བདག་བློ་ལ་སྟོབས་ཆེན་པོ་སྦྱིན་མྱོང་བའི་གཙང་ཕྱགས་པ་ཞིག

ངས་ཡང་དང་ཡང་དུ་ས་བོན་དང་མིའི་གཅིག་མཐུན་གྱི་ཆོས་ཉིད་ཅིག་གླེང་དང་གླེང་མྱོང་བ་བཞིན།ས་བོན་དང་མི་གཉིས་བལྟས་ན་རང་རྐྱ་འཕེར་བ་ཞིག་ཏུ་སྣང་ཡང་།དོན་གྱིས་ས་བོན་ནི་ཕྱིའི་ས་ཆུ་མེ་རླུང་གི་རམ་འདེགས་དང་འབྲལ་མི་རུང་ལ།མི་ནི་རྐྱེན་གང་ཞིག་གི་ནང་བསམ་པའི་རྒྱབ་རྟེན་ལ་བརྟེན་ན།ད་གཟོད་རྐྱེན་དེ་དག་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་བཞིན་དུ་མངོན་འོངས།

མི་ཞིག་གི་ནར་སོན་གྱི་གོ་རིམ་ཁྲོད་ཕ་མ་ནི་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་གསོ་བའི་བཀའ་དྲིན་བླ་མེད་ཅན་དེ་ཡིན་ལ།བར་དུ་རིག་པ་དོན་གཉེར་ཅན་ལ་ཤེས་རབ་ཀྱི་མིག་གནང་བའི་དགེ་རྒན་ཡང་གཞལ་དུ་མེད་པའི་དྲིན་གྱི་གཙོ་བོ་དེ་ཡིན་པ་བཤད་ཅི་དགོས།དྲིན་ཅན་དྲིན་དུ་ཤེས་པའི་གློ་བུར་བ་རེ་ལ།སྐད་ཆ་ཚིག་གཅིག་བཤད་མ་མྱོང་ལ།ཞལ་ངོ་ཐེངས་གཅིག་མཇལ་མ་མྱོང་བའི་དྲིན་ཅན་གཞན་དག་ཀྱང་ཞོར་དུ་དྲན་འོངས།དེ་དག་ནི་བདག་བློ་ལ་སྟོབས་ཆེན་པོ་སྦྱིན་མྱོང་བའི་མི་བུ་རླབས་ཆེན་དག་ཡིན།འོ་ན།ཀྭ་ཡེ།ཀློག་པ་པོ་ལགས།ཁྱེད་ཀྱི་སེམས་ན་རང་ལ་སྟོབས་ཆེན་པོ་སྦྱིན་མྱོང་བའི་རླབས་ཆེན་གྱི་མི་བུ་གཞན་ཡོད་དམ།

ལུས་ཀྱི་གཟུགས་གཞི་ཡར་སྐྱེས་ཏེ་མར་བསྒུར་ཞིང་།ཁ་ཡི་སོ་ཡང་བྲུལ་ཏེ་ཟས་ཀྱི་ལྡོད་པ་ལའང་ཉེན་ཁར་འཕྲད་པ།ཕྱི་ན་རྒས་ཀྱི་ཆོམ་རྐུན་མངོན་པ།ནང་ལ་གཞོན་པའི་སྟོབས་རྒྱས་པ།ལོ་རྒན་གཅིག་གི་ལོ་ཚོད་བརྒལ་བའི་གཙང་ཕྱགས་རྒད་པོ་ཞིག་ངའི་སེམས་ངོགས་ནས་དོར་མ་མྱོང་།ཁོ་ནི་ང་ལ་དུས་ཚོད་ཀྱི་འདུ་ཤེས་དྲག་པོ་བྱིན་མྱོང་བའི་མི་བུ་བཀའ་དྲིན་ཅན་ཞིག་ཡིན།

མི་ཚེ་འདིར་རང་ལ་མཐོ་འབྲིང་འགྲིམ་པའི་སྐལ་བ་མ་བྱུང་བས་རང་གི་འདོད་བློ་དང་མཐུན་པའི་སློབ་ཆེན་ཞིག་ལའང་འགྲིམ་མ་ཐུབ།འདི་ནི་ངའི་མི་ཚེ་རིང་མོའི་སེམས་ཀྱི་ན་ཟུག་དེ་ཡིན།ཡིན་ནའང་ན་ཟུག་དེ་ན་ཟུག་ཁོ་ན་ཞིག་ཏུ་མི་འགྱུར་བའི་ཆེད་དུ་ངས་རང་སེམས་ལ་དམ་བཅའ་བརྟན་པོ་ཞིག་བཅངས་མྱོང་སྟེ།ང་མུ་མཐུད་དུ་སློབ་གཉེར་གྱི་ལམ་ལ་བསྐྱོད་རྒྱུ་དེ་ཡིན།

