འཛིན་བདག་གི་བྱ་བའི་མྱོང་ཚོར་མདོར་ཙམ་གླེང་བ།

དང་པོ། དམའ་གཅིག་སྐབས་སུ“དམ་འཛིན”བྱེད་དགོས་པ་ལྔ།

འདིར་བཤད་པའི“དམ་འཛིན”ནི་སློབ་མར་ཉེས་རྡུང་དང་གཤེ་གཤེ་གཏོང་བ་མིན་པར། དམའ་གཅིག་གི་འཛིན་བདག་ཅིག་ཡིན་པའི་ཆ་ནས་ཧ་ཅང་གཟབ་ནན་དང་རང་དཔེ་གཞན་སྟོན་གྱིས་བསྒྲུབ་དགོས་པའི་བླང་བྱ་ལྔ་ལྷག་བཏོན་པ་དེ་ཡིན། ལྷག་པར་དུ་སློབ་གསེང་སྐབས་ངེས་པར་དུ་འཛིན་གྲྭའི་ནང་ཞུགས་ནས་སློབ་མར་དོ་དམ་ཡག་པོ་བྱེད་པ་དང་སློབ་སྦྱོང་ལ་སྐུལ་མ་མང་དུ་གཏོང་དགོས། འདི་ནི་གལ་འགངས་ཧ་ཅང་ཆེ་བའི་གནད་འགག་ཅིག་ཡིན་ལ། རྒྱལ་ཕམ་གྱི་སྲོག་ཤིང་ཡང་ཡིན་པས། མགོ་ཡག་པོ་ཞིག་བརྩམ་རྒྱུ་ནི་ལེགས་འགྲུབ་འབྱུང་བའི་རྨང་གཞི་ཡིན་པའི་གནད་དེ་ཤེས་དགོས།

1. དམའ་གཅིག་གི་སློབ་མ་གསར་པ་དག་ནི་ཁྱད་མཚར་དང་རང་རློམ་གྱིས་སློབ་འབྲིང་ནང་དུ་ཡོང་བ་ཡིན་པས། ཆ་མེད་རྒྱུས་མེད་ཀྱི་ཁོར་ཡུག་གསར་པ་ཞིག་དང་སློབ་སྦྱོང་གི་འགན་ཁུར་གསར་པ་ཞིག མིའི་བར་གྱི་འབྲེལ་འདྲིས་གསར་པ་ཞིག་དང་དུ་ལེན་དགོས་པར་མ་ཟད། དེ་དག་གི་སྟེང་དུ་བསླབ་ཚན་ཇེ་མང་དུ་གྱུར་པ་དང་སློབ་དེབ་ཇེ་མཐུག་ཏུ་གྱུར་པ། ལས་བྱའི་ཚད་གཞི་ཇེ་མཐོར་སོང་བ། ད་དུང་བསླབ་བྱ་ཚང་མར་བླང་བྱ་ཅུང་མཐོན་པོ་ཡོད་པ་བཅས་ཀྱི་དབང་གིས། ཚོར་བ་གསར་པ་དེ་མགྱོགས་མྱུར་ངང“སློབ་སྦྱོང་གི་གནོན་ཤུགས”ཀྱིས་ཚབ་བྱེད་པ་དང་། ཁྲ་ཁྲ་རིག་རིག་གི་མཐོང་ལམ་ནས་ཅི་བྱ་གཏོལ་མེད་དུ་འགྱུར་སྲིད་པ་རེད།

