སྐྱེ་དངོས་དངོས་བཤེར་ལས་སློབ་མའི་རྩད་ཞིབ་ནུས་པ་སྐྱེད་སྲིང་བྱེད་ཐབས་སྐོར་རགས་ཙམ་གླེང་བ།

དངོས་བཤེར་སློབ་ཁྲིད་ནི་ཚན་རིག་རྩད་ཞིབ་བྱེད་སྒོའི་རིགས་ཤིག་ཡིན་ལ། སྐྱེ་དངོས་སློབ་ཁྲིད་ཀྱི་གཞི་རྩའི་རྣམ་པ་ཞིག་ཀྱང་ཡིན། དངོས་བཤེར་སློབ་ཁྲིད་སྐབས་སློབ་མ་ཡོངས་ལ་ཁ་ཕྱོགས་ཏེ་ཁོ་ཚོར་ཚན་རིག་དངོས་བཤེར་བྱེད་པའི་ཆ་རྐྱེན་དང་གོ་སྐབས་གང་ལེགས་བསྐྲུན་དགོས་ཏེ། སློབ་མའི་ཚན་རིག་སློབ་སྦྱོང་བྱེད་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་འབད་བརྩོན་དང་། ལག་པ་དང་ཀླད་པ་ཟུང་འབྲེལ་བྱེད་པའི་རྩད་ཞིབ་དངོས་བཤེར་གྱི་བྱེད་སྒོ་བརྒྱུད་ནས་སློབ་མས་རང་འགུལ་གྱིས་རྩད་ཞིབ་དངོས་བཤེར་བྱེད་ཤེས་པ་དང་རྩད་ཞིབ་དངོས་བཤེར་ལ་དགའ་བའི་འདུན་པ་སྐྱེད་སྲིང་བྱས་ཏེ། ཁོ་ཚོ་ཡང་མ་འོངས་པ་ན་སྐྱེ་དངོས་ཚན་རིག་པ་ཆུང་ཆུང་ཞིག་བྱེད་འདོད་པ་དང་བྱེད་ཐུབ་པའི་ཕུགས་བསམ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་བྱེད་དགོས།

