ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་ཚང་སློབ་གསོའི་ཐད་ཀྱི་མྱོང་བ་བཅུ་ཐམ་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཀྲུའུ་ཡོན་ཞིན་གྱིས་བརྩམས།ལྡོང་ལུག་རྫིས་བསྒྱུར།   སྤེལ་དུས། : 2021-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག བྱིས་པར་བརྩི་བཀུར་བྱེད་པ་ནི་ཁྱིམ་ཚང་སློབ་གསོའི་མགོ་རྩོམ་ས་ཡིན།

ཨོ་སི་ཁྲུ་ལི་ཡའི་སེམས་ཁམས་རིག་པ་བ་ཨ་ཧྥུ་ལེ་ཏེ་ཨ་ཏེ་ལེས་བཤད་དོན།“མི་ཚེ་གང་བོའི་བསོད་ནམས་ནི་བྱིས་དུས་ཀྱིས་བསྐྱེད་པ་ཡིན་ལ།མི་ཚེ་གང་བོའི་བཀྲ་མི་ཤིས་པའི་ལས་གང་དེའང་བྱིས་དུས་ཀྱིས་བསྐྱེད་པ་རེད”ཅེས་བཤད་མྱོང་། ད་ལྟ་སེམས་ཁམས་ཚན་རིག་རིག་པས་མི་དར་མ་ཞིག་གི་སྟེང་གི་གནད་དོན་ཚང་མ་ཕལ་ཆེར་ཁོའི་བྱིས་དུས་ཀྱི་འཚོ་བའི་ཁྲོད་ནས་དྲིས་ལན་རྙེད་ཐུབ་པ་ཤེས། དེའི་ཕྱིར། བྱིས་དུས་ཀྱི་ཤུགས་རྐྱེན་ནི་མི་ཞིག་ལ་མཚོན་ན་ཧ་ཅང་གལ་ཆེ།

བྱིས་པའི་ངོ་མཚར་དང་རླབས་ཆེན་གྱི་ཆ་མང་པོ་ཞིག་ང་ཚོས་ད་དུང་ངོས་ཟིན་བྱུང་མེད། བྱིས་པས་འཇིག་རྟེན་འདི་ཇི་ལྟར་ཤེས་པ་དང་།བྱིས་པའི་རང་གཤིས་ཇི་ལྟར་གྲུབ་པ་ཡིན་ནམ།ང་ཚོས་ངེས་པར་དུ་གནད་དོན་འདི་དག་ལ་ངོས་ཟིན་མེད་པ་ཁས་ལེན་དགོས།དེར་བརྟེན་ཚད་ངེས་ཅན་ཞིག་གི་ཐོག་ནས་ང་ཚོའི་སློབ་གསོ་གཏོང་ཡུལ་ལ་ངོས་འཛིན་ཡག་པོ་མ་བྱུང་བའི་རྐྱེན་གྱིས་སློབ་གསོའི་ཐད་ནོར་འཛོལ་ཧ་ཅང་མང་པོ་བྱུང་བ་དང་།སློབ་གསོ་གཏོང་སྟངས་ཧ་ཅང་མང་པོ་ཞིག་ནི་ཁུངས་ལུང་མེད་པ་ཞིག་ཡིན་ཞིང་།མི་རབས་ནས་མི་རབས་བར་བརྒྱུད་ཡོང་བ་ཞིག་རེད།སློབ་གསོ་མང་པོ་ཞིག་ནི་བྱིས་པའི་དོན་དངོས་དང་ཚན་རིག་གི་ཤེས་རྟོགས་རྒྱབ་ལྗོངས་འོག་བཙུགས་མེད་པ་དང་།སྐབས་འགར་ཚན་རིག་དེ་ཉིད་ད་དུང་བྱང་ཆུབ་མེད་པའི་རྐྱེན་གྱིས་ཡིན་པ་སྨོས་མེད་རེད།ངས་བལྟས་ན་བྱིས་པར་གཞི་རྩའི་ངོས་འཛིན་ནམ་ཡང་ན་བྱིས་པར་བཟུང་བའི་ལྟ་བ་ཡང་དག་པ་ནི་ང་ཚོའི་སློབ་གསོའི་མགོ་འཛུགས་ས་ཞིག་ཡིན་ལ་ང་ཚོའི་ཁྱིམ་ཚང་གི་སློབ་གསོ་ཧྲིལ་པོའི་མགོ་འཛུགས་ས་ཞིག་ཀྱང་རེད།བྱེ་བྲག་ཏུ་བཤད་ན།བྱིས་པར་སློབ་གསོ་ཇི་ལྟར་གཏོང་རྒྱུ་ནི་བྱིས་པར་བཟུང་བའི་ལྟ་བ་ཡིན་པ་དང་།ཕ་མ་མི་འདྲ་བ་དང་ཁྱིམ་ཚང་མི་འདྲ་བ།གསོ་སྐྱོང་བྱེད་སྟངས་མི་འདྲ་བ།དེ་བཞིན་གཞི་རྩའི་གནད་དོན་ལ་ལྟ་སྟངས་མི་འདྲ་བ་བཅས་ཀྱི་ཐོག་ནས་མཚོན་གྱིན་ཡོད་པས།མ་གཅར་ན་འཇོན་ཐང་ཅན་དུ་འགྱུར་མི་ཐུབ་པ་དང་།སྐར་གྲངས་ནི་གཅར་ནས་གྲུབ་པ་སྟེ་དབྱུག་པའི་འོག་ནས་བུ་ཕྲུག་ཡག་པོ་འབྱུང་བ་སོགས་ཀྱི་འདུ་ཤེས་དེ་རིགས་ལ་གནད་དོན་ཡོད་པས་དར་སྤེལ་གཏོང་རིན་མེད། ཕ་མས་བྱིས་པ་ནི་རང་དང་འདྲ་མཉམ་གྱི་མི་ཞིག་དང་རང་ཚུགས་རང་གཤིས་ཡོད་པའི་མི་ཞིག་ཏུ་བརྩི་དགོས། ང་ཚོས་རང་འགུལ་གྱིས་བྱིས་དུས་ལ་བརྩི་བཀུར་བྱེད་དགོས་པ་ཤེས་དགོས། བྱིས་པའི་ད་ལྟའི་འཚོ་བ་ལ་བརྩི་བཀུར་བྱེད་པ་དང་བྱིས་པ་རང་ཉིད་མི་ཞིག་ཡིན་པའི་ཆ་ནས་བརྩི་བཀུར་བྱས་ན།ང་ཚོའི་སློབ་གསོའི་བྱེད་ཐབས་མང་པོ་ཞིག་ལ་རང་བཞིན་གྱིས་འགྱུར་ལྡོག་འབྱུང་སྲིད།