དེ་བས། བདག་གིས་རྒྱུན་པར་སློབ་མར་ཁ་ཏ་སློབ་གསོ་གཏོང་དགོས་པའི་སྐོར་གྱི་བླང་བྱ་འགའ་གཏན་ལ་ཕབ་ཡོད་དེ། (གཅིག)སློབ་མར་སློབ་འབྲིང་དུས་རིམ་གྱི་སློབ་སྦྱོང་གི་ཁྱད་ཆོས་དང་བྱེད་ཐབས་རྣམས་གང་འདོད་དང་བག་གཡེང་བྱེད་མི་རུང་བ་དང་། སྤྱང་གྲུང་ཁོ་ན་ལ་བརྟེན་ན་གཏན་ནས་མི་འགྲིག་པ་ཤེས་སུ་འཇུག་དགོས། (གཉིས)ཚན་རིག་དང་ལུགས་མཐུན་སྒོས་སློབ་སྦྱོང་བྱེད་ཐབས་བཀོད་སྒྲིག་བྱེད་པ་དང་། ལྷག་པར་དུ་བསླབ་ཚན་མི་འདྲ་བ་སོ་སོའི་སློབ་སྦྱོང་གི་ཁྱད་ཆོས་ངེས་དགོས་ཏེ། དཔེར་ན། རྒྱའི་གནའ་རྩོམ་གྱི་འགྱུར་ཡིག་བློར་འཛིན་པ་དང་རྩིས་རིག་གི་འདྲི་གཞི་འགྲོལ་ཐབས་རྣམ་པ་སྣ་ཚོགས་པ། དབྱིན་ཡིག་གི་ཉན་ནུས་དང་ལྟ་ཀློག་དབྱེ་ཞིབ་ཀྱི་སྦྱོང་བརྡར་ལྟ་བུའོ། ། (གསུམ) རྒྱུགས་འབྲས་དང་སྐར་གྲངས་ལ་མཐོང་ཆེན་དེ་འདྲ་བྱེད་མི་རུང་བ་དང་། རྒྱུགས་ཤོག་མི་འདྲ་བའི་སྐར་གྲངས་བསྡུར་ཐབས་མེད་པ་སྟེ། སྐབས་འགར་རྒྱུགས་འབྲས་ཡག་པོ་ཞིག་མ་བླངས་ནའང་རང་རྟོན་གྱི་བསམ་པར་གནོན་ཤུགས་ཐེབས་མི་རུང་། དེ་བས་རྒྱུན་པར་སློབ་མར་སྐུལ་མ་དང་རྒྱུགས་འབྲས་ཞན་པའི་རྒྱུ་རྐྱེན་ལ་སོགས་པར་དབྱེ་ཞིབ་བྱེད་རོགས་བྱས་ན། སློབ་སྦྱོང་དང་རྒྱུགས་གཞིའི་ཁྲོད་ཀྱི་སྐྱོན་ཆ་ཤེས་རྟོགས་བྱེད་པར་ཕན་པ་ཧ་ཅང་ཆེ།

2. སློབ་གྲོགས་བར་འབྲེལ་འདྲིས་བྱེད་ཤེས་རྒྱུ་དེ་ནི་ཧ་ཅང་གལ་ཆེན་ཞིག་ཡིན། སློབ་མར“བཟོད་སྒོམ་དང་རོགས་རེས། འབྲེལ་འདྲིས”བཅས་ལ་བརྟེན་ནས་སློབ་གྲོགས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་བའི་སློབ་གསོ་རྒྱུན་འཁྱོངས་བྱེད་དགོས་པ་དང་། མཉམ་ལས་ཀྱི་འདུ་ཤེས་གསོ་སྐྱོང་དང་ཚོགས་པའི་སྙིང་སྟོབས་གསར་འཛུགས་བྱས་ཏེ། སློབ་མ་མང་ཆེ་བར་སེམས་ཁམས་བདེ་ཐང་དང་ཆེ་བཀུར་ཆུང་བྱམས། ཕན་ཚུན་འབྲེལ་འདྲིས་བཅས་ཀྱི་གོམས་གཤིས་ཡག་པོ་ཆགས་དགོས།

3. ཚང་མས་རང་ཉིད་ཀྱི་སྣང་བརྙན་ལ་དང་དོད་བྱེད་དགོས་པ་སྟེ། ཁ་བཤད་དོན་གནས། ཕྱི་ནང་ཀུན་མཐུན། འགྲོགས་བདེ་གཤིབ་བདེ་བྱེད་དགོས་པའི་བླང་བྱ་ནན་མོ་བཏོན་ནས། འཛིན་གྲྭའི་མཚན་སྙན་ལ་གནོད་པའི་བྱ་བ་ཅི་དང་གང་ཡང་བྱས་མི་ཆོག

