ཀྲུང་གོ་བོད་ཀྱི་དྲ་བ།

སློབ་མ་བཟང་པོས་སློབ་སྦྱོང་བྱེད་ཐབས་ཀྱི་གོམས་གཤིས་འགའ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྟག་རིག་འབྲུག་ཐར་གྱིས་བསྒྱུར།   སྤེལ་དུས། : 2021-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྱིམ་བདག་རྣམ་པར་མཚོན་ན། དང་ཐོག་ངེས་པར་དུ་རང་གི་བྱིས་པར་གོམས་གཤིས་བཟང་པོ་ཆགས་སུ་བཅུག་རྗེས། ད་གཟོད་རྒྱུགས་འབྲས་ཀྱི་བཟང་ངན་གླེང་ན་འགྲིག

གཅིག དྲན་ཤེས་བསྐྱེད་པའི་གོམས་གཤིས།

སྐར་མ་གཅིག་གི་ཡུན་ལ་དྲན་ཤེས་བརྟེན་པ་སྟེ། དྲན་ཤེས་དང་དུས་ཚོད་གཉིས་གཞི་གཅིག་ཏུ་སྦྲེལ་དགོས་པར་མ་ཟད། མཉམ་འཇོག་བྱེད་དགོས་པའི་གོམས་གཤིས་ཀྱང་ལོབས་དགོས། སྐར་མ་གཅིག་གི་ཡུན་དུ་ཡིག་འབྲུ་ག་ཚོད་ཅིག་འབྲི་ཐུབ་པ་དང་། ཡི་གེ་ག་ཚོད་འདོན་ཐུབ་པ། ཡིག་འབྲུ་ག་ཚོད་ཅིག་བློར་འཛིན་ཐུབ་པར་དུས་ཚོད་གསལ་ཐག་ཆོད་དུས་བློ་རིག་ཀྱང་ཧ་ཅང་རྣོ། སློབ་མའི་རིག་སྟོབས་འཕེལ་བར་བློ་རྩེ་སྒྲིམ་རྒྱུ་ཧ་ཅང་གཙོ་ཆེ་བས། ངེས་པར་དུ་སློབ་སྦྱོང་གི་འགན་ཁུར་དང་དུས་ཚོད་གཉིས་རྐྱ་འཐབ་སྟེ་སྐར་མ་གཅིག་གི་ཡུན་དུ་དྲན་ཤེས་བརྟེན་པ་དང་བློ་རྩེ་སྒྲིམ་པའི་སློབ་སྦྱོང་གི་གོམས་གཤིས་སྐྱེད་སྲིང་བྱེད་དགོས།

གཉིས། འཁྲབ་བཤད་ཀྱི་གོམས་གཤིས།

འཁྲབ་བཤད་ནི་དེང་རབས་ཀྱི་སློབ་མར་ངེས་པར་འཛོམས་དགོས་པའི་ཡོན་ཏན་ཞིག་ཡིན་པས། སློབ་མར་རང་ཉིད་ཀྱི་བསམ་བློའི་དྲན་འཆར་མགོ་རྔ་ཆ་ཚང་ཞིག་ལེགས་སྒྲིག་བྱེད་ཤེས་པ་དང་བསམ་འཁྱེར་ཕྱིར་མངོན་མཚོན་བྱེད་ཤེས་པར་སྐུལ་དགོས།

