ཀྲུང་གོ་བོད་ཀྱི་དྲ་བ།

ཕུལ་དུ་བྱུང་བའི་མན་ངག་ནི་དུས་ཚོད་སྐར་མ་རེ་རེ་བེད་སྤྱོད་ཡག་པོ་བྱ་རྒྱུ་དེ་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཀྲའོ་ཧུའེ་ཧྥེང་གིས་བརྩམས།ལྷག་པ་སྒྲོལ་མས་བསྒྱུར།   སྤེལ་དུས། : 2021-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དུས་ཚོད་ཀྱི་སྐོར་ལ། རྩོམ་པ་པོ་གྲགས་ཅན་ཧྥུ་ཨེར་ཐའེ་ཡིས་འདི་འདྲ་ཞིག་གསུངས་ཡོད་དེ། ཆེས་རིང་བ་ནི་དུས་ཚོད་ཡིན་ཏེ། དེ་ལ་འཛད་མཐའ་མེད་པས་སོ། ། ཆེས་ཐུང་བ་ཡང་དུས་ཚོད་ཡིན་ཏེ། སྐད་ཅིག་ཉིད་ལ་འདས་པའི་ཕྱིར་རོ། ། རེ་སྒུག་ཁྲོད་ཀྱི་མི་རྣམས་ཀྱིས་བལྟས་ན། དུས་ཚོད་ནི་ཆེས་དལ་ཤོས་ཡིན་ལ། རྩེད་འཇོར་རོལ་མཁན་ལ་མཚོན་ན། དུས་ཚོད་ནི་ཆེས་མགྱོགས་ཤོས་དེ་ཡིན། དེ་ཆེས་ཆེར་རྒྱ་བསྐྱེད་ཆོག་ལ། ཚད་མེད་པར་བགོ་བཤའ་ཡང་བརྒྱབ་ཆོག ཁོམ་སྐབས་མང་དུས་སུས་ཀྱང་དུས་ཚོད་མཐོང་ཆེན་མི་བྱེད་པས། སླད་མར་ཚང་མས་ཕངས་སེམས་སྟོན། དུས་ཚོད་མེད་པར་གྱུར་ཚེ་ན་བྱ་བ་ཅི་ཡང་བསྒྲུབ་མི་ཐུབ།

ཆུ་ཐིགས་བསགས་པས་རྒྱ་མཚོ་ཞེས་པ་ལྟར། སློབ་སྦྱོང་ནི་གསོག་འཇོག་གི་བརྒྱུད་རིམ་ཞིག་ཡིན་ལ། བེད་སྤྱོད་ཀྱི་བརྒྱུད་རིམ་ཞིག་ཀྱང་ཡིན། དུས་ཚོད་སྐར་ཆ་རེ་རེ་བེད་སྤྱོད་གཏོང་མཁས་ན་ང་ཚོའི་སློབ་སྤྱོང་གཞི་ནས་ཇེ་བཟང་ལ་འགྲོ་ངེས།

ཧྭ་ཝོར་ཏི་སློབ་ཆེན་གྱི་སློབ་མ་ཚོ་ཕུལ་དུ་བྱུང་བ་ཞིག་ཡིན་པའི་རྒྱུ་མཚན་ནི་ཁོ་ཚོ་ལ་སྤྱོད་གོ་ཆོད་པའི་སློབ་སྦྱོང་བྱེད་ཐབས་ཆ་ཚང་ཞིག་ཡོད་པར་མ་ཟད། ད་དུང་ཁོ་ཚོས་དུས་ཚོད་སྐར་མ་རེ་རེ་བཀོལ་སྤྱོད་ཡག་པོ་བྱས་ནས་སློབ་གཉེར་ལ་བརྩོན་པས་ཀྱང་ངོ་། །

ཟླ་བརྒྱད་པའི་ཕྱི་དྲོ་ཞིག་ལ། གནམ་གཤིས་ནི་སྔར་བཞིན་ཚ་དྲོད་ཆེ།ལའེ་ཁོ་ཞིང་ཏུན་གྱི་ཞིང་ལས་ར་བ་རུ། ཞི་ཨོ་ཏོ་ཡིས་འཚེར་སྣང་དང་བཅས་ཨ་ཕར། སང་ཉིན་ང་ཉིན་གཅིག་ལ་ངལ་གསོ་བྱས་ན་ཆོག་གམ་ཞེས་དྲིས། ཞི་ཨོ་ཏོ་ཡི་ཕ་ནི་མིང་གྲགས་ཅན་གྱི་ཤིང་བཟོ་ལག་རྩལ་པ་ཞིག་ཡིན་ལ། ཞི་ཨོ་ཏོས་ནམ་རྒྱུན་འདི་འདྲ་བྱེད་མི་སྲིད་པས། ཨ་ཕ་ཡ་མཚན་པར་གྱུར་ནས་ཁོ་ལ་བལྟས་མོད། མཇུག་མཐར་ཁོས་དགའ་སྤྲོའི་ངང་ཁོའི་རེ་བ་དང་ལེན་བྱས།

