ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་རྒྱུགས་མཇུག་རྫོགས་རྗེས་ཀྱི་ཤ་ཚའི་གསལ་འདེབས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཐོ་རྒྱུགས་ལ་ཞུགས་རྗེས་ཀྱི་སློབ་མ་རྣམས་ལ་བདེ་འཇགས་དང་བདེ་ཐང་གི་དབྱར་སྣང་སྐྱིད་པོ་ཞིག་རོལ་ཏུ་འཇུག་ཆེད།ཟི་ལིང་གྲོང་ཁྱེར་སློབ་གསོ་རྒྱུགས་ལེན་སློབ་གླིང་གིས་ཤ་ཚ་བའི་གསལ་འདེབས་དྲོན་མོ་ཞིག་འགྲེམ་སྤེལ་བྱས་ཡོད་པ་སྟེ།

གཅིག རིམས་ནད་བདེ་འཇགས་ལ་མཉམ་འཇོག་དགོས།

མཐོ་རྒྱུགས་མཇུག་རྫོགས་ནའང་།རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ལྷོད་གཡེང་གཏན་ནས་བྱེད་མི་རུང་།རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་གྱུར་པའི་གནས་ཚུལ་འོག ལྷོད་གཡེང་དང་སྣང་ཆུང་སྤུ་ཙམ་ཡང་བྱེད་མི་རུང་། རིམས་ནད་ཀྱི་ཉེན་ཁ་ཆེ་བའི་ས་ཆར་མི་འགྲོ་བ་དང་།མི་དམངས་འདུ་སར་འགྲོ་སྐབས་ཁ་ཐུམ་བརྒྱབ་སྟེ།རང་རྟོགས་ཀྱིས་སྒེར་གྱི་འགོག་སྲུང་ལེགས་པོར་བསྒྲུབ་པ་དང་།སྤྱི་པའི་འཕྲོད་བསྟེན་གྱི་བདེ་འཇགས་འགན་སྲུང་ལེགས་པོ་བྱེད་དགོས།རྒྱུན་དུ་ལག་པ་བཀྲུ་བ་དང་ཁྲུས་བྱེད་པ།གྱོན་པ་བརྗེ་བ།སྒེའུ་ཁུང་ཕྱེ་བ་བཅས་བྱེད་དགོས་པར་མ་ཟད།དུས་བཅད་ལྟར་དུག་སེལ་བྱེད་དགོས།

ཕྱི་རོལ་ཏུ་ཟ་མ་བཟའ་བའམ་ཡང་ན་ཁྱིམ་ནས་ཟ་མ་བཟའ་བ་གང་ཞིག་ཡིན་རུང་།“གསོལ་ཆས་ཆེད་སྤྱོད་དང་བཟའ་བཏུང་ལུགས་མཐུན།སྤྱི་སྤྱོད་ཐུར་མ་བཀོལ་བ”སོགས་བྱེད་དགོས།

གཉིས། མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་དགོས།

མཐོ་རྒྱུགས་མཇུག་རྫོགས་རྗེས།སློབ་མ་རྣམས་ཀྱིས་བརྗེད་དཀའ་བའི་དོན་དག་མང་པོ་ཞིག་ཉམས་སུ་མྱོང་ངེས་རེད།ན་གཞོན་རྣམས་རང་ཉིད་ཀྱི་འདྲ་པར་གྲོགས་ཚོམས་སུ་བཞག་ནས་ཚང་མར་རོལ་མྱོང་བྱེད་དུ་འཇུག་རྒྱུར་ཧ་ཅང་དགའ་མོད།འོན་ཀྱང་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་མཉམ་འཇོག་བྱེད་དགོས།རྒྱུགས་སྤྲོད་དཔང་ཡིག་དང་ཐོབ་ཐང་ལག་ཁྱེར།སློབ་མའི་ཨང་རྟགས།གསང་གྲངས། རྒྱུགས་འབྲས། རྒྱུགས་འབྲས་འདྲི་རྟོག་ལྡེབ་ངོས། མཐོ་རྒྱུགས་ཀྱི་འདོད་མོས་རེའུ་མིག སློབ་བསྡུའི་བརྡ་ཐོ་སོགས་གྲོགས་ཚོམས་སུ་བཞག་ནས། ཁྲིམས་འགལ་ཅན་ལ་གོ་སྐབས་བསྐྲུན་མི་རུང་།

