སློབ་དཔོན་ཆེན་མོ་ཞིག་གིས་རང་གི་སློབ་མར་སྤྲིངས་པའི་འཕྲིན།

སློབ་གྲོགསXXལགས།

ཁྱོད་ཀྱིས་བཏོན་པའི“སློབ་ཁོངས་ནས་སོར་འཇོག་བྱེད་དགོས་པ”ཡི་གོང་ཞུར་ཞིབ་འཇུག་སློབ་མའི་གླིང་གི་ལས་འཛིན་ལྷན་ཚོགས་ཀྱིས་བདག་སྤྲོད་མི་བྱེད་པའི་གནས་ཚུལ་འབྱོར་རྗེས་ངས་ཁྱོད་ལ་འདི་ལྟར་བརྗོད་པར་འདོད་དེ། འདི་ནི་ཁྱོད་ཀྱི་ཕམ་ཁ་རེད་ལ་ང་ཡི་ཕམ་ཁའང་རེད། ཁྱོད་ལ་ཁྱོད་ཀྱི་བློ་འགྱོད་ཡོད་ལ་ང་ལ་ང་ཡི་བློ་ཕམ་ཡོད། སློབ་དཔོན་ཆེན་མོ་ཞིག་གིས་མི་ཚེ་གང་པོར་ཞིབ་འཇུག་སློབ་མ་མང་པོ་ཞིག་སྐྱེད་སྲིང་བྱེད་མི་ཐུབ། ཁྱོད་ཀྱིས་བླ་ན་བཀུར་བའི་སློབ་དཔོན་ཆེན་མོYལགས་སྔོན་ཏག་ཏག་ལ་སྐུ་གཤེགས་སོང་། ཁོས་མི་ཚེ་གང་པོར“ཤར་ནུབ་གཤིབ་བསྡུར་མཚན་ཉིད་རིག་པ”ཡི་ཞིབ་འཇུག་སློབ་མ་དགུ་སྐྱེད་སྲིང་བྱས། ངས་གསར་དུ་བཙུགས་པའི་ཁུ་རེན་ཋོན་གཙུག་ལག་སློབ་ཆེན་གྱི“ཤར་ནུབ་གཤིབ་བསྡུར་ཞིབ་འཇུག”གི་ཞིབ་འཇུག་སློབ་མ་ཐོག་མ་ནས་མཐའ་མའི་བར་མི་བཅུ་གཅིག་ཡོད། ཁྱོད་ནི་བཅུ་གཅིག་པ་དེ་ཡིན། ད་ལྟ་བཅུ་གཅིག་པ་དེ་མེད་སོང་བ་ཡིན། རྣམ་གྲངས་མཚམས་བཞག་ཟིན་པས་རྗེས་ཕྱོགས་བསྐྱར་དུ་ཡོད་མི་སྲིད།

ཨ་རི་དང་ཡང་ན་ཁུ་རེན་ཋོན་གཙུག་ལག་སློབ་ཆེན་གྱི་ག་ས་གང་དུ་ནུབ་ཕྱོགས་རིག་གནས་ཀྱིས་ཁེངས་ཡོད་པས། ཀྲུང་གོའི་རིག་གནས་ཞིབ་འཇུག་གི་རྣམ་གྲངས་ཤིག་སྣོན་རྒྱུ་ཤིན་ཏུ་སླ་མོ་ཞིག་མ་ཡིན། དེ་མཐའ་དག་སློབ་དཔོན་གྱིས་རང་མོས་སྒོས་བསྒྲུབས་པའི་རིན་ཚབ་མེད་པའི་ལག་རྗེས་ཡིན། ཞིབ་འཇུག་སློབ་མ་ཡོད་ཚད་ནི་སློབ་དཔོན་ཆེན་མོའི་བརྩམས་ཆོས་ཡིན། ངས་ཚད་གཞི་གཅིག་མཐུན་སྤྱད་དེ་ཞིབ་འཇུག་སློབ་མ་ཚང་མར་བླང་བྱ་བཏོན་ཡོད་ལ་བརྩམས་ཆོས་རེ་རེ་ནི་ཕུལ་དུ་བྱུང་བའི་བརྩམས་ཆོས་ཤིག་ཡིན་པར་རེ་ཞིང་སྨོན་ཡོད། ཁྱོད་རང་སློབ་ཁོངས་ནས་ཕུད་པས་བརྩམས་ཆོས་ཨང་བཅུ་གཅིག་པ་བེད་མེད་ཟུར་འཇོག་བྱེད་དགོས་བྱུང་། ཁྱོད་རང་ཚད་གཞིར་མ་ལོངས་པ་ནི་ཁྱོད་དང་འུ་གཉིས་ཀའི་ཐུན་མོང་གི་ཕམ་ཁ་རེད།