གཉིས། ཕ་མས་བྱིས་པར་རོགས་བྱས་ནས་བྱིས་པ་རང་ཉིད་ལ་ཡིད་རྟོན་ཡོད་པ་བྱེད་རྒྱུ་ནི་ཁྱིམ་ཚང་སློབ་གསོའི་གནད་དམ་པ་ཡིན།

ཁྱིམ་ཚང་ནི་ཕྲུ་གུའི་ཚེ་སྲོག་གི་འབྱུང་ཁུངས་དང་ཐོག་མའི་འབྲེལ་འདྲིས་བྱེད་སའི་གནས་དང་པོ་ཡིན། ཕ་མ་ནི་བྱིས་པའི་ཐོག་མའི་དགེ་རྒན་དུ་ཆགས་ཡོད་པས་བྱིས་པ་ཅི་འདྲ་ཞིག་ཏུ་འགྱུར་རྒྱུ་ནི་ཕ་མ་ལ་རག་ལས་ཡོད་ལ།མི་ཞིག་གི་གཤིས་སྤྱོད་དང་གོམས་གཤིས།ཁྱད་ཆོས་སོགས་ནི་བྱིས་པའི་དུས་སུ་གྲུབ་པ་ཡིན། ཡང་ན་ཁྱིམ་ཚང་ནི་གྲ་སྒྲིག་སློབ་གྲྭ་རུ་ཆགས་ཡོད་པས་ཁྱིམ་ཚང་སློབ་གསོའི་ཁྲོད་ནས་འཚོ་བའི་སློབ་གསོ་དང་བྱིས་པའི་གཤིས་རྒྱུད། མི་གཞི། ཀུན་སྤྱོད། གོམས་སྲོལ་སོགས་སྐྱེད་སྲིང་བྱེད་དགོས། གཞན་ཡང་། ཕ་མ་ཞིག་ལ་མཚོན་ནས་བཤད་ན།བྱིས་པར་རོགས་བྱས་ཏེ་རང་ལ་གདེང་ཚོད་ཡོད་པ་དང་རང་ཉིད་ངོས་ཟིན་པ་ཞིག་ཏུ་ཆགས་པར་བྱེད་རྒྱུ་ནི་གནད་འགག་རེད།ཕ་མས་བྱིས་པར་རྒྱུས་ལོན་བྱས་ནས་ནང་སེམས་རྟོགས་དགོས།དེང་སང་ཕ་མ་མང་ཆེ་ཤོས་ཀྱིས་རང་གི་བྱིས་པར་མི་བལྟ་བར་གཞན་གྱི་བྱིས་པ་ཚད་ལྡན་དུ་བཟུང་ནས་རང་གི་བྱིས་པའི་མི་འདང་ས་དེ་གཞན་གྱི་བྱིས་པའི་དགེ་མཚན་དུ་བསྡུར་བ་ནི་ཆོས་ཉིད་ལ་མ་བསྟུན་པའི་བྱེད་སྟངས་ཤིག་རེད། ཕ་མས་བྱིས་པའི་འཚར་ལོངས་ཀྱི་ཆོས་ཉིད་དང་གཤིས་ཀར་བསྟུན་ཅི་ཐུབ་བྱས་ཏེ་ནར་སོན་དུ་འཇུག་ཤེས་དགོས།