4. དོན་དག་ལ་འཕྲད་ཚེ་ཐོག་མར་དགེ་རྒན་དང་ཁྱིམ་བདག་བཙལ་དགོས་པ་ལས། རང་དགར་མི་གཞན་འཚོལ་བ་གཏན་ནས་བྱེད་མི་རུང་། དེ་ལྟར་བྱས་པའི་མཇུག་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པས། སློབ་གྲྭ་ཁ་ཤས་སུ་སྔོན་ཆད་བྱུང་བའི་འབྲེལ་ཡོད་དཔེ་མཚོན་མང་དུ་གླེང་ནས་སློབ་མ་ཚང་མར་སློབ་གསོ་ནན་དུ་གཏོང་དགོས།

5. འཐུས་སྒོ་ཚང་བའི་འཛིན་གྲྭའི་དོ་དམ་ལམ་ལུགས་འཛུགས་དགོས།

(གཅིག)སྔོན་བྱུང་གཏམ་དུ། “མི་ལ་འགྲོ་ལུགས་དང་བྱ་ལ་འཕུར་ལུགས”ཞེས་པའི་དཔེ་ལྟར། ཚན་རིག་དང་ལྡན་པའི་སྒོ་ནས་འཛིན་གྲྭའི་དཔྱད་བསྡུར་ལམ་ལུགས་གཏན་འབེབས་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། སློབ་སྦྱོང་དང་སྒྲིག་ལམ། འཕྲོད་བསྟེན། ལས་བྱ། སློབ་ཞུགས། མི་བཟང་དོན་བཟང་སོགས་ཀྱི་ཐད་ནས་སློབ་མའི་བྱ་སྤྱོད་ལ་ཚད་འཇལ་དཔྱད་བསྡུར་བྱེད་པ་དང་། སློབ་མའི་དཔྱད་བསྡུར་བྱས་འབྲས་ཟླ་ཕྱེད་རེར་ཕྱོགས་སྡོམ་བྱས་ནས་དུས་ཐོག་ཏུ་སྤྱི་སྒྲོག་བྱ་དགོས། རྣམ་འགྱུར་མི་ལེགས་པའི་སློབ་མར་བབ་མཚུངས་ཀྱི་བྱེད་ཐབས་སྤྱད་དེ་ངོ་ཚ་སྐྱེ་ཞིང་འགྱོད་པ་ཆེ་བའི་ངང་ནས་ནོར་འཁྲུལ་ཡོ་བསྲང་བྱེད་དུ་འཇུག་དགོས།

(གཉིས) སྐྱོར་དཔོན་གྱི་འགན་འཁུར་ལམ་ལུགས་དང་བྱ་དགའ་ཆད་གཅོད་ལམ་ལུགས་ལག་བསྟར་བྱེད་དགོས། ལག་བསྟར་བྱེད་པའི་གོ་རིམ་ཁྲོད་དུ“ལམ་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན”དགོས་པ་དང་། གནས་ཚུལ་དངོས་དང་མཐུན་པའི་སྒོ་ནས་སློབ་མ་རེ་རེར་གདེང་འཇོག་བྱ་དགོས།