ཁྱོད་ཀྱིས་རང་གི་མདུན་ལམ་བརླགས་སོང་སྙམ་ངེས། དེ་ནི་མི་འགྲིག ཁྱོད་ཀྱི་མདུན་ལམ་ལ་སྔར་བཞིན་ཚད་མེད་པའི་གདམ་ཀ་གང་མང་ཞིག་ཡོད། ཁྱོད་ཀྱིས་ཚོང་ལས་གཉེར་ཆོག་ལ་དྲ་ཐོག་ནས་ཁྱོད་ཀྱི་ཐོར་རྩོམ་དྲ་ཚིགས་གཉེར་ཡང་ཆོག ཡང་ན་ཀྲུང་གོར་ཕྱིར་ལོག་སྟེ་ཀུང་སི་གཉེར་ཆོག་ལ་ཁྱོད་ཀྱིས་བསྡུ་ཐུབ་པའི་རྣམ་གྲངས་ཤིག་བསྡུས་ནས་སློབ་སྦྱོང་བྱས་ཀྱང་ཆོག མདོར་ན་ཁྱོད་ཀྱིས་ལས་རྐང་དང་ས་ཆ་གཞན་པ་ནས་གྲུབ་འབྲས་ཤིག་ལོན་པའི་སྨོན་ལམ་འདེབས་བཞིན་ཡོད། གལ་ཏེ་ཁྱོད་ཀྱིས་རིག་གཞུང་ལས་རིགས་ནས་རིག་པ་དོན་དུ་གཉེར་རྒྱུ་ཟེར་ན་ངས་གཤམ་ནས་བྲིས་པ་ནི་ཁྱོད་ལ་ཕུལ་བའི་གྱེས་ཁའི་ལེགས་སྐྱེས་ཡིན། གལ་ཏེ་ཁྱོད་ཀྱིས་རིག་པ་དོན་དུ་མི་གཉེར་ཟེར་ན་གཤམ་གྱི་ནང་དོན་ཁྱོད་ཀྱིས་རྩ་བ་ནས་བཀླག་མི་དགོས། འཇིག་རྟེན་ན་ལམ་ཤིན་ཏུ་མང་བས་རིག་པ་དོན་དུ་གཉེར་དགོས་པས་ཀྱང་མ་ངེས་པར་མི་བཟང་ཞིག་བྱས་ནའང་མི་ཚེར་དོན་སྙིང་ལྡན་ཡོད། ཁྱོད་ཀྱིས“ཁྱོད་རང་མི་བཟང་ཞིག་བྱས་ཆོག ངས་ཁྱོད་ཀྱི་ལས་འགྲོ་དར་བའི་སྨོན་ལམ་འདེབས”ཞེས་པའི་ཚིག་འདིའི་བར་བལྟས་ན་ཆོག གལ་ཏེ་ཁྱོད་ཀྱིས་མུ་མཐུད་དུ་བཀླགས་ན་ཁྱོད་ཀྱི་རང་མོས་ཡིན་པས། ངས་ཁྱོད་རང་གིས་ཐེངས་དང་པོར་རིག་པ་དོན་དུ་གཉེར་བའི་ལམ་ཁ་འདིར་ཕམ་ཁ་ཉོས་པའི་རྒྱུ་རྐྱེན་བཤད་ཆོག གལ་ཏེ་ཁྱོད་རང་རིག་པ་དོན་དུ་གཉེར་བའི་ལམ་ཁ་འགྲིམ་འདོད་ན་གཤམ་གྱི་གཏམ་འདི་ཁྱོད་ལ་དགོས་མཁོ་ཤིན་ཏུ་ཆེ། ངས་ཁྱོད་ལ་དྲང་པོ་དྲང་རྐྱང་གིས་བརྗོད་ཆོག དོན་དངོས་ཐོག་ངས་ཁྱོད་ལ་མགོ་བསྐོར་བཏང་མྱོང་མེད་ལ་ཁྱོད་ལ་བཏོན་པའི་བླང་བྱའང་བསྒྱུར་མྱོང་མེད། ཁྱོད་ཀྱིས་ཕམ་ཁ་ཉོས་པའི་རྒྱུ་རྐྱེན་ནི། ལ་ལ་ཞིག་ཁྱོད་རང་ཉིད་ཀྱི་འགན་འཁྲི་རེད། ལ་ལ་ཞིག་ནི་ཁྱོད་རང་འདི་ལྟ་བུ་ཞིག་ཏུ་གསོ་སྐྱོང་བྱས་པའི་སློབ་གསོའི་མ་དཔེ་དང་སྤྱི་ཚོགས་ཁོར་ཡུག་གི་འགན་འཁྲི་རེད། ལ་ལ་ཞིག་ང་ཡི་འགན་འཁྲི་རེད། ཐོག་མར་ངའི་འགན་འཁྲི་གླེང་བར་བྱ། ངའི་འགན་འཁྲི་ནི་ཁྱོད་རང་བསྡུ་ལེན་མ་བྱས་ན་འགྲིག་སྟེ། ཁྱོད་ལ་འཐོབ་འདོད་པ་དེ་ངས་ཁྱོད་རང་ལ་སྩོལ་ཐབས་བྲལ་བས་སོ། ། ཁྱོད་རང་ལ་འཐོབ་འདོད་པ་ནི་ཨ་རིར་ཡོང་ནས་མིག་རྒྱ་བསྐྱེད། སློབ་དཔོན་དང་འབྲེལ་བ་བཙུགས། ཐབས་ཤེས་གང་ཡོད་སྒོས་སློབ་དཔོན་གྱིས་ཁྱོད་ཀྱི་ཇུས་འགོད་བཞིན་ཁྱོད་ལ་ལས་བྱ་སྟབས་བདེ་རེ་བགོས། བློ་བག་ཕེབས་པོས་བསླབ་གནས་ཤིག་ལག་ཏུ་རེག་ཐབས་བྱས། དེ་ནས་བསླབ་གནས་དེར་བརྟེན་ཏེ་རང་ཉིད་མཁས་པར་གྱུར་སོང་ཞེས་བསྙད། དེའི་རྗེས་ཀྲུང་གོ་དང་ཡང་ན་ཨ་རི་ནས་སྒོར་མོའི་ལག་ཡོང་མང་ཞིང་ངོ་སོ་ཆེ་བའི་བྱ་བ་ཞིག་གཉེར་འདོད་པ་དེ་རེད། ཁྱོད་ཀྱིས་ཁྱོད་རང་མ་འོངས་པར་སློབ་ཆེན་ནས་སློབ་དཔོན་བྱེད་འདོད་ཅེས་པ་དང་ཁྱོད་ལ་བསླབ་གནས་འདི་ངེས་པར་འཐོབ་དགོས་ཞེས་ང་ལ་བཤད་པ་ཐེངས་གཅིག་མིན། བསླབ་གནས་འདི་ཁྱོད་ལ་གལ་འགངས་ཤིན་ཏུ་ཆེ་བ་རྟོགས་ཡོད། འོན་ཀྱང་། ངས་ཁྱོད་ལ་འཁྲིད་ནུས་པ་ནི་མི་བཅའ་སྟངས་དང་རིག་པ་དོན་དུ་གཉེར་བའི་གཞི་རྩའི་རྩ་དོན་དང་ཁྱོད་རང་ཤེས་བྱ་ལ་བརྩི་འཇོག་དང་བདེན་ལུགས་ལ་དགའ་བའི་མི་ཞིག་ལ་འགྱུར་དུ་འཇུག་རྒྱུ་དེ་ཡིན། རིག་གཞུང་གི་ཁྱབ་ཁོངས་ནས་ཁྱོད་ཀྱིས་ཁེ་ཕན་གང་ཞིག་གི་ཆེད་དུ་རྫུན་ལབ་ན་མི་འགྲིག་པར་བདེན་གཏམ་ཁོ་ན་བརྗོད་འོས། མ་ཟད་རང་ཉིད་ཀྱིས་བཤད་པའི་སྐད་ཆ་རེ་རེར་འགན་འཁུར་དགོས་པ་ཡིན། ཁྱོད་ཀྱིས་ངེས་པར་དུ་ཏན་ཏན་ཏིག་ཏིག་སྒོས་གོམ་པ་རེ་རེ་བཞིན་སྤོས་ཏེ་མ་ཤེས་པའི་དོན་རྟོགས་པར་བྱ་དགོས་པ་ལས་ཐབས་ཤེས་སྟབས་བདེ་ཞིག་འཚོལ་ས་མེད། ཁྱོད་ཀྱིས་ངེས་པར་དུ་རང་ཉིད་ཀྱི་བཀག་རྒྱ་དང་རྨོངས་པ་གང་ཡིན་རྟོགས་དགོས་ཤིང་ཁྱོད་རང་མི་སྒེར་གྱི་བསམ་ཚུལ་དང་དགའ་མོས་གཉིས“དྲང་གཞག”གི་དམའ་ས་རུ་འཇོག་དགོས། འདི་ལྟར་ད་གཟོད་ཁྱོད་ཀྱིས་རིག་པ་དོན་དུ་གཉེར་ཐུབ། ངའི་གམ་ནས་རིག་པ་དོན་དུ་གཉེར་འདོད་ན་ཁྱོད་རང་ངེས་པར་དུ་ཚད་གཞི་འདི་དག་ལ་སོན་དགོས་པ་ལས་ངས་གཏན་ནས་བསླབ་གནས་འཚོང་གིན་མེད། ངའི་ཤེས་ཡོན་ནི་རང་དང་མཉམ་དུ་བདེན་ལུགས་འཚོལ་བའི་སློབ་མ་རྣམས་ལ་རིན་ཚབ་མེད་པར་དབུལ་རྒྱུར་མོས་འཐད་ཡིན་པ་ལས་ཉོ་ཚོང་གཏན་ནས་མི་བྱེད།

