ཀྲུང་གོ་བོད་ཀྱི་དྲ་བ།

གནོད་ཐེབས་ས་ཁུལ་གྱི་དགེ་རྒན་དཔའ་བོ་ཚོར་གུས་འདུད་ཞུ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཀོ་མེན་ཡོན་གྱིས་བརྩམས།སྒོམ་པ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྐབས་ཉེར་བཞི་པའི་དགེ་རྒན་དུས་ཆེན་ནི་དམིགས་བསལ་དོན་སྙིང་ལྡན་པའི་དགེ་རྒན་དུས་ཆེན་ཞིག་ཏུ་བསྙད་ཆོག་སྟེ། ཐེངས་དེའི་དགེ་རྒན་དུས་ཆེན་ནི་སི་ཁྲོན་ས་ཡོམ་བྱུང་བའི་ལོ་དེ་ཡིན། ལོ་དེར་གནོད་ཐེབས་ས་ཁུལ་གྱི་དགེ་རྒན་ཚོས་ང་ཚོར་དགའ་སྐྱོ་གཉིས་ལྡན་གྱི་དཔའ་བོའི་བསྟོད་གླུ་ཞིག་བརྩམས་ནས་སློབ་གསོའི་ལས་རིགས་དང་སྤྱི་ཚོགས་ཡོངས་ལ་གཡོ་འགུལ་ཐེབས་སུ་བཅུག་ཡོད།

སྐབས་དེའི་ས་ཡོམ་ཆེན་པོའི་ཁྲོད་དུ་ང་ཚོའི་དགེ་རྒན་རྣམས་ཀྱིས་ལས་བཀུར་སློབ་གཅེས་ཀྱི་བླ་ན་མེད་པའི་ཀུན་སྤྱོད་ཀྱི་སྙིང་སྟོབས་གང་ལེགས་ཤིག་མངོན་ཡོད། ཁོ་ཚོས་རང་དོར་གཞན་སྐྱོབ་དང་དཔའ་ངར་ཞུམ་མེད་ཀྱིས་རང་བྱུང་གི་འཇིགས་པ་ལ་གདོང་གཏད་ཅིང་། ས་ཡོམ་ཆེན་པོའི་མདུན་ནས་སྐྲག་སྣང་སྤུ་ཙམ་ཡང་མེད་པར་རང་སྲོག་ཕངས་མེད་ཀྱི་ངང་ནས་ཚེ་སྲོག་མྱུར་སྐྱོབ་བྱས། དེ་འདྲའི་དགེ་རྒན་ཁག་ཅིག་གི་སྐུ་ཕུང་མི་རོའི་ཁྲོད་ནས་རྙེད་སྐབས། ཁོ་ཚོའི་གཟུགས་པོ་ཡོད་ཚད་སྒུར་ཅིང་ཕྲག་པའི་སྟེང་དུ་ཁང་པའི་གནམ་གཅལ་རྒྱ་མ་སྟོང་ཕྲག་དང་གདུང་ལྕམ་རྒྱ་མ་ཁྲི་ཕྲག་གིས་མནན་ཡོད་ན་ཡང་། ལུས་པོའི་འོག་ཏུ་རང་ཉིད་ཀྱི་སློབ་མ་དམ་དུ་པང་ནས་སྲུང་སྐྱོབ་བྱས་ཡོད། དགེ་རྒན་ལ་ལ་མ་གཞི་ནས་ཉེན་གནས་ལས་ཕྱིར་འཐེན་བྱས་ཟིན་མོད། འོན་ཀྱང་ཐོག་ཁང་ནང་དུ་ད་དུང་སློབ་མ་ཡོད་པ་ཐོས་རྗེས་ཡང་བསྐྱར་སློབ་ཁང་ནང་དུ་བརྒྱུགས་ནས་སློབ་མ་སྐྱོབ་ཐབས་བྱས། ཁོ་ཚོ་ནམ་ཡང་གནམ་གཅལ་གྱིས་མར་མནན་ནས་ཡོད་ནའང་། རང་ཉིད་ཀྱི་གསོན་པའི་གོ་སྐབས་ཡོད་ཚད་སློབ་མར་སྟེར་བ་དང་འཆི་བའི་ཉེན་ཁ་ཐམས་ཅད་རང་ཉིད་ལ་བསྐྱུར་བ་ནི་ཅི་ཞིག་གི་སྙིང་སྟོབས་རེད་དམ། དེ་ནི་འཆི་བ་ལ་ཐུག་ཀྱང་སློབ་མར་གཅེས་པའི་དགེ་རྒན་གྱི་བླ་ན་མེད་པའི་ཀུན་སྤྱོད་ཀྱི་སྙིང་སྟོབས་ཤིག་ཡིན།