གསུམ། ཆེས་བཟང་བའི་སློབ་གསོ་ནི་བྱིས་པར་རོགས་བྱས་ཏེ་རང་ངོ་ཟིན་རྒྱུ་དེའོ། 

ད་ལྟའི་བར་དུ་ང་ཚོ་ཕ་མ་རྣམས་ཀྱིས་ནམ་ཡང་ཚད་ཐིག་གཅིག་སྟེ། ཆིན་ཧྭ་སློབ་ཆེན་དང་པེ་ཅིན་སློབ་ཆེན། ཧྭ་ཧྤོ་སློབ་ཆེན་སོགས་ཡང་དག་པའི་ཚད་ཐིག་དང་མིག་དཔེར་བཟུང་ནས་བྱིས་པ་གསོ་སྐྱོང་བྱེད་བཞིན་ཡོད། ཚད་ཐིག་འདི་གཅིག་པུར་དམིགས་ནས་བྱེད་ཐབས་གཅིག་སྤྱད་དེ་བྱིས་པ་བསྐྱངས་ཚེ་མཐའ་མཇུག་མང་ཤོས་ཤིག་ནི་ཕམ་ཁ་ཉོ་མཁན་དུ་འགྱུར་བ་སྨོས་མེད་ཡིན།འདི་ནི་མིག་སྔར་སྤྱི་ཚོགས་ལ་གནས་པའི་སེམས་ཁྲལ་དང་ང་ཚོའི་སྤྱི་ཚོགས་ཀྱིས་དཔྱད་འཇོག་བྱེད་སྤྱད་ཀྱི་མ་ལག་ལ་མངའ་བའི་གནད་དོན་རེད།མི་མང་ཤས་ཤིག་གིས་མིང་གྲགས་ཅན་གྱི་སློབ་གྲྭར་ཚུད་ཚེ་རང་གི་ཁྱིམ་ཚང་དང་བྱིས་པ།ཕ་མ་ནི་རྒྱལ་ཁའི་ཕྱོགས་སུ་ཡོད་པའི་མིག་དཔེ་འཛིན་ས་རུ་སྙམ་པའི་བློ་མཆིས།རེད་དེ།ངས་བལྟས་ན་ཆེས་བཟང་བའི་སློབ་གསོ་ནི་བྱིས་པར་རོགས་བྱས་ཏེ་རང་ངོ་རང་གིས་ཟིན་དུ་འཇུག་རྒྱུ་དེ་རེད་འདོད།བྱིས་པར་རང་གི་མོས་པ་དང་དགའ་ཁ་ལྟར་སྒྲུབ་འདོད་ཀྱི་ལས་ཀའམ་སློབ་འདོད་ཀྱི་ལམ་ལ་བཅུག་ནས་རང་ཉིད་རང་གིས་རྙེད་ཚེ་དེ་ནི་ད་གཟོད་བྱིས་པ་རང་ཉིད་ཀྱི་བདེ་སྐྱིད་དོ། །

དེ་དག་ལ་གདེང་འཇོག་བྱེད་རྒྱུ་ནི་རང་སྣང་གི་མྱོང་ཚོར་ཞིག་ཡིན་པ་སྨོས་མེད་རེད།དངོས་གནས་བདེ་སྐྱིད་ལྡན་པའི་མི་དེ་དག་གི་མི་ཚེ་ནི་ནད་བརྒྱ་སྨན་གཅིག་ལྟ་བུ་མིན།ཁོ་ཚོ་ཚང་མར་མི་ཚེ་མི་འདྲ་བ་ཡོད།དེའི་རྐྱེན་གྱིས་རེད།ངས་བལྟས་ན་ཆེས་བཟང་བའི་སློབ་གསོ་ནི་མུ་མཐུད་དུ་འཚར་ལོངས་འབྱུང་བར་རོགས་རམ་བྱེད་པ་དང་།རྒྱུན་ཆད་མེད་པར་རང་ཉིད་ལས་བརྒལ་བར་བྱེད་པ་དེ་ཡིན།མི་ལ་རོགས་རམ་བྱེད་པའི་འདུ་ཤེས་ནི་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐབས་ཤིག་ཡིན་ལ་ཁྱིམ་ཚང་གི་སློབ་གསོ་ལེགས་འགྲུབ་བྱུང་བའི་རྟགས་ཤིག་ཀྱང་རེད།འདི་ཡང་ཁྱིམ་ཚང་གི་སློབ་གསོའི་དམིགས་ཡུལ་ཡིན།