གསུམ། སེམས་ཁམས་བདེ་ཐང་ལ་མཉམ་འཇོག་དགོས།

ལས་རིགས་སུམ་བརྒྱ་དྲུག་ཅུ་ལས་མཁས་པ་རེ་རེ་འབྱུང་སྲིད་པས།མཐོ་རྒྱུགས་དེ་མི་ཚེའི་གདམ་ཀ་ཁོ་ན་རུ་སེམས་མི་རུང་།རྒྱུགས་འབྲས་བཟང་ན་ང་རྒྱལ་མི་སྐྱེས་པ་དང་།རྒྱུགས་འབྲས་ཞན་ན་ཡིད་སེམས་མི་ཕམ་པར།རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་བཏོན་ཟིན་པ་ཡིན་ན་བློ་འགྱོད་མི་སྐྱེས་པ་བྱེད་དགོས།རྒྱུགས་བླངས་ཚར་རྗེས་སེམས་པ་ལྷོད་གཡེང་ངང་བསམ་པའི་གནས་བབ་ལེགས་པོ་རྒྱུན་འཁྱོངས་བྱེད་དགོས།སེམས་ཁམས་བདེ་ལ་འབབ་པར་ཕན་པའི་དཔེ་ཆ་ཀློག་པ་དང་སྤྱི་ཕན་བྱ་འགུལ་ནང་ཞུགས་པ།ཕྱི་རོལ་ཏུ་སོང་ནས་རང་བྱུང་ཁམས་ཆེན་མོར་འབྲེལ་འདྲིས་བྱས་ཏེ་སྐྱིད་པའི་འཚོ་བར་རོལ་མྱོང་བྱེད་དགོས།

བཞི། མགོ་གཡོག་མགོ་བསྐོར་ལ་མཉམ་འཇོག་དགོས།

སློབ་བསྡུའི་མགོ་བསྐོར་ལ་མཉམ་འཇོག་དགོས།ཁྲིམས་འགལ་པ་མང་པོ་ཞིག་གིས་མཐོ་རིམ་སློབ་གྲྭའི་དཔང་ཡིག་རྫུན་མ་བཟོས་ཏེ།སློབ་གྲྭས་རང་བདག་གིས་སློབ་མ་བསྡུ་བ་དང་།བསྡུ་ཡུལ་གཏན་ཁེལ་གྱིས་སློབ་མ་བསྡུ་བར་ཁ་གཡར་བ་དང་།ཁོ་ཚོར་ནང་ཁུལ་གྱི་དམིགས་ཚད་དང་རང་བདག་དམིགས་ཚད།སྐབས་བསྟུན་དམིགས་ཚད་སོགས་ཡོད་པར་བཤད་དེ་སློབ་མར་མགོ་བསྐོར་གཏོང་བཞིན་ཡོད་ལ།ཁྲིམས་འགལ་པ་ཁ་ཤས་ཀྱིས་ད་རུང་དམག་དཔོན་སློབ་གྲྭའི་སློབ་བསྡུ་ཡིག་ཆ་དང་ཐམ་ག་སོགས་རྫུན་མ་བཟོས་ནས་སློབ་མ་དང་ཁྱིམ་བདག་ལ་མགོ་བསྐོར་གཏོང་བཞིན་ཡོད།

ཡིད་ལ་འཛིན་དགོས་པ་ཞིག་ནི།མཐོ་རྒྱུགས་ཀྱི་སློབ་བསྡུའི་འགྲོ་རིམ་ཡོངས་རྫོགས་ཁྲིམས་མཐུན་དང་སྤྱི་གསལ་དང་སྤྱི་བསྒྲགས་བཅས་ཡིན་པས།སྟབས་ལེགས་ཀྱི་སེམས་ཁམས་གཏན་ནས་ཡོད་མི་རུང་།སློབ་བསྡུའི་གོ་རིམ་ཁྲོད་དཀའ་གནད་དང་འཕྲད་སྐབས།སྒོར་མོ་བྱིན་ན་ཐག་གཅོད་བྱེད་ཐུབ་པར་བཤད་པ་སོགས་ལ་གཏན་ནས་ཡིད་ཆེས་བྱེད་མི་རུང་།དེ་ལས་གཞན་ད་རུང་ཁྲིམས་འགལ་པ་ཁ་ཤས་ཀྱིས་སློབ་བསྡུའི་བརྡ་སྦྱོར་རྫུན་མ་བཟོས་ནས།སློབ་མར་གཏན་ཁེལ་གྱི་ཐོ་ཁོངས་སྟེང་སློབ་ཡོན་བསྐུར་དགོས་པའི་རེ་བ་འདོན་གྱིན་ཡོད།དེ་བས་སློབ་བསྡུའི་བརྡ་ཡིག་འབྱོར་རྗེས།ངེས་པར་དུ་སྔོན་ལ་བརྡ་སྦྱོར་བཏང་བའི་ས་གནས་ངོ་མ་ཡིན་མིན་དང་ཡིད་རྟོན་རུང་མིན་ལ་བརྟག་རྗེས།སློབ་གྲྭ་དང་ཡང་ན་ས་གནས་ཀྱི་སློབ་གསོ་སྡེ་ཁག་ལ་དྲིས་ནས་ཞིབ་དཔྱད་བྱེད་ཆོག