དེ་འདྲའི་དགེ་རྒན་ཁག་ཅིག་ས་ཡོམ་ཆེན་པོའི་མདུན་དུ་ཉེན་ཁར་འཕྲད་ཀྱང་སྐྲག་སྣང་སྤུ་ཙམ་ཡང་མེད་པར་སློབ་མའི་ཚེ་སྲོག་མྱུར་སྐྱོབ་བྱེད་པའི་འཐབ་རའི་ནང་དུ་ཞུགས་ཤིང་། ཁོ་ཚོས་རང་གི་བྱིས་པ་དང་གཉེན་ཉེ་ལ་ཁ་ཡ་མི་བྱེད་པར་སྔོན་ལ་སློབ་མ་སྐྱོབ་པར་བརྩོན། ཁོང་ཚོས་ཕྱོགས་གཅིག་ནས་ལུས་པོ་དང་སེམས་ཀྱི་སྡུག་བསྔལ་བཟོད་བསྲན་བྱས་ཏེ་ས་སྔོག་པ་དང་། ཕྱོགས་གཞན་ཞིག་ནས“གཅེས་ཕྲུག སྐྲག་མི་དགོས། དགེ་རྒན་ཁྱོད་རང་སྐྱོབ་ཏུ་ཡོང་གི་ཡོད”ཅེས་སྐད་ཆེན་པོས་འབོད་ཀྱིན་འདུག དེ་ནི་ཅི་ཞིག་གི་སྙིང་སྟོབས་རེད་དམ། དེ་ནི་སྒེར་སེམས་མེད་ལ་འགྱོད་སེམས་མེད་པའི་དགེ་རྒན་གྱི་བླ་ན་མེད་པའི་ཀུན་སྤྱོད་ཀྱི་སྙིང་སྟོབས་ཤིག་ཡིན་ནོ། །

དེ་འདྲའི་དགེ་རྒན་ཁག་ཅིག་གིས་ཆར་བ་ཆེན་པོའི་ཁྲོད་ནས་ཆར་རས་འདེགས་ཤིང་ཆར་ཆུ་ཁྲོམ་ཁྲོམ་འགོག་པ་ནི་བྱིས་པ་གཉིད་སྐྱིད་པོ་ཞིག་ལོག་ཐུབ་པའི་ཆེད་དུ་ཡིན། དེ་ནི་ལག་པ་འགས་འདེགས་སྐྱོར་བྱེད་པ་ཙམ་མ་ཡིན་པར། སྙིང་སྟོབས་ཤིག་འདེགས་སྐྱོར་བྱེད་བཞིན་ཡོད། དེ་ནི་ཅི་ཞིག་གི་སྙིང་སྟོབས་རེད་དམ། དེ་ནི་དགེ་རྒན་གྱིས་ལས་བཀུར་སློབ་གཅེས་བྱེད་པའི་བླ་མེད་ཀྱི་སྙིང་སྟོབས་རེད།