བཞི། བྱིས་པར་འདུག་རོགས་བྱ་རྒྱུ་ནི་མ་གཞི་ནས་སློབ་གསོ་གལ་ཆེན་ཞིག་རེད།

བྱིས་པ་དང་ཁྱེད་གཉིས་ཁྱིམ་ཚང་གཅིག་ཏུ་གནས་པ་ནི་ཐུན་མོང་གི་ཚོགས་པ་ཞིག་གྲུབ་པ་ཡིན་ལ་མི་ཚེ་འདིའི་ལས་དབང་རེད།དེ་ན་བྱིས་པ་དང་མཉམ་དུ་འོད་སྟོང་ལྡན་པའི་འཚོ་བ་ཞིག་རོལ་བར་ཇི་ལྟར་གཅེས་སྤྲས་དང་འབད་དགོས་སམ།དོན་གྱིས་བཤད་ན་ང་ཚོས་ཀྱང་ཤེས་གསལ་ལྟར།ནམ་ཉི་མ་ཞིག་ལ་བྱིས་པ་ཁྱེད་དང་ཁ་བྲལ་ནས་འགྲོ་དུས་ཁྱེད་བྱིས་པ་དང་མཉམ་དུ་ཅི་འདྲ་འདུག་འདོད་ཀྱང་དཀའ་མོ་ཡོང་ངེས། དེ་བས་བྱིས་པ་དང་མཉམ་དུ་འདུག་པའི་དུས་ཡུན་ལ་ཚད་ཡོད་པས། མཉམ་འདུག་བྱེད་པའི་སྐབས་འདི་ནི་མ་གཞི་ནས་སློབ་གསོ་གལ་ཆེན་ཞིག་རེད། ངས་བལྟས་ན་འདི་ཙམ་པོའང་གནད་འགག་རེད་འདོད། ཅིའི་ཕྱིར་ཞེ་ན། ཁྱེད་དང་བྱིས་པ་གཉིས་ཀྱིས་མཉམ་དུ་ཅོག་ཙེ་གཅིག་གི་སྟེང་ནས་ཟ་མ་བཟའ་བ་དང་ཁ་བརྡ་བྱེད་པ་ལ་དུས་ཚོད་ངེས་བརྟན་མེད་པས་བགྲོ་གླེང་དང་སློབ་སྦྱོང་དུ་མི་འགྲོ་མོད།ནུབ་ཕྱོགས་སེམས་ཁམས་རིག་པའི་ཞིབ་འཇུག་ལས་བསྟན་དོན།བྱིས་པའི་མིང་ཚིག་གསོག་འཇོག་གི་ཚད་དང་ཕ་མའི་བར་གྱི་ཁ་བརྡ།སྒོས་སུ་ཟ་འཐུང་སྐབས་ཀྱི་ལབ་གླེང་སྣ་ཚོགས་ནི་ཐད་ཀར་བྱིས་པའི་མིང་བརྡ་གསོག་འཇོག་ལ་འབྲེལ་བ་དམ་ཟབ་ཡོད་ཟེར།ཁྱོད་ཀྱིས་ཆབ་སྲིད་སྐོར་ནས་ཁ་བརྡ་བྱས་ཚེ་གཞུག་ཕྱོགས་བྱིས་པ་དེ་ཆབ་སྲིད་སྐོར་ལ་འདང་རྒྱག་རྒྱུའི་དགའ་ཕྱོགས་ཡོད་པ་རང་རེད།ཡང་ན་ཁྱོད་ནི་སྡུག་ཡུས་དང་འཁང་ར་རྗོད་མཁན་ཞིག་ཡིན་ཚེ་བྱིས་པའང་དེའི་རང་བཞིན་ལས་མ་འདས།ཁྱེད་ཀྱི་ཁྱིམ་ཚང་ནས་དོན་དག་བཟང་ངན་ཅི་བྱུང་ན་ཐད་ཀར་བྱིས་པའི་མ་འོངས་པའི་འཚོ་བར་བག་ཆགས་སམ་ཤན་ཤུགས་ཐེབས་སྲིད།ཕ་བུ་གཉིས་ཀྱིས་དཔེ་ཆ་མཉམ་ཀློག་དང་རོལ་རྩེད་མཉམ་དུ་བྱས་དོན་ཅི་རེད་དམ།ང་ཚོ་ཕ་མ་མང་ཤོས་ཀྱིས་བྱིས་པར་ཁ་བརྡ་མང་པོ་མི་བྱེད་པ་དང་བྱས་ཚེ་དོན་སྙིང་མེད་པར་འདོད།ངོ་མ་བཤད་ན་ཁྱོད་ཀྱི་སྐད་ཆ་མང་པོ་ཞིག་སྐབས་ཐོག་དེར་བྱིས་པས་གོ་བ་མི་ལོན་ས་མང་ནའང་ཁོའི་ཀླད་པར་བཅིངས་འགྲོལ་དང་བསམ་གཞིག་རྒྱ་བསྐྱེད་སྤྱད་ཀྱི་མ་ལག་ཅིག་གི་གྲུབ་ཆར་འགྱུར་སྲིད།

དེ་ལས་ཀྱང་འགངས་ཆེ་བ་ཞིག་ནི་བྱིས་པ་དང་མཉམ་དུ་འཚོ་བ་རོལ་ཏེ་ཐུན་མོང་གི་ལས་དབང་ལ་གཅེས་སྤྲས་བྱེད་དགོས།རང་གི་འདོད་ཚུལ་ཞིག་མདོར་དྲིལ་ན།མཉམ་ཀློག མཉམ་འབྲི། མཉམ་འཐུང་སོགས་བྱས་ཏེ་བྱིས་པར་བག་ཆགས་དགའ་ཞིག་འཇོག་རྒྱུ་ནི་ཧ་ཅང་གལ་ཆེན་ནང་གི་འགངས་ཆེན་ནོ། །

ལྔ། དཔེ་ཀློག་མེད་པའི་ཁྱིམ་ཚང་ལ་སློབ་གསོ་ངོ་མ་ཞིག་ཆགས་ཐབས་མེད།

དཔེ་ཀློག་གི་ས་བོན་ནི་ཁྱིམ་ཚང་གི་ཞིང་ས་ནས་སྨིན་དགོས།《གྱེར་འདོན་ལག་དེབ》ནང་སྙན་ངག་ཅིག་དྲངས་ཡོད།“ཁྱེད་ལ་རྒྱུ་ནོར་ཚད་མེད་དང་།ནོར་བུ་སྒམ་གང་།གསེར་སྒམ་གང་བཅས་ཡོད་སྲིད་མོད།འོན་ཀྱང་ཁྱེད་རང་ནམ་ཡང་ང་ལས་ཕྱུག་པོ་ཆགས་མི་སྲིད།རྒྱུ་མཚན་ནི་ང་ལ་དཔེ་ཆ་ཀློག་པའི་ཨ་མ་ཞིག་ཡོད།”