ཉིན་གཉིས་པའི་ཞོགས་པར། ཞི་ཨོ་ཏོ་སྔ་མོ་ནས་མལ་ལས་ལངས་ཏེ། དབྱིན་ལེ10ཡི་ཀྱག་ཀྱོག་དང་འདམ་རྫབ་ཆེ་བའི་རི་ལམ་བརྒྱུད་ནས། ཧྭ་ཝོར་ཏི་སློབ་གླིང་དུ་སླེབས་ཏེ་ལོ་རེའི་སློབ་མ་གསར་པ་བསྡུ་བའི་རྒྱུགས་གཞི་ལ་ཞུགས། ལོ་བརྒྱད་ནས་བཟུང་ཁོ་སློབ་གྲྭར་དངོས་སུ་འགྲོ་མ་མྱོང་། ཧ་ཅང་སོས་དལ་གྱི་དུས་ནི་དགུན་དུས་ཡིན་པས། ཁོས་སྐབས་དེ་དང་བསྟུན་ནས་ཟླ་གསུམ་ཙམ་ལ་སློབ་སྦྱོང་ལ་ཧུར་བརྩོན་བྱས་པ་རེད།

དུས་གཞན་དག་ཏུ་ཁོས་ཞིང་རྨོ་བའམ་ཡང་ན་ལས་ཀ་གང་བྱས་ཀྱང་། ལས་ཞོར་དུ་སྔར་སྦྱངས་པའི་སློབ་ཚན་དག་ཡང་ནས་ཡང་དུ་བསྐྱར་སྦྱོང་བྱས་པ་རེད། ངལ་གསོ་སྐབས་ཁོ་ག་ས་གང་ལ་དཔེ་ཆ་གཡོར་དུ་འགྲོ་བཞིན་ཡོད། དེ་ལས་ཁོས་ཤེས་བྱ་མང་པོ་སྦྱངས། ལ་ཏིང་ཚིག་མཛོད་ཅིག་ཁོ་ལ་ཅི་བས་དགོས་མཁོ་ཆེ་ནའང་། ཁོས་ཐབས་ཅི་བསྟེན་ཀྱང་གཡར་མ་ཐུབ། དཔྱིད་ཀའི་ཞོགས་པ་ཞིག་ལ། ཁོ་རང་སྔ་མོ་ནས་ཤིང་ཏོག་ར་བ་ནང་ལ་སོང་ནས་འབྲུ་གུ་སླེ་བོ་ཆེན་པོ་གང་བཏོགས་ནས་པོ་ཧྲི་ཏུན་གྲོང་ཁྱེར་ལ་བཙོང་དུ་ཕྱིན། དེ་ལས་ཐོབ་པའི་སྒོར་མོས་ལ་ཏིང་ཚིག་མཛོད་ཅིག་ཉོས།

མི་ལ་བརྩོན་འགྲུས་ལྡན་གྱུར་ན། ། འཇིག་རྟེན་འདི་ན་དཀའ་བ་མེད། ། ཁོས་མགྱོགས་མྱུར་གྱིས་རྒྱུགས་གཞི་བྲིས་ཚར་སོང་བས། རྒྱུགས་སྤྲོད་ལྟ་ཞིབ་དགེ་རྒན་གྱིས་ཧ་ལས་པའི་སྒོ་ནས་ནམ་རྒྱུན་ཐོག་མར་རྒྱུགས་ཤོག་སྤྲོད་མཁན་གྱི་སློབ་མ་དེར་བལྟས་ཤིང་། སློབ་མ་འདི་ནི་ཐ་ན་སློབ་གྲྭར་ཡོང་མི་ཐུབ་པའི་དབུལ་པོ་ཞིག་ཡིན་པ་ཐོས་རྗེས། སློབ་མ་འདིའི་རྒྱུགས་ཤོག་ཐེངས་མང་བླངས་ནས་བལྟས་རྗེས། ཞི་ཨོ་ཏོ་ལ“ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཞུ། གསར་བུ། མི་འགྱངས་པར་ཁྱེད་ལ་སློབ་ཚུད་བརྡ་ཐོ་འབྱོར་རྒྱུ་རེད”ཅེས་བཤད།

ཉིན་དེའི་མཚན་མོར། ཞི་ཨོ་ཏོ་ཡིས་ཐང་ཆད་པའི་ལུས་པོ་དྲུད་ནས་ཁྱིམ་དུ་ལོག ཨ་ཕས་ར་སྐོར་ནང་ནས་ཁོར་སྒུག་ཡོད་པས། ཨ་ཕས་ཁོས་རྒྱུགས་འཕྲོད་པའི་གནས་ཚུལ་ཐོས་རྗེས་དགའ་སྤྲོའི་ངང“ཡག་པོ་འདུག གཅེས་ཕྲུག”ཅེས་བསྟོད་བསྔགས་བྱས། “འོན་ཀྱང་ཞི་ཨོ་ཏོ། ང་ལ་ཁྱོད་ཧྭ་ཝོར་ཏི་ལ་སློབ་སྦྱོང་བྱེད་དུ་མངགས་པའི་སློབ་ཡོན་མེད།”

ཞི་ཨོ་ཏོ་ཡིས“སྐྱོན་མི་འདུག ཨ་ཕ། ང་སློབ་གྲྭར་འགྲོ་མི་སྲིད། ངས་ཁྱིམ་ནས་རང་སྦྱོང་བྱ་རྒྱུ་ཡིན། རྒྱུགས་འཕྲོད་སོང་ན་བསླབ་གནས་དཔང་ཡིག་ཐོབ་སྲིད། སླད་ཕྱིན་ཁོའི་དོན་དག་དེ་ལེགས་འགྲུབ་བྱུང་། ཁོ་རང་ནར་སོན་རྗེས། རང་གིས་སློབ་ཡོན་ཞིག་བསགས་ནས་ཧྭ་ཝོར་ཏི་སློབ་ཆེན་ནས་ལོ་གཉིས་ལ་སློབ་སྦྱོང་བྱས་ཤིང་། མཐར་ཕུལ་དུ་བྱུང་བའི་སྦྱངས་འབྲས་ཀྱིས་སློབ་མཐར་ཕྱིན་པ་རེད།

མིག་རྡེབ་དབང་ཙམ་གྱིས་སྔོན་ཆད་སློབ་གྲྭར་འགྲིམ་མ་ཐུབ་པའི་བུ་ཆུང་དེ་དངོས་གནས་མིང་གྲགས་ཅན་གྱི་མི་ཞིག་ཏུ་གྱུར་སོང་། ཁོ་ནི་བྲན་གཡོག་ལམ་ལུགས་མེད་པར་གཏོང་མཁན་དང་སྤྱི་ཚོགས་གསར་བརྗེའི་བྱ་སྤྱོད་སྤེལ་མཁན་ཞིག་ཡིན་པའི་ཆ་ནས། ཁོ་སྔ་གཞུག་ཏུ་རྒྱལ་དོན་མགོ་འཛིན་པ་ཞི་ཨོ་ཏེ་དང་དབུ་བཞུགས་ཁྲིམས་དཔོན་ཚའེ་སི། མིང་གྲགས་ཅན་གྱི་སྤྱི་གྲོས་པ་ས་མུའུ་ན། སྲིད་འཛིན་ཅ་ལི་སེན། མིང་གྲགས་ཅན་གྱི་སློབ་གསོ་བ་ཧོ་ལ་སི་མན། བྲན་གཡོག་ལ་ངོ་རྒོལ་བྱེད་པའི་མཐུན་ཚོགས་ཀྱི་གཙོ་འཛིན་པ་ཝུན་ཏེ་ཨེར•ཧྥེ་ལི་ཕུའུ་སི་ལ་སོགས་ཀྱི་མཛའ་གྲོགས་དང་ལས་དོན་བློ་འདོན་པར་གྱུར། དེའི་ཕྱིར་ཁོས་ཨ་རི་ཧྲིལ་པོར་ཤུགས་རྐྱེན་ངེས་ཅན་ཐེབས་པ་རེད།

གལ་ཏེ་སྒོར་མོ་ནི་ཚོང་ཟོག་གི་ཚད་གཞི་ཡིན་ན། དུས་ཚོད་ནི་ལས་ཆོད་ཀྱི་ཚད་གཞི་ཡིན། བསམ་བློ་གཏོང་བར་མཁས་པའི་མི་ཞིག་ཡིན་ན། ཚང་མས་དུས་ཚོད་གང་ཡོད་སྤྱད་དེ་སློབ་སྦྱོང་བྱེད་ཆོག ང་ཚོས་སྐར་མ་དང་སྐར་ཆ་རེ་རེ་བེད་སྤྱོད་ཡག་པོ་བྱས་ན་སློབ་སྦྱོང་གི་ལས་ཆོད་ཇེ་བཟང་ལ་འགྲོ་ངེས་རེད། ང་ཚོས་ཀྱང་སློབ་སྦྱོང་གི་སྦྱངས་འབྲས་མི་བཟང་བའི་ཆེད་དུ་སེམས་སྡུག་བྱེད་མི་སྲིད།

དུས་ཚོད་ནི་ང་ཚོའི་ལག་ཏུ་ཡོད། ང་ཚོས་བསྒྲུབ་དགོས་པ་ནི་དེ་དམ་འཛིན་ལེགས་པོ་བྱ་རྒྱུ་དེ་རེད། འདི་ལྟར་བྱས་ན་ད་གཟོད་དུས་ཚོད་འཕྲོ་བརླག་ཏུ་མི་འགྲོ་ལ། མ་འོངས་པར་ཡང་ཕུལ་དུ་བྱུང་བའི་མི་ཞིག་ཏུ་འགྱུར་ཐུབ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།