དེ་འདྲའི་དགེ་རྒན་ཁག་ཅིག་གིས་ཁོ་ཚོའི་གཉེན་ཉེ་མེད་པར་གྱུར་པའི་སྡུག་བསྔལ་གྱི་ཁྲོད་ནས་ས་ཡོམ་ལྷག་རྒྱུག་གི་རྒྱུན་ཆད་མེད་དུ་ཡོང་བ་དང་གཏན་འཁེལ་མེད་པའི་གནས་ཚུལ་འོག་ནས་ཐོག་མར་བསམ་བློར་འཁོར་བ་ནི་ཇི་ལྟར་ཆ་རྐྱེན་བསྐྲུན་ནས་བྱིས་པ་ཚོ་སློབ་གྲྭར་གཏོང་རྒྱུ་དེ་རེད། དེ་ནས་སྦྲ་གུར་སློབ་གྲྭ་དང་གནས་སྐབས་ཟུར་ཁྲིད་འཛིན་གྲྭ་སོགས་ཐོན་པས་ཁོ་ཚོས་ཐབས་བརྒྱ་ཇུས་སྟོང་གིས་སློབ་མ་ཚོར་སློབ་ཚན་བསྐྱར་ཁྲིད་དང་སློབ་སྦྱོང་བྱེད་དུ་བཅུག་པ་རེད། སློབ་མ་སྟོང་ཕྲག་ཁ་ཤས་ས་ཆ་གཞན་གྱི་བདེ་འཇགས་ས་ཁུལ་དུ་བཀོད་སྒྲིག་བྱེད་ཐུབ་པ་དང་། དགེ་རྒན་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་འགན་འཁྲི་མི་བརྗེད་པར་ལས་བཀུར་སློབ་གཅེས་ཀྱི་ལས་ལ་འབད་བཞིན་ཡོད།