གསུམ། ཀློག་གི་གོམས་གཤིས།

རྒྱལ་ཁབ་ཕྱི་ནང་གི་གསུང་རྩོམ་གྲགས་ཅན་དང་རླབས་ཆེན་མི་སྣའི་རྣམ་ཐར་ལ་མཇལ་ཏེ་ཐོས་པ་ཆེ་རུ་བསྐྱེད་ནས་སྔོན་ཐོན་བསམ་བློའི་ལྟ་བ་ཆགས་སུ་འཇུག་དགོས། ཉིན་རྒྱུན་དུས་ཚོད་ཐུང་ངུ་ཙམ་སྤྱད་དེ་ལྟ་ཀློག་བྱས་ནའང་ཤིན་ཏུ་ཕན་ཏེ། བློ་རིག་སྐྱེན་པའི་སློབ་མའི་ན་ཚོད་འདིར་དཔེ་ཆ་ཅི་ཙམ་བཀླགས་ན་དེ་ཙམ་གྱིས་མཐོང་རྒྱ་དང་ཐོས་རྒྱ་བསྐྱེད་ཐུབ་ཅིང་རྣམ་དཔྱོད་ཀྱི་དཔལ་འབར་ཏེ་ཤེས་ཡོན་གྱི་རྐང་ཚུགས་ངེས། དེ་ལྟ་དེ་ལྟར་སློབ་མ་ཚོ་དགེ་རྒན་ལ་འགྲོགས་འདྲིས་བཟང་པོ་བྱེད་པ་དང་། རླབས་ཆེན་གྱི་མི་སྣར་འབྲེལ་འདྲིས་མང་པོ་བྱས་ཚེ་སློབ་གསོའི་ཤེས་རིག་གི་རྨང་རྐང་རིམ་གྱིས་འཕེལ་རྒྱས་སུ་འགྲོ་ངེས། གོམས་གཤིས་བཟང་པོ་དེ་རྒྱུན་འཁྱོངས་བྱེད་ཐུབ་ཚེ་སློབ་མའི་ཚེ་གཅིག་གི་ནོམ་པར་འགྱུར་རོ།།

བཞི། འབྲི་བའི་གོམས་གཤིས།

ཉིན་ཐོ་འབྲི་དུས་བྲི་བྱའི་ནང་དོན་རིང་ན་འདྲ། ཐུང་ནའང་འདྲ། ཉིན་ཐོ་བྲིས་པས་དགེ་རྒན་དེ་ལ་ནུས་པ་ཡོད་མེད་དང་བསམ་བློ་ཡོད་མེད། ཀུན་སྤྱོད་གཙང་མིན་སོགས་གསལ་པོར་རྟོགས་ཐུབ་པར་མ་ཟད། ཉིན་ཐོས་དགེ་རྒན་གྱི་ཆུ་ཚད་རྒྱ་མར་འཇལ་ཐུབ་པའི་ཞོར་དུ་སློབ་མའི་ཆུ་ཚད་ཀྱང་གསལ་པོར་རྟོགས་འོང་། སྐར་མ་གཅིག་གི་ཡུན་དུ་ཡིག་འབྲུ་ལྔ་བཅུ་ཙམ་འབྲི་ཐུབ་མིན་ཧུར་བརྩོན་སྒོས་རྒྱུན་འཁྱོངས་བྱེད་ཐུབ་ཚེ། དེ་ནི་ཆོད་སེམས་ཡིན། ངས་ལོ་ངོ་ཉི་ཤུར་ལས་བྱར་ཞིབ་བཤེར་མ་བྱས་ན་ཡང་ལོ་ངོ་ཉི་ཤུར་ཉི་མ་རེ་རེར་ཉིན་ཐོ་འབྲི་བའི་ལས་ཀར་འཐུས་ཤོར་བྱུང་མ་མྱོང་།

ལྔ། འཆར་གཞི་བཟོ་བའི་གོམས་གཤིས།

གྲ་སྒྲིག་མེད་པའི་འཐབ་མོ་བས་ནམ་ཡང་རྒྱལ་ཁ་རག་མི་ཐུབ་ཅེས་པ་ལྟར། བྱ་བ་ཆེ་ཆུང་གང་ལའང་གྲ་སྒྲིག་གི་འཆར་གཞི་ལེགས་པོ་ཞིག་ཡོད་ཚེ་འབྲས་བུ་འབྱུང་བ་སྨོས་མ་དགོས། ནོར་འཆུག་ཡང་ཡང་འབྱུང་བའི་གཞི་རྩ་ནི་འཆར་གཞི་མེད་པའི་སྔོན་འགྲོ་ལས་བྱུང་བ་ཡིན་པས། ཕུལ་བྱུང་སློབ་མས་གཟའ་འཁོར་རེ་དང་ཉི་མ་རེ་རེའི་འཆར་གཞི་ལེགས་པོར་བཟོས་པས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོབ་པ་རེད། དེའི་རྐྱེན་གྱིས་ང་ཚོས་སློབ་གྲོགས་ཚོར་འཆར་གཞི་བཟོ་བའི་གོམས་གཤིས་སྐྱེད་སྲིང་བྱེད་དགོས།