གཅིག སྐྱེ་དངོས་བསླབ་ཚན་ལས་རྩད་ཞིབ་དངོས་བཤེར་བྱེད་པའི་གོ་རིམ།

ཚན་རིག་རྩད་ཞིབ་བྱེད་སྟངས་འདྲ་མིན་སྣ་ཚོགས་ཡོད་ཀྱང་། དེའི་སྤྱིའི་རྩ་བའི་གོ་རིམ་ལ་རྒྱུ་རྐྱེན་དྲུག་ཚང་དགོས་ཏེ། དྲི་བ་འདོན་པ་དང་། ཆ་འཇོག་པ། འཆར་གཞི་འགོད་པ། འཆར་གཞི་ལག་བསྟར་བྱེད་པ། བསྡོམས་ཚིག་ཐོབ་པ། འཆད་བརྗོད་དང་བརྗེ་རེས་བྱེད་པ་བཅས་སོ། །རྩད་ཞིབ་བྱེད་པའི་གོ་རིམ་རེ་འགར་དེའི་ནང་གི་རྒྱུ་རྐྱེན་ཁ་ཤས་ལས་མེད་པས། གོང་གསལ་གོ་རིམ་ལྟར་བརྒྱུད་དགོས་པའི་ངེས་པ་མེད། འོན་ཀྱང་རྩད་ཞིབ་དངོས་བཤེར་མང་ཆེ་བར་གོ་རིམ་དེའི་རྒྱུ་རྐྱེན་དྲུག་པོ་ཚང་དགོས་ཏེ། དཔེར་ན། དམའ་འབྲིང་བསླབ་དེབ་ནང་གི“བརླན་འབུ①ཁྱབ་ཚུལ་ལ་ཤུགས་རྐྱེན་ཐེབས་པའི་ཁོར་ཡུག་གི་རྒྱུ་རྐྱེན་རྩད་ཞིབ་བྱེད་པ”དང་། ཡང་ན “ས་བོན་ལས་མྱུ་གུ་འབུས་པའི་ཆ་རྐྱེན་ལ་རྩད་ཞིབ་བྱེད་པ”སོགས། སློབ་མས་རྩད་ཞིབ་དངོས་བཤེར་གྱི་གོ་རིམ་གསལ་པོར་རྟོགས་ཆེད། དངོས་བཤེར་འཆར་གཞི་འགོད་སྐབས་ཆ་བཞག་རེ་རེའི་ནང་འགྱུར་ཚད②གཅིག་ཆ་འཇོག་པ། དངོས་བཤེར་སྐབས་འཛིན་གྲྭ་ཡོངས་ཚན་ཆུང་དྲུག་ལ་བགོ་བ་དང་ཚན་ཆུང་རེར་མི་གསུམ་ནས་བཞི་རེ། དེ་ལས་ཚན་ཆུང་དྲུག་པོ་ཚན་ཆེན་གསུམ་དུ་དབྱེ་ནས་བྱེད་སྒོ་སྤེལ་བ། ཚན་ཆུང་དང་པོ་དང་གཉིས་པས་ཁོར་ཡུག་གི་ཆ་རྐྱེན་ཉི་འོད། ཚན་ཆུང་གསུམ་པ་དང་བཞི་པས་ཆ་རྐྱེན་དྲོད་ཚད། ཚན་ཆུང་ལྔ་པ་དང་དྲུག་པས་ཆ་རྐྱེན་བརླན་ཆ་བཅས་དངོས་བཤེར་བྱེད་པ། གཤམ་ནི་ཚན་ཆེན་དང་པོའི་ཁོར་ཡུག་གི་ཆ་རྐྱེན“ཉི་འོད་ཀྱིས་བརླན་འབུ་ཁྱབ་ཚུལ་ལ་ཤུགས་རྐྱེན་ཐེབས་མིན”གྱི་དངོས་བཤེར་གོ་རིམ་སྟེ། 1.