ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གྲྭ་ཆུང་འབྲིང་གི་སློབ་མར་གསལ་འདེབས་བྱས་པའི་གུང་གསེང་བདེ་འཇགས་ཐད་ཀྱི་དོན་ཚན་ཞེ་གཉིས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རླངས་ཚ་སྐལ་རྒྱམ་གྱིས་བསྒྱུར།   སྤེལ་དུས། : 2021-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན།

1、སྤྱི་སྤྱོད་འགྲིམ་འགྲུལ་དང་གློག་སྐས་ལ་སྡོད་སྐབས་ཁ་ཐུམ་རྒྱག་དགོས།

2、 མི་མང་འདུ་སར་མི་འགྲོ་བ།

3、 ཕྱི་ནས་ནང་ལ་ལོག་དུས་སྔོན་ལ་ལག་པ་བཀྲུ་དགོས།

4、ཁྱིམ་ནས་སྡོད་སྐབས་སྒེའུ་ཁུང་བརྒྱངས་ནས་མཁའ་དབུགས་རྒྱུག་ཏུ་འཇུག་དགོས།

5、ཉེན་ཁ་ཆེ་བའི་ས་ཁུལ་དུ་ཡུལ་སྐོར་ལ་མི་འགྲོ་བ།

6、ངལ་གསོ་དང་སྦྱོང་བརྡར་རན་པར་བྱེད་རྒྱུར་དོ་སྣང་དང་། འཚོ་བཅུད་དོ་མཉམ་ཡོང་བ་བྱེད་དགོས།

གཉིས། འགྲིམ་འགྲུལ་བདེ་འཇགས།

7、འགྲིམ་འགྲུལ་སྒྲིག་ལམ་བརྩི་སྲུང་ཡག་པོ་བྱས་ཏེ། གློག་དམར་མི་བརྒལ་བ་དང་། བར་གྱང་བཅད་ར་སོགས་མི་བརྒལ་བ་བྱེད་དགོས།

8、རྐང་ཐང་དུ་འགྲོ་བ་དང་ཡང་ན་བཞོན་པར་ཞོན་ནས་འགྲོ་སྐབས་ལག་འཁྱེར་ཁ་པར་ལ་མི་བལྟ་བ་དང་རོལ་དབྱངས་ལ་མི་ཉན་པ།

9、གཞུང་ལམ་གྱི་འགྲམ་དང་ཡང་ན་རླངས་འཁོར་འཇོག་སར་གང་འདོད་དུ་རྩེད་འཇོར་མི་རོལ་བ།

10、ལོ་ན12ལ་མ་སོན་པའི་བྱིས་པས་བགྲོད་ལམ་དུ་ལྕགས་རྟར་ཞོན་མི་ཆོག་པ་དང་། དར་མའི་ལག་འཁྱེར་ཁ་པར་ཐོག་ནས་མཉམ་སྤྱོད་ལྕགས་རྟ་སྤྱོད་པའི་འགྲོ་ལུགས་སོགས་བསྒྲུབ་མི་རུང་། ལྕགས་རྟའམ་གློག་སྒུལ་ལྕགས་རྟར་ཞོན་སྐབས་བདེ་སྲུང་ཞྭ་མོ་གྱོན་དགོས།

11、ལོ16ཡན་ལ་སོན་པའི་སློབ་མས་གློག་སྒུལ་ལྕགས་རྟར་ཞོན་སྐབས་བདེ་སྲུང་ཞྭ་མོ་གྱོན་དགོས།

12、ཁྱིམ་སྤྱོད་རླངས་འཁོར་དང་འགྲུལ་སྐྱེལ་རླངས་འཁོར་ཆེན་པོའི་ནང་སྡོད་སྐབས་ཉེན་སྲུང་ཐག་པ་བཅིངས་དགོས།

གསུམ། ཆུར་ལྷུང་བའི་དོན་རྐྱེན་སྔོན་འགོག

13、ཆུ་འགྲམ་དང་། ཆུ་འོབས། བཟོ་ལས་རྫིང་བུ་སོགས་ཡོད་སར་མི་རྩེ་བ།

14、ཆུ་དང་རྐ་གཞུང་དུ་ལྷུང་བའི་དངོས་པོ་མི་ལེན་པ།

15、ཆུ་འགྲམ་དུ་བཀྲུ་ཁྲུས་དང་ཉ་འཛིན་པ་སོགས་མི་བྱེད་པ།

16、ཆུ་འགྲམ་དང་མཚེའུ་སོགས་བདེ་འཇགས་སྒྲིག་བཀོད་མེད་པ་དང་རོགས་སྐྱོབ་བྱེད་མཁན་མེད་པའི་ཆུ་འགྲམ་དང་མཚེའུ་སོགས་སུ་ཆུར་རྐྱལ་བ་དང་ཆུ་རྩེད་མི་བྱེད་པ།