དྲུག སྔོན་སྦྱོང་གི་གོམས་གཤིས།

དགེ་རྒན་རྣམ་པས་གསེར་ལས་དཀོན་པའི་སློབ་ཁྲིད་ཀྱི་དུས་ཚོད་ཨེན་ཙམ་སློབ་བུ་ཚོར་གནང་སྟེ་རང་རྟོགས་སྒོས་བསམ་གཞིག་དང་ལྟ་ཀློག་བྱས་ཏེ་སྔོན་སྦྱོང་བྱེད་དུ་འཇུག་དགོས། ངའི་རེ་བ་ཡིན་ན་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་དུས་ཚོད་སྐར་མ་ཉི་ཤུ་ལས་མ་བརྒལ་ན་བཟང་། ཅང་སུའུ་ཞིང་ཆེན་གྱི་སློབ་གྲྭ་ག་གེ་མོའི་དགེ་རྒན་ཞིག་གིས“སྐར་མ་བཞི་ལ་ཁྲིད་པས་ཆོག”ཅེས་པའི་ལྟ་བ་ཞིག་བཏོན་ཏེ་ལག་ལེན་བྱས་པར་རྗེས་ལུས་སློབ་མ་མངོན་གསལ་སྒོས་ཡར་ཐོན་བྱུང་བ་རེད། ཁོའི་གསང་བའི་བྱེད་ཐབས་མདོར་དེད་ན་རང་འགུལ་སྒོས་སྔོན་སྦྱོང་བྱེད་པའི་རང་སྦྱོང་གི་གོམས་གཤིས་ལོབས་པ་ལས་འགྲུབ་པ་རེད།

དེ་ལས་ལྡོག་སྟེ། སློབ་མ་ཚོར་རང་སྦྱོང་བྱེད་དུ་མི་འཇུག་པར་ཆེས་སླ་བའི་དོན་ཕྲན་ཚེགས་ཐག་གཅོད་པར་ཡང་དགེ་རྒན་ལ་རེ་ཞིང་སྒུག་པའི་འདུ་ཤེས་སྐྱེད་པ་ནི་ཕུལ་དུ་བྱུང་བའི་སློབ་མ་སྐྱེད་སྲིང་བྱེད་པའི་འགོག་རྡོ་རུ་འགྱུར་ངེས། 1979ལོ་ནས་བཟུང་། སློབ་མགོ་ཚུགས་པའི་ཉིན་དང་པོར་སློབ་མཇུག་གི་རྒྱུགས་ཤོག་སློབ་མ་ཚོར་བྱིན་ཏེ། སློབ་དེབ་གསར་པ་དང་ལྷན་དུ་སྔོན་སྦྱོང་བྱེད་པའི་གོམས་གཤིས་ལོབས་སུ་བཅུག་པ་ཡིན། སློབ་མ་ཚོས་རང་འགུལ་སྒོས་སློབ་ཤེས་པར་གྱུར་ཚེ་རིམ་གྱིས་སློབ་སྦྱོང་གི་སྤྲོ་སྣང་རྙེད་ཐུབ་ཅིང་། སློབ་སྦྱོང་ལ་དགའ་བའི་སྤྲོ་སྣང་ལས་ཤེས་རབ་འཕེལ་ཞིང་རྣམ་དཔྱོད་ལྡན་པར་འགྱུར་ངེས། དེར་བརྟེན། དགེ་རྒན་རྣམ་པས་ངེས་པར་དུ་སློབ་མ་ཚོར་སྔོན་སྦྱོང་བྱེད་པའི་གོམས་གཤིས་སྐྱེད་སྲིང་བྱེད་རྒྱུ་གལ་ཆེ།