འདི་ནི་འུ་གཉིས་ཀའི་བར་དུ་གོ་ནོར་ཐེབས་ས་རེད། ངས་ནི་ཁྱོད་ཀྱིས་བསླབ་ཚན་འདི་གཉིས་ཀ་བདམས་པའི་རྗེས་སུ་ད་གཟོད་འུ་གཉིས་ཀའི་བར་གྱི་གོ་ནོར་འདི་ཉིད་ཤེས་རྟོགས་བྱུང་བ་ཡིན། གོ་ནོར་འདིས་འུ་གཉིས་ཀའི་བར་གྱི་འགལ་འདུ་ཡོད་ཚད་བཟོས་པ་རེད། ངས་ཁྱོད་རང་བསྡུ་ལེན་བྱས་པ་ནི་ངས་བཟོས་པའི་ནོར་འཁྲུལ་ཡིན་ཞིང་ཁྱོད་ལ་ནོར་འཁྲུལ་བཟོས་པའང་ཡིན་ཏེ། ཁྱོད་རང་ལ་ནོར་འཁྲུལ་སྒོས་མདུན་ལྗོངས་གསར་པར་འཆར་འགོད་འཐེན་དུ་བཅུག་པ་གཞི་ནས་རྟོགས་སོང་། དེའི་འཕྲོར་ཁྱོད་ཀྱི་འགན་འཁྲི་གླེང་བར་བྱ། ཁྱོད་ཀྱི་འགན་འཁྲི་གླེང་བ་ནི་དོན་གྱིས་ངས་ཁྱོད་ལ་བཏོན་པའི་གདེང་འཇོག་མཐའ་མ་ཡིན། ཡང་ན་ངས་ཁྱོད་རང་ཅིའི་ཕྱིར་རིག་པ་དོན་དུ་གཉེར་བར་མི་འཚམ་པའི་རྒྱུ་མཚན་བཤད་པ་ཡིན།

