སྐད་ཡིག་སློབ་ཁྲིད་ལས་སློབ་མའི་ཀུན་སྤྱོད་སློབ་གསོ་འཛིན་དགོས་ཚུལ།

སློབ་ཆུང་སྐད་ཡིག་དགེ་རྒན་གང་མང་ཞིག་གིས་སློབ་མར་སྐད་ཡིག་གི་རྨང་གཞི་བརྟན་པོ་འདིང་བའི་ཆེད་དུ་སློབ་ཁྲིད་བྱེད་ཐབས་སྣ་མང་སྤྱོད་བཞིན་ཡོད་མོད། ཡིན་ནའང་བསམ་བློའི་ནང་དུ་སློབ་མའི་བསམ་བློའི་ཀུན་སྤྱོད་དང་། ཚན་རིག་རིག་གནས་ཤེས་བྱའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། སློབ་མར་མེས་རྒྱལ་དང་མི་དམངས་ལ་དགའ་བ་དང་། ངལ་རྩོལ་ལ་དགའ་བ། ཚན་རིག་ལ་དགའ་བ་བཅས་ཀྱི་སློབ་གསོ་བཏང་ནས། སློབ་མ་རྣམས་ཕུགས་བསམ་ལྡན་པ་དང་ཀུན་སྤྱོད་བཟང་བ། རིག་གནས་ཡོད་པ། སྒྲིག་ཁྲིམས་སྲུང་བ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་ཕྱོགས་ལ་ངོས་འཛིན་དང་བྱེད་ཐབས་གཉིས་ཀས་འདང་མེད་པའི་ཚོར་སྣང་སྟེར་ལ། ཡང་ན་ཤེས་ཡོན་དང་བསམ་བློ་ཀུན་སྤྱོད་གཉིས་ཀྱི་སློབ་གསོ་ལ་དོ་མཉམ་ཡོང་གིན་མེད་པས། སྐད་ཡིག་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་ནས་སློབ་ཆུང་སློབ་མར་བསམ་བློ་ཀུན་སྤྱོད་སློབ་གསོ་ཇི་ལྟར་གཙིགས་སུ་འཛིན་རྒྱུའི་ཐད་རང་གི་ཉམས་མྱོང་ཕྲན་ཙམ་ཞིག་གླེང་བ་ལ།

གཅིག རྒྱལ་ཁབ་དང་ཕ་ཡུལ་ལ་དགའ་བའི་ཀུན་སྤྱོད་སློབ་གསོ།

སློབ་གྲྭ་ཆུང་འབྲིང་གི་ན་ཚོད་ནི་ཏག་ཏག་ཀུན་སྤྱོད་དང་མི་གཤིས་སོགས་ཆགས་པའི་སྒང་ཡིན་པས། སློབ་ཆུང་གི་སྐད་ཡིག་སློབ་ཚན་གང་མང་ཞིག་ཁྲིད་སྐབས་སློབ་མའི་ལོ་ཚད་དང་། བློ་ཁ་ལ་དམིགས་ནས་འོས་འཚམ་བབ་བསྟུན་གྱིས་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་ཁྲིད་པ་དང་མཉམ་དུ་ཀུན་སྤྱོད་སློབ་གསོ་ཡང་གལ་ཆེན་དུ་བཟུང་ནས་ཁྲིད་ན་བསླབ་ཚན་ཚད་གཞིའི་རེ་བ་དང་མཐུན་སྙམ། ཕ་ཡུལ་གྱི་ཡུལ་ལྗོངས་དང་རིག་གནས་གནའ་ཤུལ་གྲགས་ཅན་དང་། མི་སྣ་མཛད་རྗེས་ཅན་མཚམས་སྦྱོར་ངོ་སྤྲོད་བརྒྱུད་ནས་ཕ་ཡུལ་དང་རྒྱལ་ཁབ་ལ་དགའ་བའི་ཀུན་སྤྱོད་སློབ་གསོ་གཏོང་བ། དཔེར་ན། 