ལྔ། འགྲིམ་འགྲུལ་བདེ་འཇགས་ལ་མཉམ་འཇོག་དགོས།

ཕྱི་རོལ་ཏུ་ལྷན་འཛོམས་དང་རྩེད་འཇོར་རོལ་བའི་སྐབས་སུ།འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་བྱེད་པ་དང་།ཚད་ལྡན་གྱི་འཁོར་སྐྱོད་ཚོང་གཉེར་བྱེད་ཀྱིན་པའི་རླངས་འཁོར་ནང་འདུག་དགོས་ལ།རླངས་འཁོར་གྱི་ཨང་གྲངས་སེམས་ལ་འཛིན་པ་དང་རླངས་འཁོར་དུ་ཙོག་རྗེས་ཉེན་སྲུང་སྐེ་རགས་ཡག་པོར་བཅིངས་དགོས་པ་ལས།གླ་རིན་ལ་བལྟས་ནས་དཔང་ཡིག་མེད་པའི་རླངས་འཁོར་ནང་འདུག་མི་རུང་།ནར་མ་སོན་པའི་མིས་རླངས་འཁོར་བསྐོར་ན་བདེ་འཇགས་མིན་པར་མ་ཟད་ཁྲིམས་འགལ་ཡང་ཡིན་པ་སེམས་ལ་འཛིན་དགོས།ཕྱི་རོལ་ཏུ་རྩེད་འཇོར་རོལ་སྐབས།ཚད་ལྡན་གྱི་ཡུལ་སྐོར་ཁང་འདེམ་པ་དང་ཚད་ལྡན་གྱི་མགྲོན་ཁང་ནང་འདུག་པ་ལས།རང་ཉིད་གཅིག་པུ་ཁེར་རྐྱང་གིས་ཡུལ་སྐོར་ལ་འགྲོ་མི་རུང་།འགྲོ་སྐྱོད་གནས་ཚུལ་ཁྱིམ་མི་ལ་བཤད་དགོས་པ་དང་།བྱང་བུ་དང་དཔང་ཡིག་མེད་པའི་རླངས་འཁོར་ལ་འདུག་མི་རུང་།

དྲུག ལྷན་འཛོམས་སྐབས་ཀྱི་བདེ་འཇགས་ལ་མཉམ་འཇོག་དགོས།

ལྷན་འཛོམས་བྱེད་སྐབས་བཟའ་བཏུང་གི་འཕྲོད་བསྟེན་བདེ་འཇགས་ལ་མཉམ་འཇོག་དགོས།རྒྱས་བཟའ་རྒྱས་འཐུང་མི་བྱེད་པ་དང་ཆང་མང་པོ་འཐུང་མི་རུང་།མི་མང་འདུ་ས་རུ་ལྷན་འཛོམས་བྱེད་སྐབས།མེ་འགོག་བདེ་འཇགས་ལ་མཉམ་བཞག་སྟེ་མེ་འགོག་གཏན་ཁེལ་བརྩི་སྲུང་བྱེད་དགོས་པ་དང་།དོགས་ཟོན་འདུ་ཤེས་ཇེ་མཐོར་བཏང་ནས་དུག་རྫས་སོགས་ལ་གཡོལ་དགོས།

བདུན། ལས་གཉེར་བདེ་འཇགས་ལ་མཉམ་འཇོག་དགོས།

སློབ་མ་ཁ་ཤས་ཤིག་གིས་དབྱར་གནང་སྐབས་སུ་ལས་ཀ་གཉེར་སྲིད་པས།ངེས་པར་དུ་རིག་པ་བསྒྲིམས་ནས་ལས་གཉེར་མགོ་བསྐོར་གྱི་འོག་ཏུ་ཚུད་མི་རུང་།བར་སྨྱན་རྫུན་མིའི་མགོ་བསྐོར་ལ་དོགས་ཟོན་བྱས་ཏེ།ངེས་པར་དུ་འགན་བབ་ཐོབ་ཐང་ཡོད་པ་དང་མཚན་སྙན་ལེགས་པའི་ཚད་ལྡན་གྱི་བར་སྨྱན་བརྒྱུད་དེ་ལས་ཀ་འཚོལ་དགོས།དྲ་ཐོག་གི་ལས་མི་བསྡུ་བའི་བརྡ་ཁྱབ་དེ་དག་ལ་གང་འདོད་དུ་ཡིད་ཆེས་བྱེད་མི་རུང་བ་དང་།སྔོན་ལ་འགྱུར་རྟེན་དང་ཁག་ཐེག་དངུལ་སོགས་སྤྲོད་དགོས་ན་ངེས་པར་དུ་དོགས་ཟོན་བྱེད་དགོས།མི་བཀོལ་སྡེ་ཁག་གི་ཁྲིམས་མཐུན་ལ་ངོས་འཛིན་བྱས་རྗེས།ད་གཟོད་ངལ་རྩོལ་གན་རྒྱ་འཇོག་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།