ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་སློབ་ཆུང་སློབ་གསོའི་ཁྱད་ཆོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྒོམ་པ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཇར་པན་གྱི་སློབ་ཆུང་སློབ་གསོ་ནི་ཕྱོགས་སོ་སོ་ནས་འཛམ་གླིང་གི་ཆུ་ཚད་མཐོ་ཤོས་སུ་བརྩི་ཆོག ལྷག་པར་དུ་ལོ་རབས་དགུ་བཅུ་པའི་སློབ་གསོ་ལས“དུས་རབས་ཉེར་གཅིག་པར་ཁ་ཕྱོགས་པ”ཞེས་པའི་སློབ་གཉེར་བསམ་བློ་དེ་ལེགས་པར་མཚོན་ཡོད་ལ། དེ་ཡང་གཙོ་བོ་གཤམ་གསལ་གྱི་ཕྱོགས་འགའི་ཐད་ནས་མཚོན་ཡོད་པ་སྟེ།

གཅིག་ནི་སློབ་གསོའི་སྒྲིག་བཀོད་དེང་རབས་ཅན་དུ་བསྒྱུར་བའི་ཕྱོགས་ཏེ། འཇར་པན་གྱི་སློབ་ཆུང་མང་པོ་ཞིག་གི་ཁོར་ཡུག་མཛེས་ཤིང་ཡིད་དུ་འོང་ལ། སློབ་གསོའི་སྒྲིག་བཀོད་ཆ་ཚང་ལ་སྣ་འཛོམས། གློག་འགྱུར་སློབ་གསོ་དང་། དཔེ་དེབ་ལྟ་ཀློག་ཁང་། ཚོད་ལྟ་ཁང་། རོལ་དབྱངས་ཁང་། ལུས་སྦྱོང་ཁང་སོགས་གང་དགོས་གང་འཛོམས་ཡོད། ཆུ་རྐྱལ་རྫིང་བུ་ནི་འཇར་པན་གྱི་སློབ་ཆུང་ལ་ངེས་པར་དུ་མཁོ་བའི་སྒྲིག་བཀོད་ཡིན། སློབ་ཁང་ཚང་མར་བརྙན་ཤེལ་ཆེན་པོ་དང་ཡངས་ཤིང་གསལ་བའི་དཔེ་མཛོད་ཁང་ཡོད་པར་མ་ཟད། ཉར་ཚགས་བྱས་པའི་དཔེ་ཆ་ཧ་ཅང་མང་ལ་ཚོད་ལྟ་ཁང་གི་དཔྱད་ཆས་ཆ་ཚང་སྔོན་ཐོན་ཡིན། རོལ་དབྱངས་ཁང་དུ་རོལ་ཆས་སྣ་ཚོགས་བཞག་ཡོད། སློབ་གྲྭས་དེང་རབས་ཅན་གྱི་སློབ་གསོའི་སྒྲིག་ཆས་འདི་དག་བེད་སྤྱོད་གང་ལེགས་བྱས་ནས་སློབ་མར་ཕྱོགས་མང་པོའི་བྱང་ཚད་དང་ནུས་པ་གསོ་སྐྱོང་བྱས་པ་རེད། འཇར་པན་གྱི་སློབ་ཆུང་ནང་གི་སློབ་གསོའི་སྒྲིག་བཀོད་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་དུ་སླེབས་པར་མ་ཟད། དགེ་རྒན་གྱི་གཞུང་ལས་ཁང་གི་ཆ་རྐྱེན་ཡང་དེང་རབས་ཅན་དུ་འགྱུར་བའི་ཚད་དུ་སླེབས་ཡོད།

གཉིས་ནི་དགེ་རྒན་གྱི་དཔུང་སྡེའི་སྤུས་ཚད་མཐོ་བ་དེ་སྤྱིར་བཏང་དུ་བཤད་ན། འཇར་པན་གྱི་སློབ་ཆེན་མཐར་ཕྱིར་སློབ་མར་ངེས་པར་དུ་སློབ་གསོའི་སྐོར་གྱི་རིགས་པའི་གཞུང་ལུགས་གསོ་སྦྱོང་བྱེད་དགོས་ལ། རྒྱལ་ཁབ་ཀྱི་ཡིག་རྒྱུགས་ནང་དུ་ཞུགས་ནས་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་བླངས་རྗེས་གཞི་ནས་སློབ་གྲྭ་ཆུང་འབྲིང་དུ་སློབ་ཁྲིད་བྱེད་པར་བསྐྱོད་ཆོག དེས་མི་ཚད་ལས་ཐོག་དགེ་རྒན་གསོ་སྦྱོང་སྦྱོང་བརྡར་གོང་འཕེལ་དུ་གཏོང་རྒྱུར་ཧ་ཅང་མཐོང་ཆེན་བྱེད་དེ། ལོ་ཚད་ངེས་ཅན་རེའི་མཚམས་སུ་ལས་ཐོག་དགེ་རྒན་གྱིས་ངེས་པར་དུ་ཟབ་སྦྱོང་ཐེངས་རེ་བྱེད་དགོས་པའི་གཏན་འབེབས་བྱས་པར་བརྟེན་དགེ་རྒན་གྱི་དཔུང་སྡེའི་སྤུས་ཚད་མཐོན་པོར་འགན་སྲུང་དང་ཁག་ཐེག་བྱས་ཡོད། སྤུས་ཚད་མཐོ་བ་དེ་རིགས་ཀྱང་གླ་ཕོགས་མཐོ་བའི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་པ་སྨོས་ཅི་དགོས། འཇར་པན་གྱི་དགེ་རྒན་གྱི་གླ་ཕོགས་ནི་དངོས་གནས་ཧ་ཅང་མཐོ་བ་དང་། དགེ་རྒན་གྱི་ལས་རིགས་ནི་མི་རྣམས་ཀྱིས་དགའ་བའི་ངང་ནས་གདམ་གསེས་བྱེད་འདོད་པའི་ལས་རིགས་ཁྱད་དུ་འཕགས་པ་ཞིག་ལ་བརྩི་བ་རེད།