དཔེ་ཀློག་ནི་བྱིས་པའི་ནང་སེམས་ཀྱི་འཚོ་བའི་འཇིག་རྟེན་འཕེལ་བར་བྱེད་པའི་འབྱུང་རྩ་ཡིན། དཔེ་ཀློག་གི་ནུས་པ་དང་དཔེ་ཀློག་གི་སྤྲོ་བ། དཔེ་ཀློག་གི་གོམས་སྲོལ་བཅས་གསོ་སྐྱོང་བྱ་རྒྱུ་ནི་ཁྱིམ་ཚང་རང་ངོས་ནས་མགོ་རྩོམ་དགོས། བྱིས་པར་མཚོན་ནས་བཤད་ནའང་བྱིས་པའི་དུས་སྐབས་ཀྱི་དཔེ་ཀློག་དང་སློབ་གསོ་གཉིས་ལ་དམ་ཟབ་ཀྱི་འབྲེལ་བ་ལྡན།དཔེ་ཀློག་མེད་པའི་ཁྱིམ་ཚང་ལ་ནམ་ཡང་སློབ་གསོ་ངོ་མ་ཞིག་ཡོད་མི་སྲིད། དཔེ་ཆ་བཀླགས་པའི་གོ་རིམ་ལས་བྱིས་པ་དཔེ་ཀློག་ལ་སྤྲོ་བ་ལྡན་པ་ཞིག་ཏུ་ཆགས་པར་གྱུར་འགྲོ། ཅིའི་ཕྱིར་བྱིས་པའི་དུས་སྐབས་ཀྱི་དཔེ་ཀློག་ནི་དེ་འདྲའི་གཙིགས་ཆེན་ཞིག་ཡིན་ནམ། ངས་ནམ་ཡིན་ཡང་འདི་ལྟར་འདོད་ཡོད་དེ། བྱིས་པའི་དཔེ་ཀློག་དང་དར་མའི་དཔེ་ཀློག་གཉིས་ལ་ཁྱད་པར་ཆེན་པོ་ཡོད།བྱིས་པའི་དཔེ་ཆ་ཡིས་མིའི་རིགས་ཀྱི་ཆེས་ལྷད་མེད་པའི་མི་སྣ་རེ་རེ་དང་སྲོག་ཆགས་རེ་རེ་ཡི་ལས་དབང་དང་སྐྱིད་སྡུག་མངོན་སུམ་གྱིས་མཚོན་པར་བྱས་པའི་ཁྲོད་ཁྱེད་ཀྱི་རིན་ཐང་གི་ལྟ་བ་བཞེངས་སྐྲུན་བྱས་ཡོད།

དྲུག སྲོལ་རྒྱུན་སློབ་གསོ་རྨང་རྡོ་བྱས་ཏེ་དེང་རབས་སློབ་གསོའི་མཁར་བཞེངས་དགོས།

ལོ་ངོ་སྟོང་ཕྲག་མང་པོའི་རིང་སྲོལ་རྒྱུན་གྱི་དགེ་རྒན་གྱིས་ཕྱོགས་གསུམ་གྱི་ཐད་ནས་རིན་ཐང་བྲལ་བའི་རྒྱུ་ནོར་ཞིག་གསོག་འཇོག་བྱས་ཡོད། དང་པོ། སྲོལ་རྒྱུན་གྱི་ཁྱིམ་ཚང་སློབ་གསོས་ཁྱིམ་གྱི་སྒྲིག་ལམ་དང་། ཁྱིམ་གྱི་བསླབ་བྱ། ཁྱིམ་གྱི་ལུགས་སྲོལ་སོགས་ཀྱི་རྣམ་པའི་ཐོག་ནས་ཁྱིམ་ཚང་གི་སློབ་གསོ་ཚད་ལྡན་བཟོ་བ་དང་། ལམ་ལུགས་དང་ཆོ་གར་བརྟེན་ནས་བྱིས་པར་སློབ་གསོ་གཏོང་བ་ཡིན། གཉིས་པ།སྲོལ་རྒྱུན་གྱི་ཁྱིམ་ཚང་སློབ་གསོས་ཀུན་སྤྱོད་གཙོ་བོར་འཛིན་པ་དང་། མི་ཚུལ་ལྡན་ཞིག་བྱེད་རྒྱུ་དེ་སློབ་གསོའི་རྩ་བར་འཛིན་པ་ཡིན། དེ་ནི་དེང་རབས་ཀྱི་སློབ་གསོའི་ཀུན་སྤྱོད་བཟང་པོར་བརྟེན་ནས་མི་སྐྱོང་བའི་ལྟ་བ་དང་གཅིག་མཐུན་ཡིན། ཀྲུང་གོའི་ཆེས་སྔ་བའི་སློབ་གསོའི་རྩ་འཛིན་རང་བཞིན་གྱི་བརྩམས་ཆོས《བསླབ་ཆེན་གྱི་གཞུང》ཞེས་པས་ལུགས་རྟོགས་ཤིང་དགེ་བ་ལ་ཕྱོགས་པ་ནི་སློབ་གསོ་ཡོད་ཚད་ཀྱི་རྩ་བའི་དམིགས་འབེན་དུ་བཟུང་ཡོད་དེ།“བསླབ་པ་ཆེན་པོའི་ས་ལམ་ནི་ལུགས་ཚུལ་བཞིན་རྟོགས་པ་དང་དམངས་ལ་རབ་ཏུ་ཉེ་བའི་ཐོག དགེ་བ་ལ་མངོན་པར་ཕྱོགས་པ་དེའོ། །”ཞེས་པ་བཞིན་ནོ། ། གསུམ་པ། སྲོལ་རྒྱུན་གྱི་ཁྱིམ་ཚང་སློབ་གསོས་ཕ་མའི་རང་དཔེ་གཞན་སྟོན་གྱི་མིག་དཔེ་དང་དཔེ་སྟོན་ལ་མཐོང་ཆེན་བྱས་ཏེ། བྱིས་པའི་བྱ་སྤྱོད་སྦྱོང་བརྡར་དང་ཚན་རིག་དང་མཐུན་པའི་བྱེད་ཐབས་ནན་བཤད་བྱས་ཡོད། ལག་ལེན་གྱི་སློབ་གསོ་ནི་ངག་ཐོག་གི་གདམས་པ་ལས་གལ་ཆེ་བའོ། །

