ལས་རྣམ་སྣ་མང་འཕེལ་རྒྱས་སུ་བཏང་སྟེ་མཚོ་སྔོན་ཡུལ་སྐོར་གྱི་དགོས་མཁོ་གསར་པ་དང་མཁོ་སྤྲོད་གསར་པ་མངོན་འགྱུར་བྱས་པ།

“རབ་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར”ཆེད་གཏོང་མེ་འཁོར་གཏོང་མགོ་བརྩམས་པས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དང་དམངས་སྲོལ། གསར་བརྗེ་བཅས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་མང་པོ་གཅིག་ཏུ་སྦྲེལ་ཞིང་། ཡུལ་སྐོར་པས་ཡུལ་སྐོར་ལམ་ཐིག་གསུམ་གྱི་ཁྲོད་ནས་གང་རུང་ཞིག་འདེམ་ཆོག་ལ། གཞན་དང་མི་འདྲ་བའི་མཚོ་སྔོན་ཡུལ་སྐོར་རོལ་ཆོག ད་ལྟ་མཚོ་སྔོན་དུ་ཡུལ་སྐོར་བྱས་ན་མགྲོན་ཁང་དུ་འདུག་པ་དང་གྲལ་ཕྲེང་བསྒྲིགས་ནས་སྒོ་གླའི་འཛིན་བྱང་ཉོ་བར་སེམས་ཁྲལ་བྱེད་མི་དགོས། མཚོ་སྔོན་དུ་ཐོན་ན་ཅི་ཞིག་རྩེ་དགོས་པ་མི་ཤེས་པའི་ལོ་རྒྱུས་མཇུག་རྫོགས་ཏེ། ལམ་ཐིག་ལེགས་གྲས་སྣ་ཚོགས་ཁྱེད་ཀྱིས་གང་འདོད་དུ་འདེམ་ཆོག་པ་སྟེ། དཔེར་ན། ཕ་མ་བུ་ཕྲུག་གི་ཡུལ་སྐོར་དང་སྐྱེ་ཁམས་ཡུལ་སྐོར། གསར་བརྗེའི་ཡུལ་སྐོར་སོགས་ཡོད། དེ་དག་ལ་ད་རུང་གཟིགས་སྐྱོང་སྣ་ཚོགས་ཡོད་པ་རེད།

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་གྱིས་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་བསགས་ཏེ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་བ་དང་། རང་བྱུང་གི་སྐྱེ་ཁམས་ལེགས་ཆ་འདོན་སྤེལ་བྱས་པ། ཐོན་ལས་མཉམ་འདྲེས་ལ་ཧུར་བརྩོན་གྱིས་ཡར་སྐུལ་བྱས་པ། རིག་གནས་ཡུལ་སྐོར་ལས་གཞི་མགྱོགས་པོར་འཛུགས་སྐྲུན་བྱས་པ་བཅས་ཀྱིས་རིམ་བཞིན་སྐྱེ་ཁམས་ཡུལ་སྐོར་མགོ་གཙོ་ལྟ་བུ་དང་། རང་བྱུང་སྲུང་སྐྱོང་ཁུལ་དང་མཛེས་ལྗོངས་གྲགས་ཅན། ནགས་ཚལ་སྤྱི་གླིང་། བརླན་སའི་སྤྱི་གླིང་། ས་གཤིས་སྤྱི་གླིང་། ཆུ་བེད་མཛེས་ལྗོངས་ཁུལ་སོགས་ཐེག་བྱད་ཡིན་པའི་སྣ་མང་རང་བཞིན་གྱི་ཡུལ་སྐོར་བྱ་ཡུལ་གྱི་མ་ལག་གྲུབ་ཡོད།

དུས་མཚུངས་སུ། སྐྱེ་ཁམས་ཡུལ་སྐོར་དེ་ཞིང་ལས་དང་སློབ་གསོ། ཚན་རྩལ། ལུས་རྩལ། བདེ་ཐང་། རྒན་གསོ། རིག་གནས་གསར་སྐྲུན། རིག་དངོས་སྲུང་སྐྱོབ་སོགས་ཀྱི་ཁྱབ་ཁོངས་དང་མྱུར་དུ་འདྲེས་སུ་བཅུག་སྟེ། སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་རྫས་གསར་པ་དང་ལས་རྣམ་གསར་པ། བྱེད་སྟངས་གསར་པ་སྐྱེད་སྲིང་བྱས་པས། དགོས་མཁོ་གསར་པ་དང་འདོན་སྤྲོད་གསར་པ་རབ་དང་རིམ་པ་ཆགས་བཞིན་ཡོད།