གཉིས་པ། དམའ་གཉིས་སྐབས“སྲ་མཉེན”ཟུང་འབྲེལ་གྱིས་དོ་དམ་བྱེད་དགོས།

1. འགན་འཁྲིའི་སེམས།

འཛིན་བདག་གི་འགན་འཁྲི་ནི་རང་ཉིད་ཀྱི་གོ་བ་ལྟར་གླེང་ན། སློབ་མ་རེ་རེར་འགན་ཁུར་པ་སྟེ། སློབ་མར་འགན་ཁུར་པ་ཡིན་ན་སློབ་གྲྭར་འགན་ཁུར་པ་ཡིན་ལ། སློབ་གསོར་འགན་ཁུར་པ་དང་སྤྱི་ཚོགས་ལ་འགན་ཁུར་པའང་ཡིན། འགན་འཁྲིའི་སེམས་པ་འདིས་ང་ལ་རྒྱུན་པར་ཁྱིམ་བདག་དང་འབྲེལ་འདྲིས་བྱེད་དུ་བཅུག་པ་དང་། གནད་དོན་ཐག་གཅོད་བྱེད་ཐབས་སྣ་ཚོགས་ཁོང་དུ་ཆུད་པར་བྱེད་པ་རེད། ཐབས་ལམ་འདི་སྤྱོད་སྐབས་སུ། གལ་ཏེ་དགོས་པ་ཡོད་ཚེ་སློབ་ཁང་གི་སློབ་ཁྲིད་ཁྲོད་དཔེ་མཚོན་དུ་འཇོག་དགོས་པ་ཡིན། འདི་ལྟར་བྱས་ན་སློབ་མས་ནོར་འཁྲུལ་དང་ཡང་དག་གི་ངོས་འཛིན་ལ་མཐོང་ཆེན་བྱེད་ཤེས།

2. བརྩེ་སེམས།

“བརྩེ་སེམས་མེད་པའི་སློབ་གསོ་ནི་སློབ་གསོ་མིན”ཞེས་པ་ལྟར། འཛིན་བདག་ཅིག་ཡིན་ན་འགན་འཁྲིའི་སེམས་ཡོད་དགོས་པར་མ་ཟད། ད་དུང་བརྩེ་སེམས་ཀྱང་ཡོད་དགོས། སློབ་མ་ཡོད་ཚད་རིག་པ་མཐོ་དམན་གང་ཡིན་དང་བསམ་ཤེས་པྲ་ཆལ་ཡིན་མིན་ཇི་ལྟར་ཡང་། ཁྱིམ་ཚང་གི་ཆ་རྐྱེན་བཟང་ངན་ཅི་དང་གང་ལའང་ཁྱད་མེད་དུ་དགེ་རྒན་གྱི་བརྩེ་སེམས་ཧ་ཅང་ཆེན་པོ་ཐོབ་དགོས།

3. རྒྱུན་ལྡན་གྱི་སེམས།

ང་ཚོ་འཛིན་བདག་གིས་སློབ་གསོའི་ལས་དོན་སྒྲུབ་པའི་གོ་རིམ་ཁྲོད་དུ། དངོས་ཐོག་བདེན་འཚོལ་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ། འཕྲལ་དུ་ཁེ་སྤོགས་ཐོབ་འདོད་མི་བྱེད་པར་ཁ་རོག་གེར་ཡར་རྒྱས་བརྩོན་ལེན་བྱེད་དགོས། དེའི་མཇུག་འབྲས་ནི་ནམ་ཡང་བློ་ཡིད་ཚིམ་པ་ཞིག་ཡིན་མི་སྲིད་མོད། རྒྱུན་ལྡན་གྱི་སེམས་ཁམས་ཤིག་གིས་སློབ་གསོ་སློབ་ཁྲིད་ཀྱི་བྱ་བར་འཇུག་དགོས་པ་ཡིན། ང་ཚོས་སློབ་མ་ཚང་མར་སློབ་གསོ་ཡག་པོ་གཏོང་ཐུབ་པའི་ངེས་པ་མེད་ཀྱང་། ང་ཚོས་ལྷག་བསམ་རྣམ་དག་གིས་ཚོད་ལྟ་དང་འབད་བརྩོན་བྱས་མྱོང་བ་ཡིན་ན་བློ་འགྱོད་སྐྱེ་དགོས་པ་ཅི་ཡང་མེད།