དྲི་བ་འདོན་པ། ཚན་ཆུང་སོ་སོས་བརླན་འབུ་བཟུང་བ་གསལ་བཤད་བྱས་རྗེས། སློབ་མ་ཚོས་བརླན་འབུ་ཁྱབ་ཚུལ་གྱི་ཁོར་ཡུག་ལ་དམིགས་ནས་དྲི་བ་འདོན་པ། དྲི་བ། ཉི་འོད་ཀྱིས་བརླན་འབུ་ཁྱབ་ཚུལ་ལ་ཤུགས་རྐྱེན་ཐེབས་པ་ཡིན་ནམ། 2.ཆ་འཇོག་པ། སློབ་མས་རང་གི་བརླན་འབུ་གང་ནས་བཟུང་ཚུལ་བསམ་བློ་བརྗེ་རེས་བྱས་ཏེ་ཆ་འཇོག་པ། བརླན་འབུ་ནི་ནུབ་སྲིབ་ཀྱིི་ཁོར་ཡུག་ལ་དགའ་བ། 3.འཆར་གཞི་འགོད་པ། ཤོག་སྒམ་གཅིག་གི་ནང་ཕྱེད་ཀ་འོད་གསལ་དང་ཕྱེད་ཀ་ནུབ་སྲིབ་ཡིན་པའི་ཁོར་ཡུག་ཆ་རྐྱེན་བསྐྲུན་པའི་དངོས་བཤེར་ཇུས་འགོད་བྱེད་པ། དངོས་བཤེར་ནང་འགྱུར་ཚད་ནི་ཉི་འོད་གཅིག་པུ་ལས་མེད་པར་བྱེད་དགོས། 4.འཆར་གཞི་ལག་བསྟར་བྱེད་པ། ཚན་ཆུང་སོ་སོས་རང་ཉིད་ཀྱི་དངོས་བཤེར་ཇུས་གཞི་ལྟར་དངོས་བཤེར་བྱེད་པ་དང་། དུས་ཚོད་ངེས་ཅན་ནང་གི་བརླན་འབུའི་འགུལ་སྐྱོད་འགྱུར་ལྡོག་ལ་ལྟ་ཞིབ་བྱེད་པ་དང་ཟིན་ཐོ་རེའུ་མིག་ཏུ་འགོད་པ། 5.བསྡོམས་ཚིག་ཐོབ་པ། ཚན་ཆུང་སོ་སོ་དང་འཛིན་གྲྭ་ཡོངས་ཀྱི་དངོས་བཤེར་གཞི་འཛིན་གྲངས་བརྗེ་རེས་དང་དབྱེ་ཞིབ་བྱས་ནས། དངོས་བཤེར་གཞི་འཛིན་གྲངས་ཀྱིས་ཆ་བཞག་ར་སྤྲོད་བྱེད་ཐུབ་མིན་གྲོས་བསྡུར་བྱེད་དགོས། ཚན་ཆེན་དང་པོའི་བསྡོམས་ཚིག་ནི་བརླན་འབུ་ནི་ནུབ་སྲིབ་ཀྱི་ཁོར་ཡུག་ལ་དགའ་བ། 6.“ཁོར་ཡུག་ཁྲོད་ཀྱི་ཉི་འོད་དང་དྲོད་ཚད། བརླན་ཆ་སོགས་རྒྱུ་རྐྱེན་གྱིས་བརླན་འབུ་ཁྱབ་ཚུལ་ལ་ཤུགས་རྐྱེན་གང་དག་ཐེབས་པ”ཡི་གནད་དོན་གྲོས་བསྡུར་བྱས་རྗེས། རྩད་ཞིབ་སྙན་ཞུ་འབྲི་བ་དང་བརྗེ་རེས་བྱེད་དགོས།