བདུན། དོན་ཆེན་སྒྲུབ་མི་ཤེས་ན། མྱུར་བར་དོན་ཆུང་སྒྲུབ་པའི་གོམས་གཤིས་ལོབས་དགོས།

འདི་ཡང་ངེས་པར་གཙིགས་ཆེན་དུ་འཛིན་དགོས་པའི་གོམས་གཤིས་ཤིག་ཡིན་ཏེ། ངས་སློབ་མ་ཚོར་གོམས་གཤིས་འདི་ལོབས་པའི་ཆེད་དུ། རྩེ་གྲའི་སློབ་མས་ཁོ་ཚོ་དང་བསྟུན་པའི་ལས་ཀ་སྒྲུབ་པ་དང་། རྗེས་ལུས་སློབ་མ་ཁོ་ཚོ་དང་གཤིབ་བསྡུར་མི་བྱེད་པར། དམིགས་ཡུལ་ཆེན་པོ་བསྐྱུར་ཏེ་མྱུར་བར་དམིགས་ཡུལ་ཆུང་ངུར་འཇུག་པ་དང་། དྲི་གཞི་དཀའ་མོ་སྒྲུབ་མི་ཐུབ་ཚེ་ཁོ་ཚོའི་བློ་ཁ་དང་འཚམ་པའི་དྲི་གཞི་སྒྲུབ་ན་བཟང་།

འཇིག་རྟེན་སྟེང་ཆེས་འཇིགས་སུ་རུང་བ་ནི་དོན་ཆེན་སྒྲུབ་མི་ཤེས་ཤིང་། དོན་ཆུང་མི་སྒྲུབ་པའི་རིགས་ཡིན། མཐོ་སར་མི་སླེབས་ཤིང་དམའ་སར་མི་སྙེག་པ། ཡར་འགོ་ཐུབ་པ་དང་། མར་འབབ་མི་ཐུབ་པ། ཕྱུག་པོར་ཆགས་འདོད་ཀྱང་དབུལ་པོར་ཆགས་འདོད་མེད་པའི་རིགས་ཡིན། ང་ཚོའི་སློབ་མར་ནམ་ཡང་དཀའ་ཁག་ཆེ་ཆུང་ག་འདྲར་འཕྲད་ཀྱང་གཉའ་མི་ཆག་ཅིང་མགོ་མི་སྒུར་བའི་སྤོབས་པ་སྐྱེད་སྲིང་བྱེད་དགོས།

བརྒྱད། རང་ཉིད་ལ་ལས་བྱ་འཇོག་པའི་གོམས་གཤིས་སྐྱེད་སྲིང་བྱེད་པ།

དགེ་རྒན་གྱིས་བགོས་པའི་ལས་བྱ་སློབ་མ་ཡོད་ཚད་ལ་འཚམ་པའི་ངེས་པ་མེད། ལས་བྱ་ཚང་མ་ངེས་པར་བསྒྲུབ་དགོས་པའི་རེ་བ་འདོན་པ་ནི་སློབ་གསོའི་ལོག་ལམ་རེད། དགེ་རྒན་གྱིས་སློབ་མར་གྲོས་ཁ་བསྡུར་ཏེ་འོས་ཤིང་འཚམ་པའི་ལས་བྱ་ཏན་ཏིག་སྒོས་བསྒྲུབས་ཏེ་མཐིལ་ཕྱིན་པ་ཤེས་སུ་འཇུག་རྒྱུ་གཙོ་ཆེ། སློབ་གསོའི་མགོ་ཁྲིད་ཚན་ཆུང་གིས་སློབ་མའི་ཆུ་ཚད་ལྟར་ཕན་འབྲས་ཡོད་པའི་ལས་བྱ་འོས་འཚམ་ལག་ལེན་དུ་འདེབས་པར་ཞིབ་བཤེར་བྱེད་པ་དང་། དགེ་རྒན་རྣམ་པས་སློབ་མའི་དངོས་ཡོད་གནས་ཚུལ་ལ་གཞིག་ནས་སློབ་སྦྱོང་གི་ལམ་དུ་སྐུལ་ན་ད་གཟོད་སློབ་མ་ཚོའང་བདེ་ཐང་ངང་འཕེལ་རྒྱས་འབྱུང་བ་རེད།