ཁྱོད་རང་ཕུལ་དུ་བྱུང་བའི་ཚོང་པ་ཞིག་དང་ཀུང་སིའི་སྦྱིན་བདག་ཅིག ཡང་ན་ལས་རིགས་གཞན་པའི་མི་སྣ་ཞིག་ཏུ་གྱུར་ཆོག རིག་པ་དོན་དུ་གཉེར་བ་དང་ཚོང་ལས་གཉེར་བ། གད་གདར་བ་བྱེད་པ་བཅས་ལ་ལས་རིགས་མཐོ་དམན་གྱི་ཁྱད་པར་མེད་ཀྱང་ལས་རིགས་བླང་བྱ་ཡི་ཁྱད་པར་མངོན་གསལ་ཡོད། རིག་པ་དོན་དུ་གཉེར་ན་མི་གཞི་མཁོ་སྟེ། ཆེས་ཐོག་མ་ནི་མི་བཅའ་ཤེས་དགོས། ངས་སྔོན་དུ་བཤད་པའི་གོ་ནོར་ཐེབས་ས་ཞེས་པ་དེ་རིག་གཞུང་སྟེང་ནས་ཟེར་བ་ལས་མི་བཅའ་སྟངས་ཀྱི་སྟེང་ནས་ཟེར་ན་དགའ། ཁུ་རེན་ཋོན་གཙུག་ལག་སློབ་ཆེན་ནས་རིག་པ་དོན་དུ་གཉེར་སྟངས་ཀྱི་ཐབས་ཤེས་ངས་དུས་དང་རྣམ་པ་ཀུན་ཏུ་ཁྱོད་ལ་འཁྲིད་བཞིན་ཡོད། ཐབས་ཤེས་དེ་དག་ཁྱོད་ཀྱི་ཐེངས་རེ་རེའི་ལས་བྱ་དང་དཔྱད་རྩོམ་སྟེང་དུ་ཞིབ་ཀྱིས་བྲིས་ཡོད། འོན་ཀྱང་རིག་པ་དོན་དུ་གཉེར་སྟངས་དང་མི་བཅའ་སྟངས་ཀྱི་འབྲེལ་བའི་ཐད་ནས་ངས་ཁྱོད་ལ་གསལ་པོ་ཞིག་བརྗོད་མྱོང་མེད། ཁྱོད་ཀྱི་འགན་འཁྲི་གླེང་དུས་སུ་ངས་གནད་དོན་ཞིག་གླེང་རྒྱུ་བྱེད། ཁྱོད་ཀྱི་དངོས་གཞིའི་སྐར་མ་མི་བཟང་བས་ངས་པེ་ཅིང་ནས་དངོས་སུ་ཁྱོད་ལ་ཁ་རྒྱུགས་བླངས་རྗེས་ད་གཟོད་ཁྱོད་རང་བསྡུ་རྒྱུ་ཐག་གིས་བཅད། ཁྱོད་རང་བསྡུ་ལེན་བྱས་པ་ནི་ངས་ཐག་གིས་བཅད་པ་ཡིན། སྐབས་དེར་ངས་ཁྱོད་རང་བློ་རིག་རྣོ་བའི་མི་ཞིག་རེད་ཅེས་བརྡར་ཤ་བཅད། འོན་ཀྱང་བརྡར་གཅོད་དེ་ནི་ནོར་འཁྲུལ་ཅིག་རེད། རྒྱུ་མཚན་བརྡར་གཅོད་ནོར་འཁྲུལ་དེས་ངས་རང་ཉིད་ལ་ཁྱོད་དང་མཉམ་དུ་ཕམ་ཁའི་འགན་འཁུར་རོགས་བྱེད་དུ་བཅུག་པ་རེད། ད་ལྟ་ངས་ཁྱོད་རང་བློ་རིག་རྣོ་བའི་མི་ཞིག་མ་རེད། ཁྱོད་ལ་རིག་པ་དོན་གཉེར་བྱེད་མཁན་ཞིག་ལ་མཁོ་བའི་བློ་རིག་ཅིག་མི་འདུག་ཅེས་བརྡར་གཅོད་བྱ་ངེས། བློ་རིག་འདི་ནི་སུའུ་གྷི་ར་ཏིས་གསུངས་པ་ནང་བཞིན་གྱི“ངས་རང་ཉིད་ཀྱི་རྨོངས་པ་རྟོགས་ཡོད”ཟེར་བ་དེ་ཡིན། ཁྱོད་རང་སློབ་གྲྭར་འབྱོར་མ་ཐག་ནས་ཨ་རིར་སློབ་ཆེན་འགྲིམ་པ་ཤིན་ཏུ་སླ་སྙམ་ཞིང་ཇི་ལྟར་རྩེད་མོར་གཡེང་ཐབས་རྟོགས་ཡོད། ཁྱོད་ཀྱིས་མཚམས་མི་འཇོག་པར་རང་ཉིད་ཀྱི་ཤེས་མདོག་སྟོན། བགྲོ་གླེང་ལ་ཞུགས་ན་ཁྱོད་ཀྱིས་ཧ་མི་གོ་བ་ཞིག་ཡིན་ནའང་རྟག་པར་ཧ་གོ་སོང་ཁུལ་གྱིས་ཉ་ཉོག་ལུང་བ་གང་བཤད་ཡོང་། སློབ་ཁྲིད་ཀྱི་སྟེང་ཁྱོད་ཀྱིས་མ་རྩོམ་མི་ཀློག ངེས་ཀློག་དཔེ་དེབ་མི་ཉོ་བར་དྲ་སྒང་གི་དཔྱད་མཆན་རེ་དང་ངོ་སྤྲོད་མདོར་བསྡུས་རེར་བལྟས་རྗེས་དཔེ་ཆ་བཀླགས་ཚར་སོང་། ཧ་གོ་སོང་ཞེས་བསྙད་པར་སྣང་དོགས་མེད། དེ་བཞིན་དཔྱད་བརྗོད་མང་དུ་སྤེལ་ངེས། ཁྱོད་ལ་རང་ཉིད་བདེན་པ་ཡིན་པའི་གནས་ལུགས་བགྲང་ལས་འདས་པ་ཞིག་ཡོད་སྲིད་པས་ཁྱོད་ཀྱིས་ལས་སླ་པོས་ཧ་གོ་སོང་ཞེས་བསྙད་ཆོག ཁྱོད་རང་སློབ་གྲོགས་དང་དགེ་རྒན་དག་ལས་ཀྱང་ཧ་གོ་བ་ཤིན་ཏུ་སྐྱེན།

