ཆུང་འབྲིང་སློབ་མ་གཅུན་ཐབས་སྐོར་གྱི་བཀག་པ་རྣམ་བདུན།

སྐྱོན་བརྗོད་དང་ཁ་ཏ་བྱེད་ཆོག་ཀྱང་ཁྱད་གསོད་དང་དམའ་འབེབས་བྱེད་མི་རུང་།

སློབ་མས་གོང་གི་དོ་དམ་མི་བརྩི་བ་དང་སློབ་ཐུན་གྱི་སྒྲིག་ལམ་གཏོར་བ། ཐ་ན་དུ་ཆང་ལ་རོལ་བ་དང་སློབ་གྲོགས་ལ་བརྙས་བཅོས་བྱས་པ་ཡིན་ན། དགེ་རྒན་གྱིས་གཅུན་དགོས་སམ་མི་དགོས། དགོས་ན་ཇི་ལྟར་གཅུན། གསར་འགོད་པས་ཚེས29ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 《ཆུང་འབྲིང་སློབ་མ་གཅུན་ཐབས་སྐོར་གྱི་སྒྲིག་ལམ(ཚོད་སྤྱོད)》ཞེས་པ་ཉེ་སྔོན་ཁྱབ་བསྒྲགས་བྱས་ཡོད་ལ། དེའི་ནང་དུ་སློབ་མ་གཅུན་སྡོམ་གྱི་རིགས་དང་ཁྱབ་ཁོངས། དེ་མིན་ལག་བསྟར་བྱེད་སྐབས་ཀྱི་སྒྲིག་ལམ་དང་འགྲོ་ལུགས། བྱེད་ཐབས། བླང་བྱ་སོགས་མ་ལག་ཅན་དུ་གཏན་འཁེལ་བྱས་ཡོད།

སྒྲིག་ལམ་གྱིས་གཏན་འབེབས་གསལ་པོ་བྱས་ཡོད་པ་ནི། དགོས་གཏུག་གི་གནས་ཚུལ་བྱུང་བ་དཔེར་ན། སློབ་མས་དོ་དམ་མི་བརྩི་བ་དང་སྒྲིག་ལམ་གཏོར་བ། བྱ་སྤྱོད་ཚད་ལས་བརྒལ་བ། ཉེན་ཁ་ཆེ་བ་དང་གཞན་གྱི་ཁེ་དབང་ལ་འཚེ་བ་སོགས་བཟོས་ན། སློབ་གྲྭ་དང་དགེ་རྒན་གྱིས་སློབ་གསོ་དང་གཅུན་སྡོམ་ལག་བསྟར་བྱེད་ཆོག་པ་ཡིན།

དེ་ཡང་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས། སློབ་གསོ་དང་གཅུན་སྡོམ་ལ་རིགས་གསུམ་དུ་ཕྱེ་ཡོད་དེ། སྤྱིར་བཏང་གི་སློབ་གསོ་དང་གཅུན་སྡོམ་ནི་སྒྲིག་འགལ་བྱ་སྤྱོད་ཡང་བའི་སློབ་མར་སྤྱོད་པ་ཡིན། དཔེར་ན་མིང་བཟུང་ནས་སྐྱོན་བརྗོད་བྱེད་པ་དང་། ངག་ཐོག་གམ་ཡིག་ཐོག་ནས་སྐྱོན་ངོས་ལེན་བྱེད་དུ་འཇུག་པ། སློབ་སྦྱོང་གི་འགན་ལྷག་མ་འགེལ་བའམ་འཛིན་གྲྭའི་སྤྱི་ཕན་ཞབས་ཞུའི་ལས་འགན་འཇོག་པ། སློབ་ཐུན་གཅིག་གི་རིང་ལ་ལངས་སུ་འཇུག་པ་དང་སློབ་ཕྱི་ནས་སློབ་སྟོན་བྱེད་པ་སོགས་ལྟ་བུ། ཅུང་ལྕི་བའི་སློབ་གསོ་དང་གཅུན་སྡོམ་ནི་སྒྲིག་འགལ་བྱ་སྤྱོད་ཅུང་ཚབས་ཆེ་བ་དང་། ཡང་ན་ངོ་ཐོག་ནས་སློབ་གསོ་དང་གཅུན་སྡོམ་བྱེད་པ་དང་ལེན་མི་བྱེད་ལ་རང་གི་སྤྱོད་ལམ་ལ་ཡོ་བསྲང་དག་བཅོས་མི་བྱེད་པའི་སློབ་མར་སྤྱོད་པ་ཡིན། དཔེར་ན་ཀུན་སྤྱོད་སློབ་གསོའི་འགན་ཁུར་མི་སྣས་སློབ་སྟོན་བྱེད་པ་དང་། སློབ་གྲྭའི་སྤྱི་པའི་ཞབས་ཞུ་འགན་དུ་ལེན་པ། ཆེད་དམིགས་ཀྱི་སློབ་གྲྭའི་སྒྲིག་ལམ་དང་སྤྱོད་ལམ་ཡོ་བསྲང་སྐོར་གྱི་སློབ་གསོ། སྤྲོ་གསེང་ལྟ་སྐོར་སོགས་ཐུན་མོང་བྱ་འགུལ་ལ་ཞུགས་མི་ཆོག་པའམ་ཞུགས་པར་དུས་བཀག་བྱས་ཡོད་པ་སོགས་དང་ལེན་བྱེད་པ་ལྟ་བུ། ཚབས་ཆེ་བའི་སློབ་གསོ་དང་གཅུན་སྡོམ་ནི་སྒྲིག་འགལ་བྱ་སྤྱོད་ཚབས་ཆེ་བ་དང་། ཡང་ན་ཤུགས་རྐྱེན་ངན་པ་བཟོས་པའི་སློབ་མར་སྤྱོད་པ་ཡིན། ཡིན་ནའང་། དེ་ནི་ངེས་པར་སློབ་ཆུང་གི་ལོ་རིམ་མཐོན་པོ་དང་དམའ་འབྲིང་མཐོ་འབྲིང་གི་སློབ་མར་སྤྱོད་དགོས་པ་ཡིན། དཔེར་ན་སློབ་ཐུན་དང་སློབ་གྲྭའི་ཚོགས་མཚམས་ལས་ཕུད་པ་དང་། ཁྲིམས་སྐྱོང་སློབ་གཙོ་གཞོན་པའམ་ཁྲིམས་སྐྱོང་སློབ་སྟོན་པས་སློབ་སྟོན་བྱེད་པ། ཆེད་མངགས་མི་སྣས་ཡོ་བསྲང་ལེགས་བཅོས་ཀྱི་ཟུར་ཁྲིད་བྱེད་པ་སོགས་ལྟ་བུ།

