཞི་ནས་སློབ་ཁྲིད་བྱེད་དུས་ཁེངས་སེམས་མེད་པ་ཞིག་ཏུ་ཆགས་འགྲོ། དགེ་རྒན་ཞིག་བྱ་བསམས་ན་ལས་གནས་སུ་ཡུན་རིང་དུ་སྡོད་དགོས་ཤིང་།ངེས་པར་དུ་ཁོ་ཚོར་ཕྱོགས་གཅིག་ནས་སློབ་ཁྲིད་དང་ཕྱོགས་གཞན་ཞིག་ནས་སློབ་སྦྱོང་བྱེད་པའི་གོ་སྐབས་སྤྲོད་དགོས་པར་མ་ཟད། ནམ་འཚོའི་བར་དུ་ཁྲིད་པ་དང་། ནམ་འཚོའི་བར་དུ་སློབ་པ་དགོས། ད་དུང“སློབ་སྦྱོང་ལ་དགའ་བ་ནི་འགོས་ནད་དང་འདྲ་སྟེ། མི་ཞིག་སློབ་སྦྱོང་ལ་དགའ་བ་ཡིན་ན། མཐའ་འཁོར་གྱི་མི་མང་པོ་ཞིག་སློབ་སྦྱོང་ལ་དགའ་བར་འགྱུར་སྲིད། ལས་གནས་ཀྱི་ཐད་ནས་གླེང་ན། སློབ་སྦྱོང་ལ་མཁས་པའི་དགེ་རྒན་ནི་གལ་ཆེ་ཤོས་རེད། སློབ་སྦྱོང་ལ་མཁས་པའི་སློབ་མ་འབྱུང་དགོས་ན་ངེས་པར་དུ་སློབ་སྦྱོང་ལ་མཁས་པའི་དགེ་རྒན་བཞུགས་དགོས། ཡང་བཤད་སྟངས་བརྗེས་ཏེ་གླེང་ན།སློབ་མ་རྣམས་སློབ་སྦྱོང་ལ་དགའ་དགོས་ན། ངེས་པར་དུ་དགེ་རྒན་རྣམས་སློབ་སྦྱོང་ལ་མཁས་དགོས། སློབ་སྦྱོང་བྱེད་པར་སུན་སྣང་མེད་པའི་དགེ་རྒན་གྱིས་ད་གཟོད་སློབ་སྦྱོང་བྱེད་དུས་སུན་སྣང་མེད་པར་སློབ་མ་སྐྱོང་ཐུབ།

ཁོང་གིས་དགེ་རྒན་ཞིག་ལ་མཚོན་ན། ཉིན་ལྟར་སློབ་སྦྱོང་བྱས་ཚེ་གཞི་ནས་སློབ་ཁྲིད་ཀྱི་སྤྲོ་སྣང་ལོངས་སུ་སྤྱོད་ཐུབ་པ་དང་། དགེ་རྒན་ལེགས་པོ་ཞིག་ཡིན་ན་ཕྱོགས་གཅིག་ནས་སློབ་མར་མཛུབ་སྟོན་དང་། ཕྱོགས་གཞན་ཞིག་ནས་རིག་གཞུང་ལ་ཞིབ་འཇུག་བྱ་དགོས་པར་གསུངས།

བཞི་པ། བྱིས་པ་དང་གྲོགས་པོ་བསྒྲིག་དགོས།

ཐའོ་ཞིན་ཀྲི་ལགས་ཀྱིས་མི་ཞིག་གིས་བྱིས་པའི་སེམས་ཁམས་དང་། བྱིས་པའི་དཀའ་ངལ། བྱིས་པའི་རེ་འདུན། བྱིས་པའི་གཤིས་ཀ་དང་བྱིས་པའི་གནད་དོན་མ་ཤེས་ན། བྱིས་པ་ཚོར་སློབ་ཁྲིད་བཟང་པོ་ཞིག་གནང་མི་ཐུབ་སྙམ། ཐ་ན་བྱིས་པའི་དཔེར་ཐང་སིན་བླ་མ་བཀོད་ནས། དགེ་འོས་སློབ་མས་སྤྲེའུ་རྒྱལ་ཝུའུ་ཁུང་ལ་སློབ་སྦྱོང་བྱས་ཏེ།“གྲོགས་པོ་ཆུང་ཆུང་ཚོ་དགེ་རྒན་ལ་བསྟེན་པ”དང་།གྲོགས་པོ་ཆུང་ཆུང་ཚོའི་མཛུབ་སྟོན་འོག“མི་བཅའ་ཚུལ་སློབ་དགོས་པ”ཡི་འབོད་སྐུལ་བཏང་།