བདུན། ཨ་མ་བྱེད་རྒྱུ་ནི་བུད་མེད་ཀྱི་ཆེས་བླ་ན་མེད་པའི་རང་འགན་དང་།ཨ་ཕ་བྱེད་རྒྱུ་ནི་སྐྱེས་པའི་ཆེས་བཟང་བའི་བྱ་བ་ཡིན།

ཨ་མ་ནི་བུད་མེད་ཀྱི་ཆེས་བླ་ན་མེད་པའི་རང་འགན་ཡིན་པ་དང་།དེང་རབས་བྱིས་པའི་སློབ་གསོའི་རྨང་གཞི་འདིང་མཁན་ཧྥུ་ལུའུ་པེར་གྱིས་རྒྱལ་དམངས་ཀྱི་ལས་དབང་དེ་དབང་འཛིན་མཁན་གྱི་ལག་ཏུ་བཟུང་ཡོད་ཅེས་བཤད་པ་ལས་ཨ་མའི་ལག་ཏུ་བཟུང་ཡོད་ཅེས་བཤད་ན་དགའ། དེར་བརྟེན་ང་ཚོས་ངེས་པར་དུ་འབད་བརྩོན་ཆེན་པོས་ཨ་མའི་བློ་སྒོ་འབྱེད་དགོས་པ་སྟེ། དེ་ནི་མིའི་རིགས་ཀྱི་སློབ་གསོ་གཏོང་མཁན་གྱི་བློ་སྒོ་འབྱེད་པ་ཡིན་ཞེས་བཤད་མྱོང་། ཨ་མ་ནི་བྱིས་པར་སློབ་གསོ་གཏོང་བའི་བརྒྱུད་རིམ་ཁྲོད་ཚབ་བྱེད་མི་ཐུབ་པའི་མི་སྣ་ཞིག་ཡིན། ལྷག་པར་དུ་ཕྲུ་གུ་སྐྱེས་པའི་ཐོག་མའི་དུས་མཚམས་སུ་ཨ་མའི་ནུས་པ་ནི་ཚབ་བྱེད་དུ་མེད་པ་ཞིག་ཡིན། ཨ་མ་ཞིག་ཡིན་པའི་ངོས་ནས་ཕྲུ་གུར་སྔ་མོ་ནས་ཀློག་འདོན་དང་གཏམ་རྒྱུད་ཤོད་པ།ཕྲུ་གུའི་ལྟ་ཀློག་གི་གོམས་གཤིས་དང་སྤྲོ་སྣང་སྐྱེད་སྲིང་བྱེད་པ་དང་ཆབས་ཅིག ཕྲུ་གུར་མཛའ་མཐུན་གྱི་ཁྱིམ་ཚང་ཞིག་གི་རྣམ་པ་ངེས་སུ་འཇུག་དགོས། ཨ་ཕ་ནི་འགན་ཁུར་དང་ཁག་ཐེག་གི་འདུ་ཤེས་མངའ་བའི་བློ་བརྟན་འགྱུར་མེད་ཀྱི་བློ་སྤོབས་ཅན་ཞིག་ཡིན་ཞེས་འབོད་སྲོལ་ཡོད་པ་དང་། ཨ་ཕ་བཟང་པོ་ཞིག་གི་ངོས་ཐད་ནས་བཤད་ན་ཚིག་འདི་གཉིས་གཙོ་བོ་ཡིན་སྟེ། མིག་དཔེ་གཞན་སྟོན་དང་ཕན་ཚུན་རོགས་རེས་གཉིས་སོ། །དེ་བས་ངས་བསམ་ཚུལ་ལ་ཨ་ཕ་བྱེད་རྒྱུ་ནི་སྐྱེས་པ་ཚོའི་བྱ་བ་གལ་ཆེན་རེད་འདོད། ཨ་ཕ་ནི་ཨ་མ་དང་འདྲ་བར་བྱིས་པར་འབྲལ་མི་ཕོད་པའི་སེམས་སྙི་མོ་ཅན་དེ་ཡིན་མི་རུང་། ཨ་ཕ་ནི་བློ་ཁོག་ཆེ་ཞིང་བྱ་བ་གང་ལའང་གདོང་གཏད་དེ་བྱིས་པར་མིག་རྒྱ་དང་སེམས་རྒྱ་བསྐྱེད་མཁན་ཞིག་ཡིན་དགོས་སྟེ། ལྷག་པར་དུ་བྱིས་པར་ཉེན་ཁར་མི་འཛེམ་པའི་སྙིང་སྟོབས་བསྐྲུན་དགོས། དེའི་ཕྱིར་བྱིས་པར་འདུག་རོགས་འབྲེལ་འདྲིས་བྱེད་པ་ཡང་ཨ་ཕ་ཞིག་གི་འགན་ཁུར་གཙོ་བོ་དེ་རེད།