དགུ། ནོར་འཕྱུག་གི་དྲི་བ་ཐག་གཅོད་ལེགས་པོ་བྱེད་པའི་གོམས་གཤིས།

ནམ་རྒྱུན་རྒྱུགས་བླངས་ཚར་རྗེས་སློབ་མ་ལ་ལས་སྐར་གྲངས90ལེན་ཐུབ་པ་དང་། ལ་ལས་སྐར་གྲངས50ལེན་པ། ཡང་འགའ་ཤས་ཀྱིས་སྐར་གྲངས30ལེན་པའང་ཡོད། འོ་ན་ནོར་འཕྱུག་བྱུང་བའི་དྲི་བ་དག་བཅོས་བྱ་བར་ཇི་ལྟར་སྐུལ་དགོས་ཨང་། སྐར་གྲངས་འཐུས་ཤོར་བྱུང་བར་འགྱོད་པ་མི་སྐྱེ་བར། ད་ཐེངས་སྐར་གྲངས30བླངས་ཀྱང་རྗེས་མར་སྐར་གྲངས40ལ་འཕར་ཐུབ་པ་བྱུང་ན། དེ་ནི་རླབས་ཆེ་བའི་སྐར་འབྲས་རེད། སྔོན་མའི་རྒྱུགས་ཤོག་ངོས་ཀྱི་རིགས་མཚུངས་དྲི་བ་འཚོལ་རྒྱུ་དང་། ཚད་ཐིག་གཅིག་པའི་ཤེས་བྱའི་དྲི་བར་ཞིབ་འཇུག་བྱས་ཏེ་རྒྱུགས་འབྲས་ཇེ་མཐོར་གཏོང་བའི་བྱེད་ཐབས་རྙེད་དགོས། ནོར་འཕྱུག་གི་དྲི་གཞི་ཐག་གཅོད་ལེགས་པོ་བྱེད་པ་ནི་སློབ་མ་མང་ཆེ་བས་ཐུན་མོང་དུ་ཁས་ལེན་པའི་གོམས་གཤིས་ཡག་པོ་ཞིག་ཡིན།

བཅུ། རྒྱུགས་ཤོག་བཅའ་བའི་གོམས་གཤིས།

སློབ་མ་ཚོས་རྒྱུགས་གཞི་ཞེས་པ་དཔོག་དཀའ་བའི་ལྐོག་གྱུར་ཞིག་ཏུ་མི་འཛིན་པར། དམའ་འབྲིང་སློབ་མས་དམའ་འབྲིང་གི་རྒྱུགས་ཤོག་བཟོ་བ་དང་། མཐོ་འབྲིང་སློབ་མས་མཐོ་འབྲིང་གི་རྒྱུགས་ཤོག་བཅའ་ཤེས་དགོས།

བཅུ་གཅིག རྒྱུ་ཆ་གདམ་གསེས་བྱས་ཏེ་སྤྱི་སྡོམ་བྱེད་པའི་གོམས་གཤིས་ལོབས་པ།

སློབ་མས་རང་ཉིད་ཀྱི་ཆུ་ཚད་དང་བསྟུན་ཏེ་སློབ་སྦྱོང་གི་རྒྱུ་ཆ་གདམ་གསེས་བྱེད་ཤེས་དགོས།

གོང་གསལ་གྱི་གོམས་གཤིས་བཅུ་གཅིག་པོ་ཐོག་མ་ནས་ལག་ལེན་དུ་འདེབས་དགོས་པའི་རེ་བ་མེད་མོད། དངོས་ཡོད་གནས་ཚུལ་དང་བསྟུན་ཏེ་རང་ཉིད་ཀྱི་ཁྱད་ཆོས་དང་འཚམ་པའི་སྒོ་ནས་དགེ་རྒན་གྱིས་དཔེ་ཁྲིད་ཁྲོད་ནས་སྤྲོ་སྣང་རྙེད་པ་དང་། སློབ་མ་ཚོས་སྤྲོ་སྣང་གི་ཁྲོད་ནས་སློབ་སྦྱོང་བྱེད་ཤེས་དགོས། དགའ་སྣང་འདི་གོམས་གཤིས་ལེགས་པའི་རྨང་གཞི་འདི་དག་གི་སྟེང་མངོན་པར་མཚོན་དགོས། དགེ་སློབ་ཚང་མ་སློབ་སྦྱོང་དང་སློབ་གསོའི་བདག་པོར་འགྱུར་བའི་སྐབས་སུ། ད་གཟོད་དཔེ་ཁྲིད་ཀྱི་བྱ་བ་འདི་དངོས་གནས་སྤྲོ་སྐྱིད་ཀྱི་སྡིངས་ཆ་ཞིག་ཏུ་འགྱུར་སྲིད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།