ཁྱོད་ལ་ཁྱོད་ཀྱི་རིག་པ་ཡོད། འོན་ཀྱང་ངས་ཁྱོད་ཀྱི་རིག་པ་རྩ་བ་ནས་བཟང་པོ་ཞིག་ཏུ་བརྩིས་མེད། དེ་ནི་ཚོང་ལས་གཉེར་བའི་རིག་པ་ཞིག་ལས་ཤེས་རིག་དོན་དུ་གཉེར་བའི་ཐབས་ཤེས་ཤིག་མ་རེད། ངའི་བརྡར་གཅོད་ཡིན་ན་ངའི་བསླབ་ཚན་སྔོན་མ་གསུམ་པོའི་སྟེང་བླང་བྱ་བཏོན་པའི་ངེས་ཀློག་དཔེ་དེབ་ཁྱོད་ཀྱིས་ཉོས་མེད་པ་མིན་པར་ཁྱོད་ཀྱིས་ཧ་གོ་མེད་པ་རེད། ཁྱོད་ཀྱིས་ངེས་པ་དོན་གྱིས་ནན་ཏན་སྒོས་བཀླགས་པའི་དཔེ་ཆ་ཞིག་ནི་ངའི་བསླབ་ཚན་བཞི་པ“གཤིབ་བསྡུར་གཏན་ཚིགས”སྟེང་གི《གཏན་ཚིགས》ཡིན། དེབ་འདི་མིག་སྔར་ཁྱོད་ཀྱིས60%ཧ་གོ་འདུག འདི་ནི་ཁྱོད་ཀྱི་ཡར་ཐོན་རེད།

ངས་ཁྱོད་ལ་གསལ་པོར་བཤད་ཆོག ཁྱོད་ཀྱི་སློབ་སྦྱོང་བྱེད་ཐབས་ངན་པ་འདིས་མ་མཐའ་ཡང་ཁྱོད་ཀྱི“C”གསུམ་པོ་དང“I”གཉིས་པོ་ལ་འགན་ཕྱེད་ཀ་འཁུར་དགོས། ཁྱོད་ཀྱི་སློབ་སྦྱོང་བྱེད་ཐབས་འདིས་རིག་པ་དོན་དུ་གཉེར་ཐབས་བྲལ། ཁྱོད་ཀྱིས་ཆ་འཕྲིན་རེ་འགའ་གོང་ནས་དུམ་བུ་བཅད། ཞོལ་ནས་དུམ་བུ་བཏུས་ཏེ་ཁྱོད་ཀྱི་དྲ་ཚིགས་སྟེང་བཀོད། གནའ་དུས་ཀྱི་ཇ་ཁང་ནས་སྒྲུང་བཤད་པ་དང་ཁོམ་གཏམ་ལབ་པ་ནང་བཞིན་ཉན་མཁན་ལ་བཀླག་ཆོག་པ་ཡིན། “འདི་ནི་ཁྱོད་ཀྱི་ཁེ་དབང་རེད། ”དེའི་དམིགས་ས་ནི་ཉན་མཁན་གྱི་སྤྲོ་བ་བསྐྱེད་རྒྱུ་དེ་ཡིན། དེར་མི་བཟང་རྒྱུ་མེད་པར་དེ་ཡང་སྨྱན་བྱད་ཀྱི་བྱེད་ཐབས་ཤིག་ཡིན།

འོན་ཀྱང་བྱེད་ཐབས་རིགས་འདི་རིག་པ་དོན་དུ་གཉེར་བར་གཏན་ནས་སྤྱོད་མི་འོས། རིག་པ་དོན་དུ་གཉེར་བ་ནི་མཚར་འཛིན་ཞིག་མིན་ལ་གང་མགྱོགས་སྒོས་ཆ་འཕྲིན་བསྡུ་རུབ་བྱེད་པ་ཞིག་ཀྱང་མ་ཡིན། རིག་པ་དོན་དུ་གཉེར་བ་ནི་ཕྲན་ཙམ་ཕྲན་ཙམ་བསགས། གཞན་གྱི་བྱ་བའི་རྨང་གཞིའི་སྟེང་མཐོང་ལམ་སྒྲིབ་པའི་རྩྭ་ལྡུམ་བསལ། དབྱེ་ཞིབ་ཕྲ་ཞིང་ཞིབ་པ་བྱས། དཔྱོད་ཤེས་ཀྱིས་རང་ཉིད་དང་སྔོན་རབས་པར་ཚ་འདྲི་བཏང་། དེ་ནས་སེམས་ཆུང་སྒོས་མདུན་དུ་རྡེའུ་ཆུང་ཆུང་འགའ་བསྒྲིགས་ཏེ་རྗེས་མ་རྣམས་འགྱེལ་དུ་འཇུག་མི་རུང་། འདི་ནི་ཅིའི་ཕྱིར་ཝེ་ཐྲི་གྷིན་སི་ཋན་གྱིས་གནད་དོན་གསལ་པོར་བརྗོད་ཐུབ་མིན་ནི་ཀུན་སྤྱོད་ཀྱི་གནད་དོན་ཞིག་ཡིན་ཞེས་པ་དེ་རེད།