བརྒྱད། ཁྱིམ་ཚང་སློབ་གསོར་སླར་ལྡོག་གི་ལམ་ཁ་མེད་ཀྱང་འགྱུར་ལྡོག་བཏང་ཆོག

ཕ་མ་མང་ཆེ་ཤོས་ཀྱིས་ཚན་རིག་གི་སྦྱོང་བརྡར་དང་ཚན་རིག་གི་བྱིས་སྐྱོང་ཤེས་བྱ་སོགས་མྱངས་མེད་སྟབས། ནམ་རྒྱུན་ནོར་འཁྲུལ་བཟོ་བཞིན་ཡོད། དེས་ན་ཇི་ལྟར་བྱེད་དགོས་སམ། ཁྱིམ་ཚང་སློབ་གསོར་སླར་ལྡོག་གི་ལམ་ཁ་མེད་པར་བརྗོད་མོད་འགྱུར་ལྡོག་བཏང་ཆོག་པས་དུས་དེ་རིང་ནས་མགོ་རྩོམ་པ་གལ་ཆེ། སྔར་ལས་ལྷག་པའི་ཐབས་ཤེས་དང་བརྩེ་བ། བརྩོན་སེམས་སོགས་བཏོན་ནས་འགྱུར་བ་གཏོང་བར་གཅེས། བྱིས་པར་འགྱུར་བ་གཏོང་དགོས་ན་ཐོག་མར་ཕ་མ་རང་ཉིད་ཀྱི་མི་ཚེ་ལྟ་བ་དང་།འཇིག་རྟེན་ལྟ་བ་སོགས་ལ་ངེས་ཤེས་གསར་པ་རྙེད་ནས་འགྱུར་བ་བཏང་སྟེ་རང་གི་སྤྱོད་ལམ་བྱིས་པར་སྟོན་དགོས། ངས་བལྟས་ན་འགྱུར་བ་གཏོང་འདོད་ཀྱི་བློ་དེ་ཡོད་ཚེ་ད་རུང་འཕྱི་མེད། གལ་ཏེ་དུས་འགྱངས་ཚེ་འགྱུར་བ་གཏོང་ཐབས་གཏན་ནས་མེད། དེ་བས་ཕ་མས་ངེས་པར་དུ་བྱིས་པ་ཆུང་ངུའི་དུས་ནས་བཟུང་སློབ་གསོ་ལ་བསྟུན་ཅི་ཐུབ་དང་སློབ་གསོར་རྒྱུས་མངའ་ཡོད་པར་བྱེད་རྒྱུ་གལ་ཆེའོ། །

དགུ། སློབ་གསོར་ལེགས་འགྲུབ་འབྱུང་མིན་ནི་གོམས་སྲོལ་བཟང་པོ་ཆགས་མིན་ལ་རག་ལས་པ་ཡིན།

སྐུ་ཞབས་ཡེ་ཧྲིན་ཐའོ་ཡིས་གསུངས་དོན།སློབ་གསོ་ནི་གོམས་གཤིས་སྐྱེད་སྲིང་བྱེད་པ་དེ་ཡིན། སློབ་གསོ་ལེགས་འགྲུབ་བྱུང་ཡོད་མེད་ཀྱི་ཚད་ནི་གོམས་གཤིས་བཟང་པོ་ཞིག་རྒྱུད་ལ་ཆགས་ཡོད་མེད་ལ་བལྟ་རྒྱུ་དེ་ཡིན་ཟེར། རྩལ་སྦྱོང་ནི་བརྒྱུགས་ན་མགྱོགས་མིན་དང་ལྡིང་ན་མཐོ་མིན། སྤོ་ལོ་རྩེས་ན་བཟང་མིན་སོགས་མ་ཡིན་པར་ནམ་རྒྱུན་ལུས་ཕུང་སྦྱོང་བརྡར་གྱི་འདུ་ཤེས་རྒྱུད་ལ་གོམས་ཡོད་མེད་དེའོ། ། རྩལ་སྦྱོང་གི་རྒྱུགས་འབྲས་ཤིན་ཏུ་ལེགས་ཀྱང་། བཟའ་བཏུང་ཧམ་རོལ་གྱིས་སྦྱོང་བརྡར་རྒྱུན་མ་བསྐྱངས་ཚེ། ལུས་པོའི་བདེ་ཐང་ལ་གནོད་པས། དེ་རྩལ་སྦྱོང་སློབ་གསོ་ལེགས་འགྲུབ་བྱུང་བ་ལ་ཇི་ལྟར་བརྩི། སློབ་གསོ་ནི་འཇིག་རྟེན་ཁམས་ལ་མཚར་བློ་རྨ་མེད་པ་ཞིག་བཟུང་ནས། རང་རྟོགས་ཀྱིས་སློབ་སྦྱོང་གི་རྒྱུན་མི་གཏོང་བ་ཞིག་ལ་ཟེར་བ་ཡིན་གྱི། སློབ་གྲྭ་ནས་སྐར་མ་བརྒྱ་ལེན་པ་དང་སྤྱི་ཚོགས་སྟེང་ཐོན་ཚེ་དཔེ་ཆ་ལ་མིག་ཙམ་མི་གཡར་བ་ཞིག་མིན། སློབ་གསོ་གསར་པའི་བཅོས་བསྒྱུར་ཁྲོད་ཟླ་རེའི་བྱ་བ་ཞིག་ཅེས་པའི་བྱེད་སྒོ་ཞིག་ཡོད་ལ། དེ་ནི་ཟླ་བ་རེ་རེར་བྱིས་པར་བྱ་བ་གཅིག་བསྒྲུབ་ཏུ་བཅུག་ནས་གོམས་གཤིས་སྐྱེད་སྲིང་བྱེད་པ་ཞིག་ཡིན། དཔེར་ན། ཟླ་བ་གཅིག་ལ་ཟ་སྲོལ་འཐུང་སྲོལ་སྐོར་སློབ་པ་ལྟ་བུ། བཟའ་བཏུང་གི་གོམས་གཤིས་ཡག་པོ་ཆགས་པའི་ཤུགས་སུ་དེར་འབྲེལ་གྱི་རྩ་དོན་རང་བཞིན་གྱི་དོན་དག་གམ་ཤེས་བྱ་མང་པོ་ཞིག་ཡིད་ལ་སྨིན་པར་བྱེད་པའོ། ། ཡང་ན་རྒྱ་ལམ་བགྲོད་པ་ལྟ་བུར་མཚོན་ནའང་གཅིག་ནས་འགྲོ་ཤེས་པ་དང་ཞོར་ནས་བགྲོད་ལམ་གྱི་ཤེས་བྱ་དང་སྒྲིག་སྲོལ་མང་པོ་ཞིག་ལ་བརྩི་སྲུང་བྱེད་ཤེས་པར་བྱེད་པ་ལྟ་བུ། སེམས་ཁམས་རིག་པའི་ཞིབ་འཇུག་ལས་བསྟན་དོན། གོམས་གཤིས་བཟང་པོ་ཞིག་ཆགས་དགོས་ན་བསྟུད་མར་ཉིན་ཉི་ཤུ་རྩ་གཅིག་ལ་རྒྱུན་སྐྱོང་ཐུབ་ཚེ་འགྲུབ་ཐུབ་ཟེར། ཁྱིམ་ཚང་གིས་རོགས་རམ་བྱས་ནས་བྱིས་པར་འཚོ་བའི་གོམས་སྲོལ་ཡག་པོ་ཞིག་ཆགས་པར་འབད་དགོས།