དྲོད་ཁོལ་ལྡན་ལ་རྒྱུ་སྤུས་བཟང་བ། གསར་སྐྲུན་གྱི་གྲུབ་ཆ་ལྡན་པའི་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་གསར་པ་བཏོན་པ།

ཟླ4པའི་ཚེས30ཉིན་གྱི་དགོང་མོར། “རབ་མཛེས་མཚོ་སྔོན་སྐྱེ་ཁམས་ཡུལ་སྐོར”གྱི་ཆེད་གཏོང་མེ་འཁོར་ཐོག་མ་ཟི་ལིང་མེ་འཁོར་འབབ་ཚིགས་ནས་ལམ་ལ་ཆས། དེས་མེ་འཁོར་ལ་བསྡད་ནས་མཚོ་སྔོན་གྱི་སྐྱེ་ཁམས་ལ་ཡུལ་སྐོར་བྱེད་པའི་ལམ་བུ་ཕྱེས་པ་རེད། ཆེད་གཏོང་མེ་འཁོར་གཏོང་མགོ་བརྩམས་པ་ནས་ད་ལོའི་ཟླ10པའི་བར་ནི། རང་ཞིང་གི་རིག་གནས་ཡུལ་སྐོར་ཚོང་ཁྲོམ་གཉེར་བའི་དུས་ཡུན་ཆེས་རིང་བ་དང་། ཚོང་གཉེར་གཏོང་ཐེངས་ཆེས་མང་བ། ཡུལ་ཁོངས་སྦྲེལ་མཐུད་ཆེས་ཆེ་བའི་ཡུལ་སྐོར་མེ་འཁོར་གྱི་ཆེད་གཏོང་ཐོན་རྫས་རེད། ཆེད་གཏོང་མེ་འཁོར་ཡུལ་སྐོར་ལམ་ཐིག3དུ་བགོས་ཡོད་པ་ལས་ཡུལ་སྐོར་པས་གང་རུང་ཞིག་འདེམ་ཆོག་ལ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་གྱི་བསྐོར་ལམ་ཆེན་མོའི་ལམ་ཐིག་གཙོ་བོ་ཡིན་པའི་ལམ་བར་དུ་བདེ་སྐྱིད་ཟི་ལིང་དང་རྨི་ལམ་ཞིང་ཁམས་ཀྱི་མཚོ་བྱང་། འགུགས་ཤུགས་ལྡན་པའི་མཚོ་ནུབ། དྭངས་གཙང་མཚོ་ལྷོ་བཅས་ཀྱི་ཡུལ་སྐོར་ཁུལ་ཡོད་ལ། དེར་མ་ཟད་མི་སེམས་བཟི་རུ་འཇུག་པའི་མཚོ་ཤར་དང་ངོ་མཚར་རྨ་ལྷོ། གཙང་མགོའི་ཡུས་ཧྲུའུ། ལྐོག་གྱུར་མགོ་ལོག་བཅས་ཀྱི་ཡུལ་སྐོར་རྫོང་ཁག་ཁ་ཤས་ལའང་ཐོན་ཐུབ། དེ་ཡིས་མཚོ་སྔོན་པོ་དང་གཙང་གསུམ་འབྱུང་ཡུལ། མདོ་ལ་རིང་མོ། ཚྭ་འདམ་གཞོང་། ཁུ་ནུ་རིག་གནས། རྨ་ཙོང་རིག་གནས་སོགས་ཀྱི་སྐྱེ་ཁམས་དང་དམངས་སྲོལ། གསར་བརྗེ་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་མང་པོ་གཅིག་ཏུ་སྦྲེལ་ཡོད།

མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་དགོས་ན། ཡུལ་སྐོར་པའི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་དགོས་མཁོ་སྔར་བས་ལེགས་པོར་བསྐང་དགོས་ལ། སྔར་ཡོད་ཀྱི་ཡུལ་སྐོར་ཐོན་ཁུངས་ཀྱི་ཚད་བཀག་ལས་བརྒལ་དུ་བཅུག་སྟེ། “ཁྱད་ལྡན་ཅན”དང“སྒེར་གཤིས་ཅན”གྱི་གཏན་སྲོལ་ཡུལ་སྐོར་མངོན་འགྱུར་བྱས་ནས། ཡུལ་སྐོར་པ་སྔར་བས་མང་པོ་འགུག་དགོས། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འཛད་སྤྱོད་ཚོང་ཁྲོམ་གྱི་རིམ་པ་སྤར་བ་ཉིན་རེ་བཞིན་མངོན་གསལ་ཡིན་པ་དང་། འཕེལ་ཚུལ་འདི་རིགས་ལ་སྐུལ་འདེད་བྱེད་པ་རྨང་གཞི་བྱས་ཏེ། རང་ཞིང་གིས་ཡུལ་སྐོར་པའི་མྱོང་ཚོར་དང་ལེགས་ཤོས་བསྐྲུན་པ། དགོས་མཁོ་རོལ་མྱོང་ལ་སྔར་བས་དོ་སྣང་བྱས་ནས། “ཡུལ་སྐོར+”ཐོན་ལས་སྔར་བས་འཕེལ་རྒྱས་བཏང་བ་དང་། དྲོད་ཁོལ་ལྡན་ལ་རྒྱུ་སྤུས་བཟང་བ། གསར་སྐྲུན་གྱི་ཆ་ལྡན་པའི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་ཐོན་རྫས་གསར་པ་དང་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན།

གསར་བརྗེའི་ཡུལ་སྐོར་དང་ཆེས་མཛེས་པའི་གྲོང་གསེབ་ཡུལ་སྐོར་གྱི་ལམ་ཐིག་ལེགས་ཤོས་ནས་རྨ་ཆུ་ཁྱམས་རིང་གི་སྐྱེ་ཁམས་སྒེར་བསྐོར་ཡུལ་སྐོར་གྱི་ལམ་ཐིག་བར། ཟླ5པ་ནས་མགོ་བརྩམས་ཏེ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གཅིག་རྗེས་གཉིས་མཐུད་དུ་ཡུལ་སྐོར་ལམ་ཐིག་ལེགས་ཤོས་འོས་སྦྱོར་བྱས། ད་ལོར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག10དང་གསར་བརྗེའི་ཡུལ་སྐོར་ལམ་ཐིག10འོས་སྦྱོར་བྱས་ཡོད། དེའི་ནང་། སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་གིས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རི་ཀླུང་དང་ནགས་ཚལ། རྩྭ་ཐང་། བརླན་ས། བྱེ་ཐང་སོགས་ཀྱི་སྐྱེ་ཁམས་ལྟད་མོ་ངོམ་ཡོད་ལ། གསར་བརྗེའི་ཡུལ་སྐོར་ལམ་ཐིག་གིས་ཡུལ་སྐོར་པར་སྣེ་ཁྲིད་ནས་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་གསར་བརྗེའི་ཐོན་ཁུངས་དང་གསར་བརྗེའི་རིག་གནས་རྩ་ཆེན་རོལ་མྱོང་བྱེད་དུ་འཇུག་རྒྱུ་རེད། སྣ་མང་མཉམ་འདྲེས་ཀྱི་ཡུལ་སྐོར་ལམ་ཐིག་ལེགས་ཤོས་ཀྱིས་ཡུལ་སྐོར་པ་རྣམས་ལ་མཚོ་སྔོན་གྱི་ས་ཆ་སོ་སོའི་མཛེས་ལྗོངས་རོལ་མྱོང་བྱེད་དུ་འཇུག་པ་དང་མཉམ་དུ་མཚོ་སྔོན་གྱི་ས་ཆ་སོ་སོའི་མི་རིགས་རིག་གནས་ལའང་རོལ་མྱོང་བྱེད་ཆོག

ཕྱི་ནང་གཉིས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པ།

ཞབས་ཞུའི་ཆ་སྡེབ་སྒྲིག་བཀོད་ཤུགས་ཡོད་རྒུས་འཐུས་ཚང་དུ་བཏང་བ་དང་ཡུལ་སྐོར་གྱི་ཁོར་ཡུག་ལེགས་པོར་བཏང་སྟེ་ཡུལ་སྐོར་གྱི་མི་ཚོགས་ཇེ་མང་ལ་བཏང་། རིག་གནས་དང་ཡུལ་སྐོར་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཚོད་བགམ་ནི་ངེས་པར་མཁོ་བའི་ཆ་རྐྱེན་ཡིན་པར་མ་ཟད། སྟོབས་ཤུགས་མཉེན་མོ་དེའང་ཡིན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཡུལ་སྐོར་གཞོགས་འདེགས་ཀྱི་སྒྲིག་བཀོད་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ། རིག་གནས་ཡུལ་སྐོར་གྱི་འཇོན་མི་དཔུང་ཁག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་བ་དང་ཚོང་ཁྲོམ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བྱས་ཤིང་། ཕན་འབྲས་ཆེ་བའི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་ནས་ཕྱི་ནང་གཉིས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་རྨང་གཞི་ལེགས་པོ་བསྐྲུན།