《ཕོ་བྲང་པོ་ཏ་ལ》དང《ལྷ་སའི་གཙུག་ལག་ཁང་རྣམ་གཉིས》ལྟ་བུ་ནི་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་རྣམ་གཉིས་ཀྱི་བཟོ་བཀོད་དང་ནང་རྟེན་སོགས་གསལ་བཤད་མཚམས་སྦྱོར་བྱས་པའི་སློབ་ཚན་ཡིན་པས་དེའི་ཕྱོགས་ཀྱི་ཤེས་བྱ་ངོ་སྤྲོད་བྱེད་རྒྱུ་ལས་གཞན། ཕོ་བྲང་པོ་ཏ་ལ་ནི་འཛམ་གླིང་ན་མིང་དུ་གྲགས་པའི་རིག་གནས་ཀྱི་ཕོ་བྲང་ཡིན་ཚུལ་དང་། ལྷ་སའི་གཙུག་ལག་ཁང་རྣམ་གཉིས་ནི་རྒྱ་བོད་བལ་གསུམ་གྱི་རིག་གནས་དང་ལག་རྩལ་གྱི་ཉིང་བཅུད་དང་། མི་རིགས་མཐུན་སྒྲིལ་གྱི་དན་རྟགས་སོགས་ཡིན་པ་ལ་རྒྱུས་ལོན་བྱེད་དུ་འཇུག་པ། ད་དུང་ཕ་ཡུལ་དང་རྒྱལ་ཁབ་ལ་བྱས་རྗེས་རླབས་པོ་ཆེ་བཞག་མྱོང་ཞིང་སྙན་གྲགས་དེབ་ཐེར་དུ་བཀོད་པའི་མི་སྣ་མཚམས་སྦྱོར་བྱས་པའི་སློབ་ཚན་ཡང་གང་མང་ཡོད་པ། དཔེར་ན།《གཡུ་ཐོག་ཡོན་ཏན་མགོན་པོ》ཞེས་པའི་སློབ་ཚན་དུ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཆུང་དུས་ནས་གསོ་རིག་ལ་སློབ་སྦྱོང་བྱས་ཤིང་། རྒྱ་ནག་དང་བལ་བོ། རྒྱ་གར། ཁ་ཆེ་སོགས་སུ་ཕེབས་ཏེ་བསླབས་པའི་གསོ་རིག་གཞུང་ལུགས་དང་། རང་གིས་ལོ་མང་པོར་སྲོག་སྐྱོབ་སྨན་བཅོས་བྱས་པའི་ཉམས་མྱོང་སྤྱི་སྡོམ་བྱས་ཏེ《དཔལ་ལྡན་རྒྱུད་བཞི》གསར་རྩོམ་དང་། སློབ་མ་མང་པོ་བསྐྱངས་ཏེ་གངས་ཅན་གྱི་ལྗོངས་ལ་གསོ་རིག་གི་ཉི་མ་འཆར་དུ་བཅུག་པའི་མཛད་རྗེས་རླབས་པོ་ཆེ་སོགས་བརྗོད་ཡོད་པས་དེ་ཤེས་རྟོགས་བྱ་རྒྱུ་གཙོ་བོར་འཇོག་དགོས་པར་མ་ཟད། གཡུ་ཐོག་ཡོན་ཏན་མགོན་པོ་ལྟ་བུའི་ཞིབ་འཇུག་གི་སྙིང་སྟོབས་དང་། གསར་གཏོད་ཀྱི་སྙིང་སྟོབས་ལྡན་པའི་མི་སྣ་གྲགས་ཅན་ཡང་ང་ཚོ་ཕ་ཡུལ་དུ་འཁྲུངས་མྱོང་བ་དང་། ཁོང་ནི་ཕ་ཡུལ་གྱི་གཟི་བརྗིད་ཡིན་པ་སོགས་ཤེས་སུ་བཅུག་སྟེ། ཕ་ཡུལ་ལ་བརྩེ་དུང་ཇེ་ཟབ་དང་མི་རིགས་ཀྱི་འདུ་ཤེས་ཇེ་བརྟན་དུ་བཏང་ཐོག་རྒྱལ་ཁབ་ལ་དགའ་བའི་བསམ་བློ་ཀུན་སྤྱོད་སློབ་གསོ་ཆགས་སུ་འཇུག་རྒྱུ་གཙིགས་སུ་འཛིན་གལ་ཆེ།