བཅུ། སློབ་གསོ་ནི་སློབ་ར་ཁོ་ན་ནས་མྱོང་རྒྱུ་ཞིག་མ་ཡིན། འཚོ་བ་ནི་མ་གཞི་ནས་ཆེས་བཟང་བའི་སློབ་གསོ་ཡིན།

རེབ་འདིའི་ནད་ཡམས་ཀྱི་མྱོང་ཚོར་དངོས་ལས་ང་ཚོས་ཤེས་གསལ་ལྟར་རེད། སློབ་གསོ་ནི་སློབ་ར་ཁོ་ན་ལས་མྱོང་རྒྱུ་ཞིག་མ་ཡིན་པར། འཚོ་བ་ནི་མ་གཞི་ནས་ཆེས་བཟང་བའི་སློབ་གསོ་རེད། དྲ་བའི་སློབ་གསོ་སོགས་གང་ཡིན་རུང་སྔར་བཞིན་ཁྱིམ་ཚང་སློབ་གསོ་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་སྟེ། ཁྱིམ་ཚང་གི་བྱ་རིམ་སོ་སོ་ནི་སློབ་ཁང་དང་འདྲ་ལ། སློབ་ཁང་འདི་བེད་སྤྱད་ཚེ་བྱིས་པ་ཁོ་ནའི་ཤེས་བྱའི་ཚད་ཇེ་མཐོར་འགྲོ་བ་མ་ཡིན་པར་དགེ་རྒན་དང་ཕ་མའང་དུས་བསྟུན་གྱིས་འཕེལ་རྒྱས་དང་ནར་སོན་བཞིན་ཡོད། དུས་ཚོད་ཉེར་བཞིའི་རིང་ཕ་བུ་མཉམ་དུ་འདུག་པའི་དུས་ཚོད་ནི་ཧ་ཅང་དཀོན་པོ་རེད། ངས་བསམས་ན་ཤེས་བྱ་རང་བཞིན་གྱི་སློབ་སྦྱོང་ནི་བྲེལ་འཚུབ་ཀྱིས་བསྒྲུབ་དགོས་པ་ཞིག་མ་ཡིན་པས། ཕ་བུ་མཉམ་འབྲེལ་གྱིས་ཐུན་མོང་གི་བྱ་འགུལ་གཙོ་བོར་སྤེལ་དགོས། དཔེར་ན། ཕ་མ་བུ་ཕྲུག་གིས་མཉམ་དུ་རོལ་རྩེད་དང་དཔེ་ཀློག གློག་བརྙན་སོགས་ལ་བལྟས་རྗེས་ཕན་ཚུན་བར་བགྲོ་གླེང་བྱ་དགོས། དེ་དང་དེ་སོགས་ཀྱིས་ལྷག་པར་བྱིས་པའི་འཚར་ལོངས་ལ་ཕན་སྲིད། ང་ཚོས་ངེས་པར་དུ་ཕ་མ་དང་བུ་ཕྲུག་མཉམ་འདུག་ལ་སྐུལ་འདེད་བྱེད་དགོས་པར་འདུག རེབ་འདིའི་ནད་ཡམས་ཁྲོད་ཀྱི་བྱ་བ་ག་གེ་མོ་ཞིག་བརྗོད་བྱར་བདམས་ཏེ།དཔེར་ན། ནད་དུག་དང་དྲིན་གཟོ། སྨན་རྫས་སོགས་དང་འབྲེལ་བའི་བརྗོད་བྱའི་ཐོག་ནས། མཉམ་དུ་ལས་བྱ་འབྲི་བ་དང་།མཉམ་དུ་ཞིབ་འཇུག་བྱེད་པ།མཉམ་དུ་གྲོས་བསྡུར་བྱས་ནས། ནད་ཡམས་ཞི་རྗེས་བརྟག་དཔྱད་སྙན་ཞུ་ཉུང་ཙམ་ཞིག་བཏོན་པ་ཡིན་ན། དེ་ནི་བསམ་གཞིག་གི་སྦྱོང་བརྡར་ཙམ་ལས་འགོངས་ཏེ། ཕ་མ་དང་བུ་ཕྲུག་གཉིས་ཀྱི་ཐུན་མོང་གི་ཕྱིར་དྲན་རིན་ཐང་བྲལ་བ་ཞིག་ཏུ་འགྱུར་ངེས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།