གསུམ་ནི་སློབ་གསོའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དེས་རྨང་གཞིའི་ཤེས་བྱ་དང་རྩལ་ནུས་སྤེལ་བར་མཐོང་ཆེན་བྱེད་པ་ཕུད། འཇར་པན་གྱི་སློབ་ཆུང་གི་སློབ་གསོའི་ནང་དོན་ཁྲོད་ད་དུང་བདེ་ཐང་སློབ་གསོ་དང་ཀུན་སྤྱོད་སློབ་གསོ། ངལ་རྩོལ་སློབ་གསོ་བཅས་ལའང་མཐོང་ཆེན་བྱེད། འཇར་པན་གྱི་སློབ་ཆུང་གིས་བདེ་ཐང་སློབ་གསོ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སློབ་མའི་ལུས་ཕུང་སྦྱོང་བརྡར་བྱེད་པར་དོ་སྣང་བླ་ལྷག་ཏུ་བྱེད་བཞིན་ཡོད། སློབ་གྲྭར་རྩལ་སྦྱོང་སློབ་ཁྲིད་ཡོད་པར་མ་ཟད། དུས་ཚོད་གཏན་འཁེལ་ལྟར་ལུས་རྩལ་འགྲན་ཚོགས་དང་། ཆུ་རྐྱལ་འགྲན་ཚོགས། རྐང་ཐང་རྒྱང་སྐྱོད་དང་སྤོ་ལོའི་རིགས་སྣ་ཚོགས་ཀྱི་འགྲན་སྡུར་བྱེད་སྒོ་སྤེལ་དགོས་ཤིང་། བྱེད་སྒོའི་ནང་དུ་མི་ཚང་མ་ཞུགས་ནས་སྦྱོང་བརྡར་ཡག་པོ་ཐོབ་པར་ནན་ཏན་བྱེད་པ་རེད། སློབ་གྲྭས་ད་དུང་སློབ་མའི་བདེ་ཐང་དང་། བདེ་འཇགས། རྩལ་སྦྱོང་བཅས་ཀྱི་དོན་དག་དེ་སློབ་གྲྭའི་སྲིད་འཛིན་ལས་དོན་གྱི་དོན་ཆེན་ཞིག་ཏུ་བརྩིས་ནས་སློབ་སྐབས་རེར་ཆེད་དོན་ཞིབ་འཇུག་བྱ་དགོས།

འཇར་པན་གྱི་སློབ་ཆུང་སློབ་གསོའི་ནང་དུ་ད་དུང“འཚོ་གནས་བྱེད་སྟངས”ཀྱི་སློབ་གསོར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། སློབ་མའི་གཞི་རྩའི་འཚོ་བའི་གོམས་གཤིས་དང་། རང་གིས་རང་ལ་ཚོད་འཛིན་བྱེད་པའི་ནུས་པ། རྒྱུན་ལྡན་གྱི་སྤྱི་ཚོགས་ཀྱི་ཚད་གཞི་བརྩི་སྲུང་བྱེད་པའི་རྣམ་འགྱུར་བཅས་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་ཀྱིན་ཡོད། ཀུན་སྤྱོད་སློབ་གསོ་དེ་རིགས་ནི་བྱེད་ཐབས་གཉིས་ལ་བརྟེན་ནས་སྤེལ་བ་སྟེ། གཅིག་ནི་སློབ་ཁང་དུ་སློབ་ཁྲིད་བྱེད་པ་དང་། ཀུན་སྤྱོད་བསླབ་ཚན་འཛུགས་པ་ཡིན། གཉིས་ནི་བྱེད་སྒོ་སྤེལ་བ་སྟེ། གཏམ་རྒྱུད་རང་བཞིན་ལྡན་པའི་བྱེད་སྒོ་སྤེལ་བ་བཅས་ཡིན། འཇར་པན་གྱི་སློབ་ཆུང་སློབ་གསོས་ཀྱང་ངལ་རྩོལ་སློབ་གསོ་གཙིགས་སུ་འཛིན་གྱིན་ཡོད་ཅིང་། ཧ་ལམ་སློབ་གྲྭ་ཚང་མར་ཆེད་དུ་ངལ་རྩོལ་སློབ་གསོ་བཀོད་སྒྲིག་བྱས་ཡོད། སློབ་རའི་ནང་དུ་ད་དུང་སློབ་མ་རང་ཉིད་ཀྱིས་དོ་དམ་བྱེད་པའི་རྩི་ཤིང་ལྡུམ་ར་ཆུང་ཆུང་དང་གསོ་ཚགས་ར་བ་ཆུང་ཆུང་སོགས་ཡོད། ཁོ་ཚོས་ད་དུང་སྤྱི་ཕན་ངལ་རྩོལ་ལ་མཐོང་ཆེན་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། སློབ་གྲྭའི་ཁོར་ཡུག་གི་གཙང་སྦྲ་ཕལ་ཆེ་བ་ནི་སློབ་མས་འགན་གཙང་ལེན་བྱས་ནས་གཙང་སྦྲ་བྱེད་ཀྱིན་ཡོད།