གཉིས། སྐྱེ་དངོས་སློབ་ཁྲིད་ནང་སློབ་མའི་རྩད་ཞིབ་ནུས་པ་གདེང་འཇོག་བྱེད་པ།

སློབ་མའི་རྩད་ཞིབ་ནུས་པ་སྐྱེད་སྲིང་བྱེད་པ་ནི་འགན་བབ་སློབ་གསོའི་དུས་རིམ་གྱི་སྐྱེ་དངོས་བསླབ་ཚན་གྱི་དམིགས་ཚད་གཙོ་བོ་ཡིན། རྩད་ཞིབ་དངོས་བཤེར་གྱི་གོ་རིམ་ཧྲིལ་པོ་དང་འབྲེལ་ནས་སློབ་མའི་རྩད་ཞིབ་ཀྱི་ནུས་པར་གདེང་འཇོག་བྱེད་དགོས། དངོས་བཤེར་ལེགས་འགྲུབ་ཡོང་མིན་གྱི་གནད་འགག་གཙོ་བོ་ནི་དངོས་བཤེར་ཚན་སྐོར③དང་གཤིབ་བསྡུར་ཚན་སྐོར④སོ་སོ་གང་ཡིན་པ་ཤེས་པ་དང་། ཚན་སྐོར་དེ་གཉིས་བསྡུར་སྐབས་འགྱུར་ཚད་དུ་ཡོད་པ་དང་འགྱུར་ཚད་གང་ཡིན་པ་གསལ་པོར་ཤེས་དགོས་པ་དེ་ཡིན། དཔེར་ན། “ས་བོན་ལས་མྱུ་གུ་འབུས་པའི་ཆ་རྐྱེན་ལ་རྩད་ཞིབ་བྱེད་པ”ཡི་བྱེད་སྒོའི་ཁྲོད། སློབ་མའི་རྩད་ཞིབ་ནུས་པ་གདེང་འཇོག་བྱེད་པ་ལྟ་བུ། དངོས་བཤེར་ཁྲོད་སློབ་མས་ཉིན་རྒྱུན་གྱི་འཚོ་བ་དང་ལྟ་ཞིབ་བྱས་པའི་རྨང་གཞིའི་སྟེང་དུ། ས་བོན་ལས་མྱུ་གུ་འབུས་དུས་མཁོ་སྲིད་པའི་ཁོར་ཡུག་ཆ་རྐྱེན་ཏེ། དཔེར་ན་ཆུ་དང་མཁའ་དབུགས། དྲོད་ཚད་སོགས་ཕན་ཚུན་ལ་བསམ་བློ་བརྗེ་རེས་དང་གསལ་བརྗོད་བྱས་རྗེས་དངོས་བཤེར་བྱེད་པ། དགེ་རྒན་གྱིས་དངོས་བཤེར་སྐབས་སློབ་མའི་གཤམ་གྱི་གནད་དོན་དག་ལ་གདེང་འཇོག་བྱེད་དགོས་པ་སྟེ། 1.ལྟ་ཞིབ་དང་ཡང་ན་འཚོ་བའི་ཉམས་མྱོང་གཞིར་བཟུང་ནས་དྲི་བ་འདོན་པ་དང་། དྲི་བ་ལ་གཞིགས་ནས་ཆ་འཇོག་བྱེད་ཐུབ་མིན། 2.ཉེ་འཁོར་གྱི་རྒྱུ་ཆ་བེད་སྤྱད་དེ་ཆ་བཞག་ལ་རྩད་ཞིབ་བྱེད་པའི་དངོས་བཤེར་གྱི་འཆར་གཞི་འགོད་ཐུབ་མིན། 3.དངོས་བཤེར་གྱི་འཆར་གཞི་ལྟར་གོ་རིམ་ཡོད་པའི་ངང་ནས་དངོས་བཤེར་བྱེད་ཐུབ་མིན། 4.དངོས་བཤེར་བྱེད་པའི་ཚད་ལྡན་བླང་བྱ་ལྟར་དངོས་བཤེར་ལས་འགན་འགྲུབ་ཐུབ་མིན་དང་། དངོས་བཤེར་ཡོ་བྱད་སྣ་ཚོགས་བདེ་འཇགས་ངང་བེད་སྤྱོད་ཐུབ་མིན། 5.དངོས་བཤེར་གོ་རིམ་དབྱེ་ཞིབ་བྱས་ཏེ་སྡོམ་ཚིག་འཐོབ་ཐུབ་མིན། 6.རྩད་ཞིབ་དངོས་བཤེར་ནང་དངོས་བཤེར་ཚན་སྐོར་དང་དཔྱད་སྡུར་ཚན་སྐོར་ཕན་ཚུན་བསྡུར་ནས་དེ་ལ་འགྱུར་ཚད་དུ་ཡོད་པ་དང་འགྱུར་ཚད་གང་ཡིན་པ་བཤད་ཐུབ་མིན་བཅས་ནི་གཙོ་བོ་ནང་གི་གལ་ཆེན་ཡིན། དེ་བསླབ་དེབ་ནང་གི་དངོས་བཤེར་ལྟར་ན་ཤེལ་དམ2ནང་གི་ས་བོན་ལ་འོས་མཚམ་གྱི་ཆུ་དང་དྲོད་ཚད། ཚད་འདང་བའི་མཁའ་དབུགས་ཡོད་པས་དེ་ནི་གཤིབ་བསྡུར་ཚན་སྐོར་ཡིན། ཤེལ་དམ1ནང་ཆུ་མེད། ཤེལ་དམ3ནི་འཁྱགས་སྒམ་ནང་བཞག་ཡོད་པས་དྲོད་ཚད་དམའ། ཤེལ་དམ4ནང་གི་ས་བོན་ཆུའི་ནང་ནུབ་ཡོད་པས་མཁའ་དབུགས་མེད། དེའི་ཕྱིར་ཤེལ་དམ1 ཤེལ་དམ3 ཤེལ་དམ4ནི་དངོས་བཤེར་ཚན་སྐོར་ཡིན་པ། དངོས་བཤེར་ནང་ཤེལ་དམ2དང་ཤེལ་དམ1བསྡུར་ན་འགྱུར་ཚད་ནི་ཆུ་ཡིན་པ་དང་། ཤེལ་དམ2དང་ཤེལ་དམ3བསྡུར་ན་འགྱུར་ཚད་ནི་དྲོད་ཚད་ཡིན། ཤེལ་དམ2དང་ཤེལ་དམ4བསྡུར་ན་འགྱུར་ཚད་ནི་མཁའ་དབུགས་ཡིན་པ་བཅས་གསལ་པོར་ཤེས་དགོས།