གཉིས། བློ་དཀར་གཞུང་དྲང་གི་མི་གཤིས་སྐྱེད་སྲིང་།

“མི་རེ་རེའི་ཀུན་སྤྱོད་མི་གཤིས་ཀྱི་ཚད་ལས། མི་རིགས་སྤྱིའི་ཀུན་སྤྱོད་སྤུས་ཚད་གཏན་འཁེལ་བྱེད་ཀྱི་ཡོད།”ཅེས་པ་ལྟར་མི་རབས་རྗེས་མའི་མི་གཤིས་གང་འདྲ་ཞིག་སྐྱེད་སྲིང་བྱ་རྒྱུ་ནི་ང་ཚོའི་སློབ་གསོར་རག་ལས་པས་ན། སྐད་ཡིག་སློབ་ཁྲིད་ཁྲོད་ནས་སློབ་མ་རེ་རེའི་ཐུན་མིན་གྱི་མི་གཤིས་ལ་བརྩི་མཐོང་དང་སྐྱེད་སྲིང་ལེགས་པོ་བྱེད་དགོས། དཔེར་ན། དབྱིན་ཇིའི་རྩོམ་མཁན་ཏེ་ཨེན.སི་ཐན་ལེས་བརྩམས་པའི《བུ་ཆུང་སན་ལྡེ》ཞེས་པའི་སློབ་ཚན་དུ་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་སུ་བུ་ཆུང་སན་ལྡེ་ཡིས་འབར་ཞུན་བཙོངས་ནས་ཁོ་དང་ནུ་བོ་གཉིས་ཀྱི་ཁ་གསོ་ཐབས་བྱེད་ཀྱིན་ཡོད་ལ། དབུལ་ཞིང་ཕོངས་པའི་འཚོ་བ་རོལ་གྱིན་ཡོད། འཁྱག་ལྟོགས་གཉིས་ཀྱིས་མནར་བའི་ཉིན་ཞིག་ལ་ཁོས་འབར་ཞུན་བཙོངས་ནས་སྒོར་མོ་སློག་པའི་ཆེད་དུ་རྒྱ་ལམ་གྱི་ཕར་ཁར་འགྲོ་སྐབས། སྟབས་མ་ལེགས་པར་ཤིང་རྟ་ཞིག་དང་རྡུང་ཁ་བརྒྱབ་པས་ཤིང་རྟའི་འཁོར་ལོ་ཡིས་ཁོའི་རྐང་པ་གཉིས་བཅག་ནས་འཆི་བར་ཉེ་ཡང་། ཁོས་རང་གི་ནུ་བོར་སྒོར་མོ་ལྷག་མ་བསྐྱལ་དུ་བཅུག་པ་དང་། རང་གི་བདེ་སྡུག་ལ་བསམ་བློ་ཅུང་ཙམ་ཡང་མི་གཏོང་བར་ནུ་བོ་ལེ་པུ་སུ་ཞིག་གིས་སྐྱོར་སྐྱོང་བྱེད་རྒྱུ་ལ་སེམས་ཁུར་དང་འབོད་སྐུལ་བྱེད་ཞོར་དུ་ཤི་བའི་གནས་ཚུལ་བརྗོད་ཡོད་པ་སོགས་སློབ་མར་ཤེས་རྟོགས་བྱེད་དུ་འཇུག་དགོས་པར་མ་ཟད། བུ་ཆུང་སན་ལྡེ་ཡི་བློ་དཀར་གཞུང་དྲང་དང་། བྱམས་སྙིང་རྗེ་ཆེ་བའི་བླ་མེད་མི་གཤིས་ལ་སློབ་སྦྱོང་བྱེད་དུ་འཇུག་དགོས་པ་ནི་གནད་ཀྱི་དམ་པ་སྟེ། རྒྱུ་མཚན་གང་ཞེ་ན། དེང་དུས་ཀྱི་ལོ་ཆུང་བྱིས་པ་རྣམས་ལ་མཚོན་ན། སྤྱི་ཚོགས་གསར་པའི་ཆ་རྐྱེན་བཟང་བའི་ཁོར་ཡུག་ཏུ་ནར་