ལུས་ཆད་གཅོད་པ་དང་རྣམ་པ་གཞན་གྱི་ལམ་ནས་ལུས་ཆད་གཅོད་པ་སློབ་གསོའི་གཅུན་སྡོམ་དུ་འཛིན་པ་སྔོན་འགོག་བྱེད་ཆེད། སྒྲིག་ལམ་གྱིས་སློབ་གསོའི་གཅུན་ཐབས་ཐོག་གི་ལུགས་དང་མི་མཐུན་པའི་སྤྱོད་ལམ་རྣམ་པ་བདུན་གཏན་འགོག་ཞིབ་གསལ་བྱས་ཡོད་དེ། གཅིག་ནི་ལུས་ཕུང་ལ་འཚེ་བ་སྟེ། དཔེར་ན་རྡུང་རྡེག་གཏོང་བ་དང་འཛེར་གཅུ་བྱེད་པ་སོགས་ལྟ་བུ། གཉིས་ནི་ཚད་ལས་བརྒལ་བའི་ཆད་པ་གཅོད་པ་སྟེ། དཔེར་ན་རྒྱུན་ལྡན་གྱི་ཚད་ལས་བརྒལ་ཏེ་ལངས་སུ་འཇུག་པ་དང་བཤུ་འབྲི་ལན་མང་བྱེད་དུ་འཇུག་པ། བཙན་དབང་གིས་མི་འོས་པའི་སྟངས་སྟབས་འཛིན་དུ་འཇུག་པ། དེ་མིན་བསམ་བཞིན་ཟུར་དུ་འགེར་བ་སོགས་ལུས་སེམས་གཉིས་ལ་གནོད་པའི་ལུས་ཆད་རྣམ་པ་གཞན་དུ་འགྱུར་བའི་རིགས་ལྟ་བུ། གསུམ་ནི་ལུས་ངག་གི་སྦྱོར་བའི་ཐོག་ནས་དམའ་འབེབས་ཁྱད་གསོད་བྱེད་པ་དང་། ཡང་ན་མཐོང་ཆུང་དང་དམའ་འབེབས་ཀྱི་རང་བཞིན་ལྡན་པའི་ལུས་ངག་གི་སྦྱོར་བའི་ཐོག་ནས་སློབ་མའི་མི་གཞིའི་རྩིས་ཐང་དང་ལ་རྒྱར་གནོད་འཚེ་གཏོང་བ། བཞི་ནི་མི་སྒེར་དང་ཡང་ན་མི་ཉུང་ཤས་ཀྱི་སྒྲིག་འགལ་བྱ་སྤྱོད་ལ་རྐྱེན་བྱས་ནས་སློབ་མ་ཡོངས་ལ་ཆད་པ་གཅོད་པ། ལྔ་ནི་སློབ་མ་རང་སྒེར་གྱི་སྦྱངས་འབྲས་ལ་རྐྱེན་བྱས་ནས་སློབ་མ་རྣམས་ལ་ཆད་པ་གཅོད་པ། དྲུག་ནི་རང་སྒེར་གྱི་དགའ་སྐྱོ་དང་ཆགས་སྡང་ལྟར་སློབ་གསོའི་གཅུན་སྡོམ་ཕྱོགས་སུ་ལྷུང་སྟེ་བསྟར་བ། བདུན་ནི་སློབ་མ་ཆེད་མངགས་ཀྱིས་རང་ཚབ་ཏུ་བསྐོས་ནས་སློབ་མ་གཞན་དག་ལ་སློབ་གསོའི་གཅུན་སྡོམ་བསྟར་དུ་འཇུག་པ་བཅས་སོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།