དགེ་རྒན་ནི་སྤྱིར་བཏང་གི་ལས་རིགས་ཤིག་ཡིན་ནའང་ནམ་རྒྱུན་ཁོ་ཚོས་སློབ་ཁྲིད་གྲ་སྒྲིག་དང་། སློབ་ཁྲིད། ལས་བྱར་དག་བཅོས་བཅས་བྱས་ནས་ལས་ཀར་རྩག་རྩིག་ཆེ་བས། དགེ་རྒན་ནི་བླ་ན་མེད་པའི་ལས་རིགས་ཤིག་ཀྱང་ཡིན། རླབས་ཆེ་བའི་སློབ་གསོ་པ་གྲགས་ཅན་ཁཱ་མའེ་ནོའུ་སི་ལ“ཉི་འོད་འོག་གི་ཆེས་གཟི་འོད་འཕྲོ་བའི་ལས་རིགས”ཞེས་པའི་མཚན་སྙན་ཐོབ། རྒྱུ་མཚན་ནི་དེས་དཔེ་ཁྲིད་མི་སྐྱོང་གིས་མྱུ་གུ་ཆུང་ཆུང་ནས་མགོ་བརྩམས་ནས་མཁའ་ལ་བསྙེགས་པའི་སྡོང་རྒན་གྱི་བར་དུ་གསོ་སྐྱོང་བྱས་ཏེ། མིའི་རིགས་ཀྱི་མ་འོངས་པར་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས། ལས་བཀུར་སློབ་གཅེས་ནི་དགེ་རྒན་གྱི་རང་འགན་རྩོད་མེད་ཅིག་ཡིན་ཏེ། ལས་བཀུར་ནི་ཏང་དང་མི་དམངས་ཀྱི་སློབ་གསོའི་བྱ་གཞག་ལ་ལྷག་བསམ་རྣམ་དག་དང་ཧུར་ཐག་འབད་ཐག་བྱས་ཏེ་སློབ་མ་ཚང་མ་གསོ་སྐྱོང་དང་འཇོན་ཐང་ཅན་དུ་འགྱུར་བར་བྱེད་པ་དང་། སློབ་གཅེས་ནི་སློབ་མ་རེ་རེར་གཅེས་སྐྱོང་བྱས་ནས་ཁོ་ཚོའི་ལུས་སེམས་གཉིས་ལ་གནོད་པ་ཅི་ཡང་མི་ཐེབས་པར་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་དགོས། བརྩེ་བ་དེ་ནི་སྒེར་སེམས་མེད་པའི་བརྩེ་བ་ཡིན་ལ། དྲིན་ལན་འཇལ་བར་རེ་བ་མི་འཛིན་པའི་བརྩེ་བ་ཡིན། དེ་ནི་མི་རིགས་དང་མིའི་རིགས་ལ་བཅངས་པའི་བརྩེ་བའང་ཡིན། དེ་ལྟ་བུའི་བརྩེ་བའི་ཆེད་དུ། ཁོ་ཚོས་རང་ཉིད་ཀྱི་ཡོད་ཚད་བློས་བཏང་ནས་སློབ་མའི་ཆེད་དུ་འབུལ་ཆོག་པ་རེད། དགེ་རྒན་གྱི་ལས་བཀུར་སློབ་གཅེས་ཀྱི་བླ་ན་མེད་པའི་སྙིང་སྟོབས་དེ་ཐེངས་དེའི་སི་ཁྲོན་ཝུན་ཁྲོན་གྱི་ས་ཡོམ་ཆེན་པོའི་ཁྲོད་དུ་གང་ལེགས་ཀྱིས་མངོན་ཡོད་པ་རེད། སི་ཁྲོན་གྱི་ས་ཡོམ་ཆེན་པོའི་ཁྲོད་དུ་མངོན་པའི་དཔའ་བོའི་རང་མདངས་དེ་ནི་དགེ་རྒན་མང་པོ་ཞིག་གིས་གྲུབ་པའི་ཚོགས་སྤྱི་ལས་བྱུང་གི དགེ་རྒན་རེ་གཉིས་ཤིག་གིས་གྲུབ་པ་གཏན་ནས་མ་རེད། དགེ་རྒན་ཁྲི་སྟོང་མང་པོའི་ཚོགས་སྤྱི་ཡིན་པ་དེའི་ཐོག་ནས་ང་ཚོའི་རྒྱ་ཆེའི་དགེ་རྒན་གྱིས་དགེ་རྒན་རང་སྟེང་གི་རང་འགན་རྩོད་མེད་དམ་སྲུང་བྱས་ཡོད་པས། དེ་ལ་རྒྱ་ཆེའི་ཁྱིམ་བདག་རྣམས་དང་སྤྱི་ཚོགས་ཡོངས་ནས་གུས་བརྩི་བླ་མེད་བྱེད་རིན་ཡོད།

ང་ཚོས་གནོད་ཐེབས་ས་ཁུལ་གྱི་དགེ་རྒན་དཔའ་བོ་རྣམས་ཀྱི་ཚོགས་ལ་གུས་འདུད་ཞུ། ཁོ་ཚོར་སློབ་སྦྱོང་བྱས་ནས་རང་ཉིད་ཀྱི་ལས་བཀུར་སློབ་གཅེས་ཀྱི་བསམ་པའི་འཁྱེར་སོ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། གནོད་ཐེབས་ས་ཁུལ་གྱི་དགེ་རྒན་དཔའ་བོ་རྣམས་ཀྱི་ཚོགས་ནི་ནམ་ཡང་ང་ཚོའི་སེམས་སུ་གནས་པའི་རྟག་བརྟན་གྱི་རྡོ་རིང་ཡིན།

དེ་དང་ཆབས་ཅིག་ཏུ་ང་ཚོས་ཀྱང་ལས་བཀུར་སློབ་གཅེས་ཀྱི་ལས་གནས་སྟེང་དུ་ལས་ཀར་འབད་བརྩོན་བྱེད་མཁན་གྱི་དགེ་རྒན་ཡོངས་ལ་གུས་འདུད་ཞུས་ནས་ཁོ་ཚོར་དུས་ཆེན་ལ་སྤྲོ་པོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།