ད་ལོའི་ཟླ4པར། རང་ཞིང་གིས་ཡུལ་སྐོར་སྣེ་ཤན་པའི་འགྲན་བསྡུར་སྐབས་བཅུ་པ་སྤེལ། གྲོང་ཁྱེར་དང་ཁུལ་སོ་སོའི་རིག་གནས་ཡུལ་སྐོར་ཅུས་དང་ཡུལ་སྐོར་ཆེད་ལས་སློབ་གླིང་། ཡུལ་སྐོར་ཁེ་ལས་བཅས་ཀྱིས་འོས་སྦྱོར་བྱས་པའི་ཡུལ་སྐོར་སྣེ་ཤན་པ127པོ་ཟླ་ངོ3ལ་ཐོག་མའི་འགྲན་བསྡུར་དང་བསྐྱར་འགྲན། རྟིང་རྩོད་འགྲན་བསྡུར་བཅས་བྱས་པ་བརྒྱུད། མཐའ་མཇུག་སྣེ་ཤན་པ24བཅས་འགྲན་བསྡུར་ལ་ཞུགས། དུས་མཉམ་དུ། སྣེ་ཤན་པའི་ཐོབ་ཐང་ལ་རྒྱུགས་འཕྲོད་པའི་སྣེ་ཤན་པ200ཙམ་ལ་ཡུལ་དངོས་སུ་འགྲན་བསྡུར་ལ་བལྟ་རུ་བཅུག མཚོ་སྔོན་གྱི་རྒན་དར་གཞོན་གསུམ་གྱི་མི་རབས་གསུམ་གྱི་སྣེ་ཤན་པས་རང་ཉིད་ཀྱི་འཇོན་ནུས་ངོམ་པ་དང་། སའི་གོ་ལའི་ཉིན་མོའི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་གྲོས་གཞི་འདོན་པ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སྒྲོག་བཤད་སོགས་ཀྱི་ལྷུ་ཚིགས་བརྒྱུད་ནས། སྣེ་ཤན་པའི་ལས་རིགས་ཀྱི་གཟི་ཉམས་དང་ཐོག་མའི་བསམ་འདུན། ལས་རིགས་ཀྱི་གོང་འཕེལ་དང་བསམ་ཚུལ། དུས་རབས་ཀྱི་ལས་འགན་དང་འགན་ཁུར་སོགས་མཚོན། ཞིང་ཆེན་སྣེ་ཤན་པའི་མཐུན་ཚོགས་ཀྱི་འགན་འཁུར་པས་བཤད་རྒྱུར། ཐེངས་འདིའི་འགྲན་བསྡུར་ནི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་བརྗོད་དོན་དང་མཐུན་ལ། “མཚོ་སྔོན་གྱི་གཏམ་རྒྱུད་ང་ཡིས་བརྗོད། རབ་མཛེས་མཚོ་སྔོན་གྱི་མགྲིན་ཚབ་པ་ང་ཡིས་བྱེད”ཅེས་པའི་སྣེ་ཤན་པའི་དུས་རབས་ཀྱི་ལས་འགན་གང་ལེགས་ཀྱིས་མཚོན་ནས། སྣེ་ཤན་པ་ནི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་འདྲེས་སུ་འཇུག་མཁན་དང་རིག་གནས་ཡུལ་སྐོར་གྱི་སྣང་བརྙན་ངོམ་པའི་དྲིལ་སྒྲོག་པར་འགྱུར་དུ་བཅུག མཚོ་སྔོན་གྱི་གཏམ་རྒྱུད་བརྗོད་པ་དང་མཚོ་སྔོན་གྱི་རིག་གནས་རྒྱུན་འཛིན་བྱེད་པའི་བརྒྱུད་སྒྲོག་པར་འགྱུར་དུ་བཅུག མཚོ་སྔོན་གྱི་སྙིང་སྟོབས་གསར་པ་དར་སྤེལ་དུ་གཏོང་བ་དང་དམར་པོའི་ཁྲག་རྒྱུན་སྐྱོང་མཁན་གྱི་རྒྱུན་འཛིན་པ་དང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ལག་ལེན་པ་དང་སྣེ་འདྲེན་པ་བཟང་པོར་འགྱུར་དུ་བཅུག །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།