ཁྱོད་རང་བཤད་ལ་དགའ་ཞིང་དུས་རྒྱུན་ཁ་གྲག་གྲག་ལ་ཡོད། འོན་ཀྱང་གནད་དོན་གསལ་པོར་བརྗོད་པ་ཤིན་ཏུ་ཉུང་། རིག་པ་དོན་དུ་གཉེར་དུས“ཁྱོད་ཀྱིས་བཤད་ཐུབ་པ་ཞིག་ཡིན་ཕྱིན་གསལ་པོར་ཤོད། ཁྱོད་ཀྱིས་གསལ་པོར་བཤད་མི་ཐུབ་པ་ཞིག་ཡིན་ན་ཁུ་སིམ་མེར་སྡོད།”(ཝེ་ཐྲི་གྷིན་སི་ཋན།)ཕྱོགས་ཙམ་ཤེས་དུས་ཉོག་གཏམ་བཤད་ན་དེར“མི་ཤེས་ཤེས་ཁུལ་བྱས་ན་ཐན”ཟེར། དེ་ནི་མི་ལ་གནོད་ཅིང་ཕྱོགས་སྟོན་ནོར་འཁྲུལ་དང་གཞན་གྱི་ཚེ་སྲོག་ཆུད་ཟོས་གཏོང་བ་ཞིག་ཡིན། རིག་པ་དོན་དུ་གཉེར་མཁན་གྱིས་རང་ཉིད་ཀྱི་སྐད་ཆ་རེ་རེར་འགན་འཁུར་དགོས་པ་ཡིན། གལ་ཏེ་ཁྱོད་ཀྱིས་མི་ནུས་པའམ་འགན་འདི་འཁུར་མི་འདོད་ན་ཁྱོད་རང་ལམ་ཁ་འདིར་མ་ཞུགས་རོགས། ངས་ཐོན་རྫས་འགྲེམ་འཚོང་པ་སྐྱེད་སྲིང་བྱེད་མི་སྲིད་ལ་སྙན་བརྗོད་བློ་འགུག་གི་དྲ་རྒྱའི་རྩོམ་སྒྲིག་པའང་སྐྱེད་སྲིང་བྱེད་པའི་ནུས་པ་མེད། ཁྱོད་ཀྱི་ཤེས་ཡོན་གྱི་ཆུ་ཚད་ཤིན་ཏུ་དམའ་བས་ཁྱོད་ཀྱིས་སྲོག་རྩར་ཐུག་པའི་སྐྱོན་ཆ་འདི་དག་ཡོ་བསྲང་བྱས་ན་ད་གཟོད་རིག་པ་དོན་དུ་གཉེར་ཐུབ། ཤེས་ཡོན་གྱི་ཆུ་ཚད་དམའ་བར་འཚུབ་ཆ་སྐྱེ་དགོས་དོན་མེད་དེ། ཁྱོད་ཀྱིས་རྨང་གཞི་ནས་མགོ་བརྩམས་ཏེ་ཁ་གསབ་གང་བཟང་བྱས་ན་རྗེས་ཆོད་ངེས་ཡིན། འོན་ཀྱང་ཁྱོད་ཀྱིས་ཁྱད་མཚར་ཞིང་ཡོན་ཏན་པའི་སྤྱོད་ལམ་དང་ཆ་མི་མཚུངས་པའི་བྱེད་ཐབས་ཀྱིས་ཁྱོད་ཀྱི་སྲོག་རྩར་ཐུག་པའི་ཞན་ཆ་དག་གཡོ་འགེབས་བྱས་པ་རེད།

དཔེ་མཚོན་དང་པོ་ནི། ཁྱོད་རང་ཐོག་དང་པོར་འབྱོར་ནས་ང་དང་ལབ་གླེང་བྱེད་དུས་ཚིག་ཟུར་རེ་ནས་སྤྱི་ཚོགས་ཀྱི“མི་སྣ་གྲགས་ཅན”རེ་འདྲེན་ཐབས་བགྱིས་ཏེ་མི་འདི་མི་གན་ཟེར་ནས་ཁྱོད་ཀྱིས་ཁོ་ཚོ་ཚང་མ་ངོ་ཤེས་པའི་བཟོ་ལྟ་སྟོན། ཁྱོད་ཀྱིས་བཤད་པའི“མི་སྣ་གྲགས་ཅན”དེ་དག་གི་ཕྱེད་ཀ་ཙམ་ཡང་ངས་ངོ་མི་ཤེས་ལ་ཁྱོད་ཀྱིས་ཅིའི་ཕྱིར་མི་དེ་དག་གི་རུས་མིང་ཁྱོད་དང་འུ་གཉིས་ཀའི་ལབ་གླེང་ཁྲོད་དུ་འདྲེན་དགོས་པའང་རྟོགས་མ་སོང་། ངས་སྤྱི་ཚོགས་ཀྱི“མི་སྣ་གྲགས་ཅན”དེ་དག་ངོ་ཤེས་འདོད་མེད། གལ་སྲིད་ཁོ་ཚོར་གྲུབ་འབྲས་ཡོད་ན་ང་རང་ཁོ་ཚོའི་ཆེད་དུ་དགའ་བ་འཕེལ་སྲིད། འོན་ཀྱང་ཁོ་ཚོ་དང་འུ་ཚོའི་བར་འབྲེལ་བ་སྤུ་ཙམ་ཡང་མེད།

ཁྱོད་ཀྱིས་རིག་པ་དོན་དུ་གཉེར་འདོད་ན་ང་དང་མཉམ་དུ་སློབ་སྦྱོང་བཟང་པོ་བྱེད་དགོས་པ་ལས་སྤྱི་ཚོགས་ཀྱི“མི་སྣ་གྲགས་ཅན”བསྙེག་དགོས་དོན་མེད། རིག་གཞུང་ནི་སྤྱི་ཚོགས་ཀྱི་འབྲེལ་བ་མིན་ལ་སྙན་གྲགས་རྒྱས་པའང་མིན་པར་ཁ་རོག་གེར་རྐུབ་སྟེགས་སུ་སྡོད་དགོས་པ་ཞིག་ཡིན། ཁྱོད་ཀྱིས་རིག་པ་དོན་དུ་གཉེར་བའི་དམིགས་ས་ནི་ངེས་པར་དུ་བདེན་ལུགས་ཀྱི་དགའ་ཞེན་དང་མ་ཤེས་པ་ཤེས་འདོད་ཀྱི་མཚར་བློ་ཡིན་དགོས། སྙན་གྲགས་རྒྱས་མིན་དེ་རིག་པ་དོན་གཉེར་ཅན་ལ་འབྲེལ་བ་མེད་ལ་གཟེངས་རྟགས་ཐོབ་མིན་ཡང་ཟ་སྐལ་གནམ་ནས་བབས་པའི་དཔེ་བཞིན་ཡིན། རིག་པ་དོན་གཉེར་ཅན་ལ་མཚོན་ན་རིག་པ་དོན་དུ་གཉེར་བའི་ལས་དེ་ནི་མ་གཞི་ནས་དགའ་འོས་པའི་ལས་ཤིག་ཡིན། སྤྱི་ཚོགས་ཀྱི“མི་སྣ་གྲགས་ཅན”དག་ལ་བརྟེན་ནས་ཁྱོད་རང་གི་གོ་གནས་མཐོ་རུ་འདེགས་བསམས་ན་ཁྱོད་ཀྱིས་མི་གཞན་ལ་མགོ་སྐོར་བ་མིན་ན་རང་ཉིད་ལ་མགོ་སྐོར་བ་ཡིན་ཏེ། ཁྱོད་ཀྱི་ལྷན་སྐྱེས་ཀྱི་ཞན་ཆ་གཡོ་འགེབས་བྱེད་བསམ་པ་དང་རང་རྟོན་གྱི་བསམ་པ་མེད་པས་ཡིན། གལ་སྲིད་ཁྱོད་ཀྱིས་ཁྱོད་རང་ཉིད་ཀྱི་མི་གཞིའི་ཟིལ་ཤུགས་ཀྱིས་གཞན་གྱི་ཡིད་རྟོན་འཐོབ་མི་འདོད་ཚེ་ཁྱོད་ཀྱིས་ཀྱང་རིག་པ་དོན་དུ་གཉེར་ཐབས་མི་འདུག

དཔེ་མཚོན་གཞན་ཞིག་ནི། ཁྱོད་ཀྱིས་སློབ་ཁྲིད་ག་གེ་མོའི་སྟེང་རྐུ་བཤུས་བྱས་པའི་གནད་དོན་དེ་ཡིན། ཁྱོད་ཀྱིས་ང་ལ་འདི་ལྟར་འགྲེལ་བརྗོད་བྱས་ཆོག དྲ་ཐོག་ནས་འདྲ་བཤུས་བྱས་པ་སྦྱར་ཏེ་ལས་བྱའི་ཚུལ་དུ་ང་ལ་སྤྲད་ན“རྐུ་བཤུས”མི་ཟེར། ང“གོ་ནོར”ཐེབས་སོང་བ་རེད། དོན་དངོས་ཐོག་ངས་ཀྱང་ཁྱོད་ཀྱིས་རྐུ་བཤུས་བྱས་སོང་ཞེས་སྙན་ཞུ་བྱས་མེད། ཁྱོད་ཀྱིས་རང་སྐྱོན་ངོས་མི་ལེན་པའི་གསལ་བཤད་ཚར་རྒྱུ་མེད་པ་དེ་དག་ལྷག་མ་རེད།

ཁྱོད་ཀྱིས་ངས་བསམ་ཤེས་བྱེད་ཐུབ་ཀྱིན་མེད་པར་ལེ་བདའ་ནའང་། ངས་བསམ་ཤེས་བྱེད་ཐུབ་ཡོད་མེད་དེ་རྩ་བའི་གནད་འགག་མ་རེད། གནད་འགག་ནི་གཅིག་ན་ངས་དོན་འདི་སྙན་ཞུ་བྱས་མེད། གཉིས་སུ་ངས་གོ་ནོར་ཐེབས་ཡོད་མེད་གང་ཡིན་ཡང་། དོན་དངོས་སུ་ཁྱོད་ཀྱིས་སྤྲད་པའི་ལས་བྱའི7%ཡན་ནི་དྲ་སྟེང་གི་གཞན་རྩོམ་དང་ཡོངས་སུ་གཅིག་མཚུངས་རེད། འདི་ལ“རྐུ་བཤུས”ཟེར། ཁུ་རེན་ཋོན་གཙུག་ལག་སློབ་ཆེན་གྱི་གཏན་ཕབ་མཚན་ཉིད་ལྟར་ན7%ཡན་གཞན་གྱི་བཤད་སྒྲོས་སུ་འབྲངས་ཡོད་ན་དེ་ལ“རྐུ་བཤུས”ཟེར། དོན་འདི་ནི་ཁྱོད་ཀྱིས་རང་ཉིད་རྨང་གཞི་ཞན་པ་དང་སློབ་གཉེར་ནུས་པ་མེད་པའི་ཞན་ཆ་ལ་ཚུལ་མིན་གྱི་ཐབས་ཤེས་བཙལ་ཅིང་གཡོ་འགེབས་བྱེད་པར་ངས་བློ་ཐག་རྦད་ཆོད་སྒོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུའི་མགོ་རྩོམ་ས་ཡིན། ངས་ཁྱོད་ཀྱིས་ཚུལ་མིན་གྱི་ཐབས་ཤེས་འཚོལ་བར་དོགས་ཟོན་དང་ངོ་རྒོལ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཁ་གཏད་དུ་ལངས་ནས་གཟའ་འཁོར་སྔོན་མའི་མཐའ་མཇུག་གི་རྒྱུགས་སྤྲོད་ཐེངས་བར་ཡོང་བ་ཡིན།