17、ཆུ་རྐྱལ་རྫིང་བུའི་ནང་དུ་གང་འདོད་ཀྱི་རྩེད་འཇོ་མི་བྱེད་པ།

18、རོགས་པ་ཆུ་ནང་དུ་ལྷུང་བ་ཤེས་འཕྲལ། མྱུར་དུ་མི་དར་མ་རོགས་རམ་དུ་འབོད་པ་དང་།དུས་མཚུངས་སུ་སྲོག་སྐྱོབ་དབུགས་ལྒང་དང་། སོབ་པང་། སྲོག་སྐྱོབ་ཐག་པ་སོགས་ཆུ་ནང་དུ་ལྷུང་བའི་མི་ལ་སྤྲད་ཆོག་ཀྱང་། རྨོངས་ཚོད་ཀྱི་ཧོལ་རྒྱུག་གཏན་ནས་མི་བྱེད་པ།

བཞི། ཁྱིམ་གྱི་བདེ་འཇགས།

19、ཐོག་ཁང་གི་སྒེའུ་ཁུང་དང་ཉི་ཁྱམས་ཀྱི་སྟེང་ནས་རྩེད་རྒྱུག་མི་བྱེད་པ།

20、ལག་པ་རློན་པའམ་ཡང་ན་རས་རློན་གྱིས་ཁྱིམ་སྤྱོད་གློག་ཆས་ལ་མི་ཐུག་པ།

21、མི་ཆ་མེད་ལ་གང་འདོད་དུ་སྒོ་མི་ཕྱེ་བ།

22、སྒེའུ་ཁུང་ནས་དངོས་པོ་ཕྱི་རོལ་ཏུ་མི་གཡུག་པ།

23、འབར་རླངས་སྒྲིག་ཆས་ཚད་ལྡན་ངང་སྤྱོད་དགོས་པར་མ་ཟད་སྒེའུ་ཁུང་ཕྱེས་ནས་རླུང་རྒྱུག་པར་དོ་སྣང་བྱེད་དགོས།

24、མེ་ལ་མི་རྩེ་བ་དང་། མེ་དགྲ་བྱུང་ཚེ་དུས་ཐོག་ཏུ119ལ་ཁ་པར་གཏོང་དགོས།

ལྔ། རོལ་རྩེད་ཀྱི་བདེ་འཇགས།

25、དྲ་ཁང་དང་ཆང་ཁང་། གློག་རྡུལ་རོལ་རྩེད་ཁང་སོགས་ནར་མ་སོན་པའི་བྱིས་པ་སོང་མི་ཆོག་པའི་གནས་སུ་མི་འགྲོ་བ།

26、ལག་འཁྱེར་ཁ་པར་དང་ལེབ་གཅིག་གློག་ཀླད་སོགས་གློག་རྡུལ་ཐོན་རྫས་སྤྱོད་པའི་དུས་ཚོད་ལ་ཚོད་འཛིན་བྱས་ནས་ཉིན་རེའི་ཆུ་ཚོད22པ་ནས་ཕྱི་ཉིན་གྱི་ཆུ་ཚོད8པའི་བར་དྲ་རྒྱའི་རོལ་རྩེད་ལ་མི་ཞུགས་པ།

27、དྲག་ཤུགས་དང་ཆགས་སྲེད་སོགས་བདེ་ཐང་མིན་པའི་དྲ་བའི་རོལ་རྩེད་ལ་མི་འཇུག་པ་དང་།ཆ་འཕྲིན་རྫུན་མ་བཟོ་བ་དང་བརྒྱུད་སྒྲོག་བྱེད་པ་སོགས་མི་བྱེད་པ།

28、ཆ་འཕྲིན་བདེ་འཇགས་ལ་དོ་སྣང་བྱས་ཏེ་རང་ཉིད་དང་།ཁྱིམ་མི།མི་གཞན་བཅས་ཀྱི་མིང་དང་འདྲ་པར་སོགས་ཀྱི་ཆ་འཕྲིན་དྲ་ཐོག་ཏུ་མི་འཇོག་པ།