སོན་པས། དབུལ་ཕོངས་དང་འཁྱག་ལྟོགས་ཀྱི་འཚོ་བ་ལ་དེ་འདྲ་ཆ་རྒྱུས་མེད་པའི་ཁར་དབུལ་ཕོངས་དང་འཁྱག་ལྟོགས་ཀྱི་འཚོ་བ་དེ་བས་ཀྱང་མྱོང་མི་དགོས། ཡིན་ནའང་བདེ་སྐྱིད་ཀྱི་འཚོ་བའི་ཁོར་ཡུག་ཁྲོད་དུ་ཡ་རབས་ཚུལ་ལྡན་དང་། བློ་དཀར་གཞུང་དྲང་། བྱམས་སྙིང་རྗེ་ཆེ་བའི་མི་གཤིས་ཤིག་ཆུང་དུས་ནས་སྐྱེད་སྲིང་བྱས་ན་རྗེས་སུ་གཡོ་སྒྱུ་བྲལ་ཞིང་མི་ལ་རོགས་རམ་བྱ་རྒྱུར་དགའ་བའི་མི་ཞིག་ཏུ་འགྱུར་བར་ཕན། གཞན《རྒྱན་འཁེལ་བའི་ཉིན་མོ》ཞེས་པའི་བསྒྱུར་རྩོམ་སློབ་ཚན་དུ་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་མ་ལངས་གོང་ལ་རླངས་འཁོར་ཞིག་གསོ་བཟོ་པ་ཞིག་གིས་རྒྱན་བྱང་གཉིས་ཉོས་པ་ལས་གཅིག་ལ་རྒྱན་ཁེལ་ནས(ཁོབ་པེ་ཞེས་པའི་ལས་གྲོགས་ཀྱིས་ཁོ་ལ་རྒྱན་བྱང་ཉོ་བར་བསྐུར་བ་ལ་རྒྱན་ཁེལ་བ་དང་དེ་ཁོ་གཅིག་པུས་མ་གཏོགས་སུས་ཀྱང་མི་ཤེས)རླངས་འཁོར་གསར་པ་ཞིག་ལག་ལ་ཐོབ་མོད། འོན་ཀྱང་ཁོས་ཟོལ་མེད་གཞུང་དྲང་དང་ཁ་དན་ཚིག་ལ་གནས་པའི་སྒོ་ནས་ལས་གྲོགས་ལ་ཁ་པར་བརྒྱབ་སྟེ་རླངས་འཁོར་འཁྱེར་དུ་བཅུག་པའི་གཏམ་རྒྱུད་བྲིས་ཡོད། དེ་ལས་སློབ་མ་ལ་ཟོལ་མེད་གཞུང་དྲང་ནི་རྒྱུ་ནོར་འབོར་ཆེན་ལས་ལྷག་པར་རྩ་ཆེ་བའི་ཀུན་སྤྱོད་ཅིག་ཡིན་པ་རྟོགས་སུ་འཇུག་པ་དང་། ཟོལ་མེད་གཞུང་དྲང་གི་མི་གཤིས་ཤིག་རང་གི་རྒྱུད་ལ་ཆགས་པར་འབད་ན་མ་འོངས་པར་སློབ་མ་ཁོ་རང་སྤྱི་ཚོགས་འཚོ་བ་དངོས་ལ་ཞུགས་དུས་མི་གཤིས་ལེགས་པོ་ལྡན་པའི་མི་ཞིག་ཏུ་འགྱུར་ཐུབ་པར་ཡིད་ཆེས་བྱ་ཆོག

གསུམ། མཛའ་མཐུན་དང་འགྲིག་མཐུན་གྱི་ཀུན་སྤྱོད་སློབ་གསོ།

“མཐུན་པ་སྤུན་བཞི”ནི་མཛའ་མཐུན་དང་འགྲིག་མཐུན་གྱི་མཚོན་བྱེད་ཡིན་ལ། རྒན་བཀུར་ཆུང་བྱམས་ཀྱི་མཚོན་བྱེད་ཀྱང་ཡིན། རྗེ་དགེ་འདུན་གྲུབ་ཀྱིས་བརྩམས་པའི《མཐུན་པ་སྤུན་བཞི》ཞེས་པའི་སློབ་ཚན་ལྟ་བུ་ཁྲིད་པའི་ངོས་ནས་བཤད་ན། གླང་ཆེན་དང་སྤྲེའུ། རི་བོང་། བྱ་སྲེག་པ་བཅས་སྲོག་ཆགས་དེ་དག་གི་འབྲེལ་བ་བཟང་ནའང་ཕན་ཚུན་ལ་བཀུར་གཟོ་བྱེད་པའི་སྲོལ་བཏོད་དགོས་དོན་ཅི་ཡིན་པ་དང་། སྲོག་ཆགས་དེ་དག་གིས་རྒན་གཞོན་གྱི་ཚད་ཇི་ལྟར་དབྱེ་བ་དང་། བཀུར་གཟོ་བྱེད་པའི་སྲོལ་ཅི་ཞིག་བཙུགས་པ། ཕན་ཚུན་ལ་བཀུར་གཟོ་ཇི་ལྟར་བྱས་པ་སོགས་ལ་སློབ་མར་གོ་བ་ལེན་དུ་འཇུག་རྒྱུ་ནི་གཙོ་བོ་ཡིན་ནའང་། ཆེས་གལ་ཆེ་བ་ནི་སློབ་གྲོགས་ཕན་ཚུན་བར་དང་རྒན་གཞོན་ཕན་ཚུན་བར། མི་རིགས་ཕན་ཚུན་བར་ཏེ་མདོར་ན་མི་དང་མིའི་བར་དང་། ཐ་ན་མི་དང་སྲོག་ཆགས་བར་མཛའ་བརྩེའི་འབྲེལ་བ་འཛིན་དགོས་པར་མ་ཟད། ཕན་ཚུན་ལ་བརྩི་བཀུར་དང་བྱམས་སྐྱོང་བྱས་ཏེ། ཐུན་མོང་གི་བདེ་སྐྱིད་བསྐྲུན་པར་འབད་བརྩོན་བྱེད་དགོས་པའི་སློབ་གསོ་གཏོང་རྒྱུ་གལ་ཆེ། རྒྱུ་མཚན་ནི་དེང་སྐབས་འཛམ་གླིང་སྤྱི་དང་སྒོས་སུ་རང་རེ་རྒྱལ་ཁབ་ལ་མཚོན་ན་མི་རིགས་མང་པོ་མཉམ་སྡོད་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པས་ཕན་ཚུན་དབར་མཛའ་མཐུན་དང་འགྲིག་མཐུན་གྱི་ཀུན་སྤྱོད་ལྡན་པ་ནི་ཐུན་མོང་གི་བདེ་སྐྱིད་ཀྱི་འཚོ་བ་གྲུབ་པའི་རྨང་གཞི་ཡིན་ལ། ང་ཚོ་མི་རིགས་ཡོངས་ལ་མཛའ་མཐུན་མཉམ་གནས་དང་། མཐུན་སྒྲིལ་རོགས་རེས་ཀྱི་བསམ་བློ་ཀུན་སྤྱོད་ལྡན་ན་རང་རེ་རྒྱལ་ཁབ་འདི་མེ་ཏོག་སྣ་བརྒྱས་བརྒྱན་པའི་སྐྱེད་ཚལ་ལྟར་མཛེས་སྡུག་ལྡན་ངེས་རེད།

མདོར་ན་སྐད་ཡིག་སློབ་ཁྲིད་ལ་སྐད་དང་ཡི་གེའི་ཆ་དང་། རིག་གནས་ཤེས་བྱའི་ཆ། བསམ་བློ་ཀུན་སྤྱོད་ཀྱི་ཆ། རང་བྱུང་ཚན་རིག་གི་ཆ། ཡུལ་སྲོལ་གོམས་འདྲིས་ཀྱི་ཆ་སོགས་ཤེས་བྱ་སྣ་འདུས་ཡིན་པས། སློབ་ཁྲིད་བྱ་བའི་བརྒྱུད་རིམ་ཁྲོད་དུ་སྐད་ཡིག་གི་རྨང་གཞི་ཤེས་བྱ་བརྒྱུད་སྤྲོད་བྱ་རྒྱུ་གཙིགས་སུ་འཛིན་པ་དང་ཆབས་ཅིག་བསམ་བློ་ཀུན་སྤྱོད་སློབ་གསོ་ཡང་གལ་ཆེན་དུ་འཛིན་རྒྱུ་ཤིན་ཏུ་གལ་ཆེའོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།