འཇར་པན་གྱི་སློབ་ཆུང་ཚང་མར་སློབ་གསོ་ཕུན་སུམ་ཚོགས་ཤིང་གསོན་ཉམས་ལྡན་པ་དེ་འདྲ་བྱེད་པའི་དམིགས་ཡུལ་ནི་དུས་རབས་ཉེར་གཅིག་པར་ཁ་ཕྱོགས་པའི་མི་གསར་པ་གསོ་སྐྱོང་བྱ་རྒྱུ་དང་། མི་གསར་པ་དེ་རིགས་ནི་སེམས་རྒྱ་ཆེ་བ་དང་། གཟུགས་པོ་བདེ་ཐང་ཡིན་པ། གསར་གཏོད་ཀྱི་ནུས་པ་ལྡན་པ་བཅས་ཀྱི་མི་ཞིག་ཡིན་དགོས་ཤིང་། དེར་རང་དབང་དང་རང་གཅུན། སྤྱི་པའི་ཁེ་ཕན་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྙིང་སྟོབས་ལྡན་པའི་མི་ཞིག་སྟེ། ཕྱོགས་ཡོངས་ནས་ཕྱོགས་བསྡུས་ཀྱི་ནུས་པ་དང་ལྡན་པའི་མི་གསར་པ་འདི་རིགས་ངེས་པར་དུ་ནང་དོན་ཕུན་སུམ་ཚོགས་པའི་སློབ་གྲྭའི་སློབ་གསོ་བརྒྱུད་ནས་གསོ་སྐྱོང་བྱེད་དགོས།

བཞི་ནི་འཇར་པན་གྱི་སློབ་ཆུང་དུ། སློབ་ཁྲིད་བྱེད་པ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཁྱད་ཆོས་མངོན་གསལ་ལྡན་པ་དེ་རེད། གཅིག་ནས་སློབ་མའི་ནུས་པ་གསོ་སྐྱོང་བྱ་རྒྱུར་གཙིགས་འཛིན་བྱས་ཏེ་སློབ་ཁང་ནང་ནས་སློབ་མ་ཕན་ཚུན་གྱིས་རང་མོས་ངང་གྲོས་བསྡུར་དང་རྩོད་གླེང་ཤུགས་ཆེན་པོ་བྱེད་ཆོག་པ་དང་། གཉིས་ནས་དགེ་སློབ་དབར་འབྲེལ་འདྲིས་བྱ་རྒྱུར་གཙིགས་སུ་འཛིན་པས་སློབ་ཁང་ནང་དུ་དགེ་རྒན་དང་སློབ་མའི་དབར་གླེང་མོལ་དང་མཐུན་སྦྱོར་ཧ་ཅང་མང་པོ་འབྱུང་། དགེ་སློབ་དབར་གྱི་འབྲེལ་འདྲིས་ཁྲོད་དམངས་གཙོ་དང་ཞི་མཐུན་གྱི་རྣམ་པས་ཁེངས་ཡོད། དེ་དག་ལས་མཐོང་ཐུབ་པ་ནི་འཇར་པན་གྱི་སློབ་ཆུང་གི་སློབ་གསོས་དུས་རབས་ཉེར་གཅིག་པ་བསུ་ཆེད“འཛམ་གླིང་ལ་ཁ་ཕྱོགས་པའི་འཇར་པན་པ”གསོ་སྐྱོང་དང་སྐྱེད་སྲིང་གང་མགྱོགས་བྱེད་བཞིན་ཡོད་པ་དེ་རེད།

སློབ་གསོ་དེ་རིགས་ལ་བརྟེན་ནས་གསོ་སྐྱོང་བྱས་པའི་ཤེས་ལྡན་མི་སྣ་ནི་ད་གཟོད་འཇར་པན་གྱི་དཔལ་འབྱོར་མི་ཕམ་པའི་གནས་སུ་ལངས་ཐུབ་པའི་རྒྱབ་རི་བརྟན་པོ་ཞིག་ཡིན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།