ཁོང་གིས་ད་དུང“གལ་ཏེ་ཁྱེད་ཀྱིས་སློབ་མར་ཁེངས་སྐྱུང་གིས་བཀའ་འདྲི་བྱེད་མ་ཐུབ་ན། ཁྱེད་ཀྱིས་ཁོའི་ཁོར་ཡུག་དང་། ནུས་པ། དགོས་མཁོ་སོགས་རྒྱུས་ལོན་བྱེད་མི་ཐུབ་པས་ན་ཁྱེད་ལ་ནུས་པ་ཅི་འདྲ་ཡོད་ཀྱང་ཁོ་ཚོར་སློབ་གསོ་གནད་སྨིན་ཞིག་གཏོང་མི་ཐུབ།”ཐའོ་ཞིན་ཀྲི་ལགས་ཀྱིས་སློབ་མར་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་།རང་ཉིད་ཀྱི་ལོ་ན་བརྗེད་པར་བྱས་ནས་ཕྲུ་གུའི་དཔུང་ཁག་ནང་ཞུགས་ཏེ་ཕྲུ་གུ་འཁྲུལ་མེད་ཅིག་ཏུ་འགྱུར་བ་བྱེད་དགོས་པའི་འདོད་ཚུལ་འཛིན་གྱིན་ཡོད། འདི་ལྟར་བྱས་ན། བསམ་ཡུལ་ལས་འདས་པའི་བྱས་འབྲས་ངོ་མཚར་ཅན་ཐོན་སྲིད་པ་སྟེ། དགེ་སློབ་ཚོ་མྱུར་བར་གྲོགས་པོར་འགྱུར་ཞིང་།སློབ་གྲྭ་མྱུར་དུ་སྤྲོ་སྐྱིད་གླིང་དུ་འགྱུར་ངེས་པ་དང་། ཁྱེད་ལ་འཕྲལ་མར་བྱིས་པ་དང་ན་མཉམ་གྱི་ཚོར་སྣང་སྐྱེས་ཤིང་། མཉམ་དུ་རྩེད་འཇོར་རོལ། གནས་གཅིག་ཏུ་ལས་ཀ་བྱེད་པ་སོགས……།” སུ་ཞིག་ལ་ཡང་ཁྱེད་ཉིད་དགེ་རྒན་ཡིན་སྙམ་པའི་ཚོར་སྣང་མེད་པའི་དུས་སུ། ཁྱེད་ཉིད་དགེ་རྒན་རྣལ་མ་ཞིག་ཏུ་གྱུར་ཡོད་དོ། །

ལྔ་པ། ཕམ་ཁར་མི་སྐྲག་པའི་ཚོད་ལྟའི་སྙིང་སྟོབས་ཡོད་དགོས།

ཐའོ་ཞིན་ཀྲི་ལགས་ཏུའུ་ཝེ་ཡི་སློབ་མ་ཞིག་ཡིན་པའི་ཆ་ནས། ཚོད་ལྟ་རིང་ལུགས་ཀྱི་འདོད་ཚུལ་འཛིན་པར་མོས། ཁོང་གིས་ཚོད་ལྟ་ནི་གསར་གཏོད་ཀྱི་མཚོན་ཆ་རྣོན་པོ་ཞིག་ཡིན་པ་དང་། ཉེ་རབས་ཀྱི་གསར་གཏོད་དང་གསར་སྐྲུན་ཚང་མ་ཚོད་ལྟ་ལས་བྱུང་བ་དང་སློབ་གསོ་ཡང་དེ་དང་འདྲ་བ་ཞིག་ཡིན་པའི་ངོས་འཛིན་བྱེད། རྙིང་དོར་གསར་འཛུགས་དང་སློབ་གསོ་ལེགས་བཅོས་བྱ་དགོས་ན་ཚོད་ལྟ་དང་ཁ་འབྲལ་ཐབས་མེད་ལ།ཚོད་ལྟའི་བརྒྱུད་རིམ་དུ་ཕམ་ཁ་ཡང་འབྱུང་སྲིད།