གསུམ་པ། དམའ་གསུམ་སྐབས“རྒྱ་ཡན”དུ་གཏོང་དགོས།

རྒྱ་ཡན་དུ་གཏོང་བ་ནི་སློབ་མར་རང་སྣང་གང་ཤར་བྱེད་དུ་འཇུག་པ་མིན་པར། ཁོ་ཚོར་དགེ་རྒན་ཁོ་ནར་མི་བརྟེན་པར་རང་ཚུགས་ཀྱིས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་དེ་ཡིན། དམའ་གཅིག་དང་དམའ་གཉིས་ནི་བརྟན་ཆགས་ཀྱི་དུས་རིམ་ཞིག་ཡིན་པས། སྐབས་དེ་དུས་དོ་དམ་ལེགས་པོ་ཞིག་མ་འཁྱོངས་ན་དམའ་གསུམ་སྐབས་སུ“ཕྱོགས་བསྡུས་ནད”རྟགས་མངོན་པའི་དུས་སྐབས་སུ་འགྱུར་ངེས་ཡིན་པ་དཔེར་ན། ལྡོག་ཕྱོགས་ཀྱི་སེམས་ཁམས་དང་དུས་མ་ཡིན་པར་དགའ་རོགས་སྒྲིག་པའི་གནས་ཚུལ་སོགས་འབྱུང་བ་རེད། དེ་བས། འཇིན་བདག་གིས་ཁོ་ཚོའི་ལུས་སྟེང་གི་དགེ་སྐྱོན་གཉིས་ཀ་མཐོང་ཐུབ་དགོས་པར་མ་ཟད། ཁོ་ཚོར་རོགས་རམ་གྱིས་ལེགས་ཉེས་བླང་དོར་གྱི་ནུས་པ་སྐྱེད་སྲིང་བྱས་ཏེ། སློབ་མ་བདེ་ཐང་ངང་འཚར་ལོངས་འབྱུང་བ་ནི་འཛིན་གྲྭའི་འཆམ་མཐུན་བརྟན་འཇགས་ཀྱི་ནུས་པ་བླ་མེད་དེ་ཡིན་པ་ཤེས་དགོས།

མདོར་ན། འཛིན་བདག་ཅིག་ཡིན་པའི་ཆ་ནས“མྱུར་དགོས་པ་གཉིས”ཡོད་པ་སྟེ། རྐང་པ་མྱུར་དགོས་པ་ནི་སློབ་ཁང་དུ་མྱུར་མོར་ཐོན་དགོས། ལྷག་པར་དུ་སློབ་གསེང་གི་དུས་ཚོད་དུ་སློབ་ཁང་ནང་མང་དུ་ཐོན་ནས། སློབ་མས་རང་རྟོགས་ཀྱིས་དུས་ཚོད་བེད་སྤྱོད་ཐུབ་མིན་ལ་ཤེས་རྟོགས་གང་མང་བྱས་ཏེ་སྦྱོང་ཚན་ལེགས་འགྲུབ་ཡོང་བ་བྱེད་དགོས། ཁ་མྱུར་དགོས་པ་ནི། རྒྱུན་དུ་སློབ་གྲྭའི་སྒྲིག་ལམ་དང་སློབ་མའི་བསྲུང་བྱ། མི་གཞན་ལ་འབྲེལ་འདྲིས་བྱ་སྟངས། རྒན་བཀུར་བྱིས་སྐྱོང་ལ་སོགས་ནན་བཤད་བྱེད་དགོས་པ་སྟེ། ངས་ཉིན་རྒྱུན་དུ་སློབ་མས་ཉན་མི་ཉན་དང་གོ་མི་གོ་ཅི་ཡིན་ལ་མ་བལྟས་པར་འདིའི་ཕྱོགས་ཀྱི་སློབ་གསོ་གཏོང་གིན་ཡོད་པ་དང་། སློབ་གསོ་དེ་དག་ཀྱང་དཔེ་མཚོན་རང་བཞིན་གྱིས་ཡང་དང་འོར་གྱིས་གཏོང་གིན་ཡོད། མཇུག་མཐར། བྱིས་པ་ཚོས་ཁྱོད་ཀྱི་སློབ་གསོ་དེ་དག་ལ་ཕྱིར་རྟོག་བྱེད་ཤེས་པར་མ་ཟད། ད་དུང་སྤྱི་འགྲོས་བློར་བཟུང་བ་ནང་བཞིན་བཤད་ཐུབ་པ་རེད། འདི་ཡང་གཟུགས་མེད་ཀྱི་འབྲས་བུ་ཞིག་ཏུ་བརྩིས་ཆོག་ཆོག་གོ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།