29、དྲ་གྲོགས་སྒྲིག་པ་དང་ངོ་མི་ཤེས་པའི་དྲ་གྲོགས་ལ་ཐུག་འཕྲད་བྱེད་པར་གཟབ་དགོས་པར་མ་ཟད།གློག་འཕྲིན་དང་དྲ་ཐོག་ནས་མགོ་སྐོར་གཏོང་བར་ཡང་དོགས་ཟོན་བྱེད་དགོས།

30、ཨར་ལས་ལས་ཡུལ་དང་མེ་འཁོར་རྒྱུག་ལམ། མཐོ་གནོན་གློག་སྐུད་སོགས་ཉེན་ཁ་ཆེ་བའི་གནས་སུ་མི་རྩེ་བ།

དྲུག ཡུལ་སྐོར་བདེ་འཇགས།

31、གསར་གཏོད་བྱས་མེད་པ་དང་སྒོ་ཕྱེས་མེད་པའི་ལྗོངས་ཁུལ་དུ་ཡུལ་སྐོར་ལ་མི་འགྲོ་བ།

32、ཡུལ་སྐོར་ལ་འགྲོ་དུས་ཚད་ལྡན་དང་ཡིད་རྟོན་བྱས་ཆོག་པའི་ཡུལ་སྐོར་སྣེ་ལེན་ཁང་དུ་སོང་ནས་ཡུལ་སྐོར་གྱི་གན་རྒྱ་འཇོག་པ་དང་འབྲེལ་ཡོད་ཀྱི་ཉེན་འགོག་ཉོ་དགོས།

33、རླངས་འཁོར་དང་། གྲུ་གཟིངས། གནམ་གྲུ་སོགས་ལ་གློ་བུར་ཆག་སྒོ་བྱུང་བའི་སྐབས་ཀྱི་བདེ་འཇགས་ཤེས་བྱ་ལ་སློབ་སྦྱོང་དང་། རང་ཉིད་སྲུང་ཐབས་དང་ཉེན་ཁ་ཐག་གཅོད་བྱེད་ཐབས་སོགས་ཀྱི་རྒྱུན་ཤེས་ཁོང་དུ་ཆུད་པར་བྱེད་དགོས།

34、མགྲོན་ཁང་ལ་འདུག་དུས་མེ་ཟོན་ཐར་ལམ་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ་མགྲོན་ཁང་གི་འབྲེལ་གཏུག་ཁ་པར་ལེན་དགོས།

35、ཉེན་ཁའི་རྟགས་མཚན་བཀོད་པའི་གནས་སུ་མི་འདུག་པ་དང་།པར་ལེན་མི་ཆོག་པའི་བརྡ་རྟགས་ཡོད་སར་པར་མི་ལེན་པ།

36、ཡུལ་སྐོར་བྱེད་སའི་གནས་ཀྱི་གོམས་སྲོལ་དང་འཛེམ་བྱར་རྒྱུས་ལོན་དང་བརྩི་འཇོག་བྱེད་དགོས།

བདུན། སེམས་ཁམས་བདེ་འཇགས།

37、ཕ་མ་དང་། ཁྱིམ་མི། གྲོགས་པོ་བཅས་དང་ཉམས་མྱོང་སྤེལ་རེས་དང་འབྲེལ་འདྲིས་མང་ཙམ་བྱེད་དགོས།

38、རང་ཉིད་ཀྱི་ཁྱིམ་མི་དང་གྲོགས་པོ་སོགས་དང་མཉམ་དུ་སྡོད་སྐབས་ཀྱི་ཉམས་དགའ་བའི་མཐོང་ཐོས་མྱོང་གསུམ་གསར་རྩོམ་དང་ཟིན་ཐོར་འགོད་པ།

39、མི་གཞན་ལ་བསམ་ཤེས་དང་གུ་ཡངས་མང་དུ་བྱེད་པ་དང་། རང་སེམས་ལ་ཡར་སྐུལ་དང་ངོ་གདོང་ལ་འཛུམ་ཉམས་གཏོད་པ།

40、གནད་དོན་བྱུང་ཚེ་རང་ནུས་ཀྱིས་ཐག་གཅོད་བྱེད་པ་དང་།དུས་མཚུངས་སུ་བློ་འདྲི་དང་རོགས་སྐྱོར་ཡང་བསྟེན་ཤེས་དགོས།

41、རྐྱེན་ངན་ལ་འཕྲད་ཀྱང་དཔའ་མི་ཞུམ་པར་རང་གི་འཇོན་ཐང་ལ་ཡིད་ཆེས་བྱེད་པ།

42、དྲིན་གཟོ་ཤེས་དང་རང་སེམས་གཅུན་ཤེས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་ནས་གུང་གསེང་ལ་རོལ་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།