དེར་བརྟེན། ཁོང་གིས“སློབ་གསོ་སྲིད་འཛིན་ལས་ཁུངས་ཀྱིས་ཀྲུང་དབྱང་ནས་སློབ་གཙོའི་བར་དུ། དགེ་རྒན་ལ་ཚོད་ལྟའམ་དཔེ་དེབ་འདེམ་པའི་རང་དབང་སྟེར་དགོས་པ”ཡི་རེ་བ་བཏོན། འོན་ཀྱང“ད་ལྟ་སྲིད་འཛིན་ཐད་ཀྱི་འཕེལ་ཕྱོགས་ནི་གཅིག་གྱུར་ཡིན་དྲགས་པ་དང་། དམ་དྲགས་པ་ཞིག་རེད། གལ་ཏེ་ཕྱོགས་དང་ལམ་ཁ་བསྒྱུར་བཅོས་མ་ཡོང་ན།དོན་དམ་པའི་གསར་སྐྲུན་ནི་འབྱུང་དཀའ་འོ། །”

ཁོང་གིས་སྔོན་ཆད་ཀྱི“འཆར་ལྡན་དཔལ་འབྱོར”ཞེས་པའི་བཤད་སྟངས་དེ་སྤྱད་ནས་དེང་སྐབས་ཀྱི་སློབ་གསོ་ནི“འཆར་ལྡན་སློབ་གསོ”ཡིན་པར་བཤད་མྱོང་། “གཅིག་གྱུར་ཆེན་པོ”ཡི་འཆར་ལྡན་དོ་དམ་ལམ་ལུགས་ཀྱིས་དགེ་རྒན་ལ་གདམ་ག་དང་ཚོད་ལྟའི་དབང་ཆ་མེད་པར་མ་ཟད། སློབ་མ་གསོ་སྐྱོང་དེ་མི་བརྒྱ་གདོང་གཅིག་གི་ཚད་གཞི་ཅན་གྱི་ལག་ཆ་ཞིག་ཏུའང་འགྱུར་སྲིད། ཡིན་ནའང་ད་ལྟའི་བར་དུ་དུས་རབས་གོང་མའི་ལོ་རབས50པའི་དུས་མགོའི་འཆར་ལྡན་སློབ་གསོའི་དོ་དམ་སྒྲིག་སྲོལ་དེར་ད་དུང་འགྱུར་ལྡོག་ཆེན་པོ་བྱུང་མེད་པ་རེད། འདི་ནི་མིག་སྔའི་བཅོས་སྒྱུར་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་དང་འགལ་ནས་ཡོད་པ་ཞིག་ཡིན་པར་གསུངས།

དྲུག་པ། དྲང་གཏམ་བཤད་པ་ལས་རྫུན་གཏམ་མི་བཤད་པ་ཞིག་དགོས།

ཐའོ་ཞིན་ཀྲི་ལགས་ཀྱིས་དགེ་རྒན་གྱི་འགན་འཁྲི་ནི“བརྒྱ་ཁྲིད་སྟོང་ཁྲིད་བདེན་པ་འཚོལ་ཕྱིར་ཁྲིད”ཅེས་དང་། སློབ་མའི་འགན་འཁྲི་ནི“བརྒྱ་སློབ་སྟོང་སློབ་ཡ་རབས་ཆེད་དུ་སློབ”ཅེས་གསལ་བར་བསྟན་ཅིང་། ཁོང་གིས་དགེ་རྒན་གྱི་འགན་འཁྲི་ནི་དཔེ་ཁྲིད་ཁོ་ན་མིན་པར་གཙོ་བོ་སློབ་མ་ཚོར་མི་ཚུལ་ལྡན་ཞིག་བྱེད་ཚུལ་སློབ་རྒྱུ་དེ་ཡིན་པར་གསུངས། དོན་དེར་གཞིགས་ནས་ཁོང་གིས་དགེ་རྒན་ལ་ངེས་པར་དུ་སྤུས་ཚད་རིགས་གཉིས་འཛོམས་དགོས་པའི་རེ་བ་བཏོན་གནང་མཛད་པ་སྟེ།གཅིག་ནི་ལྟ་བ་ཡང་དག་ཅིང་ཕྱོགས་རིས་མེད་པ་དང་། གཉིས་ནི་སྐད་ཆ་དྲང་མོ་བཤད་ཕོད་དགོས་པ་ལས་རྫུན་གཏམ་མི་བཤད་པ་ཡིན་ལ། འདི་ལྟར་ཡོང་ན་ད་གཟོད་དགེ་རྒན་ལེགས་པོ་ཞིག་ཏུ་བརྩི་ཆོག་པར་གདམས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།