ཀྲུང་གོ་བོད་ཀྱི་དྲ་བ།

དགེ་རྒན་ཞིག་གི་བརྙན་འཕྲིན་ཟློས་གར《ནར་སོན་གྱི་ལོ་ཟླར》བལྟས་རྗེས་ཀྱི་མྱོར་ཚོར།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   《ནར་སོན་གྱི་ལོ་ཟླའི》བརྙན་འཕྲིན་ཟློས་གར་འདི་ནི་བོད་རིགས་བུ་ཆུང་ཟླ་བའི་བྱིས་དུས་ཀྱི་འཚོ་བ་དང་འབྲེལ་ཡོད་ཅིང་། དེའི་ཁྲོད། གཙོ་བོ་ཟླ་བའིི་ཆུང་དུས་ཀྱི་ཁྱིམ་ཚང་གི་འཚོ་བ་དང་། ཁྱིམ་ཚང་གི་འགྱུར་ལྡོག་ལས་བློ་དཀར་གཞུང་དྲང་གི་བྱིས་པ་ཞིག་གི་སེམས་ཁམས་ལ་བསུབ་མེད་ཀྱི་རྨ་ཁ་ཞིག་བཟོས་པ་ཞིབ་བརྗོད་བྱས་ཤིང་། ང་ཚོར་ཁྱིམ་ཚང་གི་སློབ་གསོའི་གཙིགས་ཆེན་དང་། སྒོས་སུ་ཁྱིམ་ཚང་གི་གལ་ཆེན་རང་བཞིན་མཐོང་དུ་བཅུག ཟླ་བ་ནི་མ་གཞི་བདེ་སྐྱིད་ཀྱི་བྱིས་པ་ཞིག་ཡིན་ནའང་། བདེ་སྐྱིད་དེ་ཁོའི་ཨ་མའི་སྟེང་ནས་བྱུང་བ་དང་། མ་ཡུམ་གྱི་བྱམས་བརྩེ་ཡིས་ཟླ་བ་ཡང་བྱིས་པ་གཞན་དག་དང་འདྲ་བར་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་ཡོད། འདི་དག་ཡོད་ཚད་མ་ཡུམ་ཚེ་འདས་བྱུང་བ་ནས་མཚམས་ཆད། དེ་ནས་བཟུང་། ཁོས་འཚོ་བར་འགྱུར་ལྡོག་གཞན་ཞིག་བྱུང་ནས་རང་ཁྱིམ་དུ་ལོགས་ས་མེད་པའི་བྱིས་པ་ཞིག་ཏུ་གྱུར། འོན་ཀྱང་ཁོའི་འཚོ་བར་འགྱུར་ལྡོག་དེ་ལྟ་བུ་ཞིག་བྱུང་བའི་རྒྱུ་རྐྱེན་ནི་ཁོའི་ཨ་ཕ་ཡིན་ཞིང་། ཁོའི་ཨ་ཕས་ནམ་རྒྱུན་ཆང་འཐུང་བ་དང་། ཤོ་རྒྱག་རྒྱན་འཇོག་སོགས་ཀྱི་བྱ་སྤྱོད་ཀྱིས་ཁྱིམ་ཚང་ལ་གཏོར་བརླག་བཟོས་ཤིང་། མཐའ་མར་བྱིས་པའི་ཕུགས་བསམ་གྱི་གཤོག་པར་རྨ་ཁ་བཟོས།

微信图片_20200713130030.jpg

སློབ་མ་ཚོས་བརྙན་འཕྲིན་ཟློས་གར《ནར་སོན་གྱི་ལོ་ཟླ》བལྟ་བཞིན་པ། 

མུ་འབྲེལ་བརྙན་འཕྲིན་འདིར་བལྟས་རྗེས། རང་ལ་ཚོར་འདུ་ཤུགས་དྲག་ཅིག་སྐྱེས་ཤིང་། རང་ཉིད་དགེ་རྒན་ཞིག་དང་ཨ་ཕ་ཞིག་ཡིན་པའི་ཆ་ནས། སེམས་པ་ཀློང་ཀློང་པོར་གྱུར་ཞིང་། ཟླ་བའི་སྟེང་བྱུང་བའི་དོན་དག་ཡོད་ཚད་རང་ཉིད་ཀྱི་སློབ་མའི་གམ་དུ་བྱུང་བཞིན་པའི་གནད་དོན་དག་མ་ཡིན་ནམ། ཕ་མས་སེམས་ཁུར་མི་བྱེད་པར་བྱིས་པ་སློབ་གྲྭར་བསྐྱལ་རྗེས། ཕ་མའི་འགན་འཁྲི་འགྲུབ་པ་དང་འདྲ་བར། དེས་བོད་ཁུལ་བྱིངས་སུ་ཡོད་པའི་གནད་དོན་ཞིག་མཚོན་ཞིང་། ཁྱིམ་ཚང་གི་འཚོ་བ་འཆམ་མཐུན་མིན་པ་དང་། བཟའ་ཚང་གིས་ཁྱིམ་ཚང་སྐྱོང་མི་ཤེས་པ། ཁྱིམ་ཚང་སློབ་གསོར་མཐོང་ཆེན་མི་བྱེད་པ། དེ་མིན་ཕོ་མཆོག་མོ་དམན་གྱི་ལྟ་བ་སོགས་ཀྱིས་བོད་རིགས་སྐྱེས་པའི་ཁྲོད་ཡང་ཟླ་བའི་ཨ་ཕ་དང་འདྲ་བར་ཁྱིམ་ཚང་མི་སྐྱོང་བ་དང་། བྱིས་པར་སེམས་ཁུར་མི་བྱེད་པ། གཞན་ལ་འགྲན་སེམས་སྐྱེས་པའི་མི་མང་དུ་འདུག

བྱིས་པའི་འཚར་ལོངས་ཀྱི་ངོས་ནས་བཤད་ན། ཁྱིམ་ཚང་དང་སློབ་གྲྭ སྤྱི་ཚོགས་བཅས་ཀྱི་སློབ་གསོར་ཁ་བྲལ་དུ་མེད་ཅིང་། ཕ་མ་ནི་བྱིས་པའི་དགེ་རྒན་ཐོག་མ་ཡིན་པ་དང་། ཕ་མའི་འགྲོ་འདུག་སྤྱོད་གསུམ་གྱིས་རང་ཉིད་ཀྱི་བྱིས་པར་ཤུགས་རྐྱེན་བཟོ་བཞིན་ཡོད་པས། ཕ་མའི་བརྩེ་བར་རིན་ཐང་མེད་པ་དང་། ཕ་མའི་བྱིས་པར་བྱེད་ནུས་ཅི་ལྟ་བུ་ཞིག་ཐོན་བཞིན་ཡོད་པ་དེ་མུ་འབྲེལ་བརྙན་འཕྲིན་ཟློས་གར《ནར་སོན་གྱི་ལོ་ཟླ》ལས་མངོན་ཐུབ། བརྙན་འཕྲིན་ཟློས་གར་འདིར་ཕ་མ་དང་བྱིས་པ་དག་གིས་བལྟ་འོས་ཤིང་། འདིས་བོད་ཁུལ་གྱི་རོང་འབྲོག་དམངས་ཀྱི་ཁྱིམ་ཚང་སློབ་གསོའི་ཐད་སྣེ་ཁྲིད་ཀྱི་བྱེད་ནུས་ཐོན་ཡོད། །

(བསོད་ནམས་དབང་རྒྱལ། རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་ཡིན།)

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།