ཁྱོད་ཀྱིས་ཐེངས་དང་པོར་རྐུ་བཤུས་བྱས་པའི་དོན་དེའི་ཐད་མ་གཞིར་ངས་ཁྱོད་ཀྱིས“དགོངས་པ་མ་ཚོམ། ངས་སླར་ཡང་འདི་ལྟར་བསྒྲུབ་མི་སྲིད”ཅེས་བཤད་པར་རེ་ཞིང་སྨོན་ཡོད། ཡིན་ཡང་ང་ལ་ཐོབ་པ་ནི་ངས་ཅིའི་ཕྱིར་ཁྱོད་ཀྱི“རྐུ་བཤུས་མིན”ཟེར་བའི་གསལ་བཤད་དེར་བསམ་ཤེས་བྱེད་མི་ཐུབ་བམ་ཞེས་པའི་ཡང་དང་བསྐྱར་གྱི་སྡུག་ཡུས་དང་འཁང་ར་དེ་རེད། ངས་ཁྱོད་རང་གོང་གཏུག་བྱས་མེད་ལ་ཐ་ན་ཁྱོད་ཀྱི་བྱ་དགའི་རོགས་དངུལ་ཡང་མེད་པར་བཏང་མེད། འདི་ནི་ངས་བསྒྲུབ་ཐུབ་པའི་ཁྱོད་རང་སྲུང་སྐྱོབ་བྱེད་ཐབས་ཆེ་ཤོས་ཤིག་ཡིན་ལ་ཁྱོད་ཀྱིས་ནོར་བཅོས་བྱེད་པར་གོ་སྐབས་སྤྲད་པའང་ཡིན། འོན་ཀྱང་ཁྱོད་ཀྱིས་ང་རང་ལ་དེ་ནི་རྐུ་བཤུས་མིན་ཞེས་པ་བཙན་གྱིས་དང་ལེན་བྱེད་དུ་འཇུག་འདོད་ཀྱིན་ཡོད། འདི་ནི་ཁྱོད་ཀྱིས་མཛུབ་མོ་གར་བསྟན་ཤར་ཡིན་ཟེར་བ་རེད། དེ་ལས་གཞན་ཁྱོད་ཀྱིས་མངོན་སུམ་འཛེམ་མེད་སྒོས་རང་གི་སློབ་དཔོན་ལ་ཁྱོད་དང་མཉམ་དུ་རང་ཉིད་ཀྱིས་རང་ཉིད་ལ་མགོ་སྐོར་གཏོང་རོགས་བྱ་དགོས་པའི་རེ་བ་བཏོན་པས་དེ་ནི་ཅི་འདྲའི་དགོད་བྲོ་ཞིང་བག་ཚ་བ་ཞིག་རེད་ཨང་།

ཁྱོད་ཀྱིས་ནོར་འཁྲུལ་ཁས་མི་ལེན་ན་ངས་རྩད་ཞིབ་མ་བྱས་ན་ཆོག་མོད། འོན་ཀྱང་ངས་ཁྱོད་ལ་བཅངས་པའི་ཡིད་རྟོན་ཤོར་སོང་བ་ཡིན། གལ་ཏེ། ཁྱོད་ཀྱིས་སྔར་བཞིན་ཤེས་རིག་དོན་དུ་གཉེར་འདོད་ན་ཁྱོད་ལ་དུས་གཏན་དུ་རང་ཉིད་ཀྱི་ནོར་འཁྲུལ་ངོས་ལེན་དང་ཁུར་དུ་ལེན་པའི་ནུས་པ་དང་བློ་སྟོབས་མཁོ་བ་ཡིན། དེ་མིན་ཁྱོད་ལ་ཤེས་རིག་དོན་དུ་གཉེར་ཐབས་མེད།

ཁྱོད་ཀྱིས་ཁུར་དུ་ལེན་པའི་འགན་འཁྲི་ལ་ཁྱོད་ཀྱི་མི་གཞིའི་གས་ཁའང་འདུས་ཡོད། གནད་འདི་ཡོད་ཚད་ཁྱོད་ལ་ལེ་བདའ་བྱས་ནའང་མི་འགྲིག མི་གཞིའི་གས་ཁ་ནི་སློབ་གསོ་ཡ་མ་གཟུགས་ཀྱི་མཇུག་འབྲས་ཡིན་ལ། ངས་མཇུག་མཐར་བརྗོད་པར་བྱ་བའི་ཁྱོད་ཀྱི་སྤྱི་ཚོགས་རྒྱབ་ལྗོངས་ཀྱི་འགན་འཁྲིའང་ཡིན། ཁྱོད་ནི་ངས་མཐོང་བའི་ནང་སེམས་ཆེས་ཆེར་འགལ་ཟླར་གྱུར་པའི་སློབ་མ་ཞིག་རེད། ངས་ཁྱོད་ཀྱི་སྤྱི་ཚོགས་རྒྱབ་ལྗོངས་མཐོང་དུས་ངས་ཁྱོད་ཀྱི་མི་གཞིའི་གས་ཁ་ལ་གདུང་སེམས་སྐྱེས་འོང་། འོན་ཀྱང་ངས་དེ་ནི་ནད་རྟགས་ཤིག་རེད་ཅེས་སྟོན་ངེས། ཁྱོད་ཀྱིས་གང་མགྱོགས་སྒོས་སེམས་ཁམས་སྨན་པར་རོགས་བྱེད་དུ་བཅུག་སྟེ་མི་གཞིའི་གས་ཁ་འདི་བཅོས་ཐབས་བྱ་འོས། ཤེས་རིག་དོན་དུ་གཉེར་མཁན་ནི་ངེས་པར་དུ་ཕྱི་ནང་ཆ་མཚུངས་དང་གཏམ་སྤྱོད་གཅིག་མཐུན་ཞིག་ཡིན་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།