གསུམ། སློབ་མར་རྩད་ཞིབ་དངོས་བཤེར་བྱེད་པའི་གོ་སྐབས་གང་ལེགས་བསྐྲུན་པ།

དངོས་བཤེར་སློབ་ཁྲིད་ནི་སྐྱེ་དངོས་སློབ་ཁྲིད་ཀྱི་གཞི་རྩའི་རྣམ་པ་ཡིན་ལ། སློབ་མ་ཚོ་ཆེས་དགའ་བའི་སློབ་ཁྲིད་ཅིག་ཀྱང་ཡིན། རང་གིས་ལག་པ་དང་ཀླད་པ་འགུལ་ནས་རྩད་ཞིབ་དངོས་བཤེར་བྱེད་པའི་གོ་རིམ་ལས་རང་གིས་དངོས་བཤེར་གྱི་གོ་རིམ་དང་སྣང་ཚུལ། མཐའ་འབྲས་སོགས་མཐོང་ཐུབ་པར་མ་ཟད། ད་རུང་དབྱེ་ཞིབ་དང་གྲོས་བསྡུར་ནང་ཞུགས་ནས་རང་གི་མཐོང་ཚོར་དང་མྱོང་ཚོར་བཤད་ཐུབ་པས་རང་གིས་རང་ལ་ཡིད་ཆེས་ཡོད་པ་དང་སྐྱེ་དངོས་ཚན་རིག་ལ་སློབ་སྦྱོང་བྱེད་པའི་སྤྲོ་སྣང་ཡང་བསྐྱེད་ངེས། ཚན་རིག་སློབ་སྦྱོང་ལ་སྤྲོ་སྣང་སྐྱེ་བ་ནི་ཚན་རིག་ལ་འཇུག་པའི་ཐོག་མའི་སྒུལ་ཤུགས་ཡིན་པས། སློབ་མས་རྩད་ཞིབ་དངོས་བཤེར་བྱེད་པའི་བརྒྱུད་རིམ་ནང་ཚན་རིག་སློབ་སྦྱོང་བྱེད་པའི་སྤྲོ་བར་ཉམས་ལེན་བྱ་རྒྱུ་བཅས་ལ་མཐོང་ཆེན་བྱེད་དགོས། དེ་བས་སྐྱེ་དངོས་དགེ་རྒན་གྱིས་དངོས་བཤེར་རྒྱུ་ཆ་དང་ཁོར་ཡུག དུས་ཚོད་སོགས་ཆ་རྐྱེན་ལེགས་པོ་བསྐྲུན་ནས་སྐྱེ་དངོས་བསླབ་ཚན་ཚད་གཞི་ལས་གཏན་འཁེལ་བྱས་ཡོད་པའི་དངོས་བཤེར་ཡོད་ཚད་ལེགས་འགྲུབ་བྱེད་དགོས། ཚན་རིག་དང་མཐུན་པའི་ཐབས་ཤེས་སྣ་ཚོགས་སྤྱད་ནས་སློབ་མས་རྩད་ཞིབ་ནང་ཐོབ་པའི་ཤེས་བྱ་ལས་ཆུ་ཚད་མཐོར་འདེགས་གཏོང་དགོས། སློབ་མས་སློབ་སྦྱོང་ནི་རང་གི་བྱ་བ་ཡིན་པ་དང་། རང་གིས་བསླབ་དགོས་པ་ཤེས་ནས། རང་ཉིད་ནི་ཚན་རིག་པ་ཆུང་ཆུང་ཞིག་ཡིན་པའི་ཚོར་བ་དང་སློབ་སྦྱོང་ལ་སྤྲོ་བའི་འདུན་པ་ཇེ་ཆེར་འགྲོ་བ་དང་བསྟུན་ནས། སློབ་མའི་ཕྱོགས་ཡོངས་ཀྱི་ཆུ་ཚད་མཐོར་འདེགས་དང་ནུས་པ་འཕེལ་རྒྱས་ཡོང་བར་བྱེད་པ་དང་།ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཆགས་སུ་འཇུག་དགོས། །

མཆན།

①བརླན་འབུ་ནི་བརླན་གཤེར་ས་ཆར་འཚོ་བའི་འབུ་ཞིག་ཡིན། རྒྱུན་དུ་བརླན་གཤེར་ས་ཆའི་རྡོ་ལེབ་དང་ས་རྡོག་གི་འོག་ཏུ་གནས། ཁ་སྐད་དུ་འབུ་བྱང་ལེབ་ཟེར།

②འགྱུར་ཚད།(变量)

③དངོས་བཤེར་ཚན་སྐོར།(实验组)

④གཤིབ་བསྡུར་ཚན་སྐོར།(对照组)

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།