2005ལོའི་ཟླ9པར།མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་བོད་རིག་པའི་སྡེ་ཁག་གི་སློབ་མར་གྱུར་པའི་ངས་སུས་ཀྱང་སྣང་འཇོག་བྱ་མི་སྲིད་པའི་གཙང་ཕྱགས་པ་ཞིག་ལ་དོ་སྣང་བྱས་ཤིང་། ཁོ་ནི་ངའི་དེ་གའི་ལོ་ངོ་བཞི་ཡི་སློབ་ཆེན་གྱི་འཚོ་བ་ལ་རིན་ཐང་ལྡན་དུ་བཅུག་པའི་མི་བུ་ཞིག་ཡིན། ང་རང་མ་ཡུམ་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་དུས་ད་ལྟའི་བར་དུ་བགྲང་བྱ་བཅུ་གཅིག་གི་དུས་ཡུན་འགོར་ནའང་ངས་སྔར་བཞིན་མི་བུ་དྲིན་ཅན་དེ་བརྗེད་མ་མྱོང་།

འཛིན་གྲྭ་གཅིག་དང་མལ་ཁང་གཅིག་ཏུ་འཛོམས་པའི་སློབ་གྲོགས་བུ་མོ་བརྒྱད་འདུས་པའི་ངེད་ཅག་གི་མལ་ཁང་དེ་ཉིས་ཐོག་ཏུ་ཡོད་ཅིང་།སྐབས་དེའི་སློབ་ཁུལ་རྙིང་པ་དེ་རྒྱ་ཁྱོན་ཆུང་ལ་ས་མཐའ་ཡིན་པས་ཁོར་ཡུག་ཧྲིལ་པོ་ལྷིང་འཇགས་ཤིག་ཡིན། མལ་ཁང་ནས་འོག་གི་ཡར་འགྲོ་མར་ཕེབས་ཀྱི་སློབ་གྲོགས་དག་གི་ཁ་བརྡའང་གོ་ཐུབ། དེ་འདྲའི་ཁོར་ཡུག་ཆུང་ཆུང་གི་སློབ་ཆེན་དེ་ལ་ཕྱིའི་ཁོར་ཡུག་ལ་གཙང་སྦྲ་བྱེད་མཁན་གཅིག་མ་གཏོགས་མེད། དེ་ནི་ངས་གླེང་བཞིན་པའི་རྒད་པོ་འདི་ཡིན། སློབ་ཆེན་དུ་འབྱོར་དུས་སློབ་བུ་ཚང་མ་ཧ་ཅང་སོས་དལ་དང་བག་ཡངས་ལ་རོལ་ཞིང་། སློབ་སྦྱོང་གི་གནོན་ཤུགས་ཀྱང་རྩ་བ་ནས་མེད་པས་ཐམས་ཅད་རང་རྟོགས་ལ་བརྟེན་པ་ལས་སུས་སུ་ལའང་རེ་བ་ནན་མོ་མི་འཛིན། དེ་བས་རང་གིས་རང་ལ་རེ་བ་ནན་མོ་འཛིན་རྒྱུ་དེ་རང་ཉིད་རང་གི་མགོན་ལྟར་སྣང་། ཏག་ཏག་སྐབས་དེ་འདྲ་ཞིག་ཏུ་གཙང་ཕྱགས་པ་རྒད་པོ་དེ་ངའི་སློབ་སྦྱོང་གི་མཐུན་རྐྱེན་ལ་བབས་སོང་། རྒད་པོ་དེ་ནམ་རྒྱུན་ཞོགས་པ་ཆུ་ཚོད་ལྔའི་སྟེང་མལ་ལས་ལངས་བཞིན་ཡོད་སྲིད་དེ། ཁོས་ཉིན་གཅིག་གི་ལས་ཀའི་མགོ་རྩོམ་དུས་དུས་ཚོད་ལྔ་དང་ཕྱེད་ཀ་ཏག་ཏག་ཡིན། གཙང་ཕྱགས་ཀྱི་ལས་ཀའི་མགོ་དེའང་ང་ཚོ་བུ་མོ་དག་གི་མལ་ཁང་གི་མདུན་ནས་མགོ་འཛིན་ཞིང་།ནམ་རྒྱུན་ངག་ནས་གླུ་གཞས་ཐན་ཐུན་རེ་ལེན་རྒྱུ་གོམས་ལོབས་སུ་སོང་ཡོད་པས།ཁོའི་གླུ་གཞས་དང་ཕྱགས་མ་རིང་པོས་ཁོར་ཡུག་ཕྱགས་པའི་སྒྲ་དེས་ང་གཉིད་ལས་སློང་བས་ང་ཁོའི་དུས་ཚོད་ལ་ནོར་མི་སྲིད།འདི་ནི་ཉིན་གཅིག་གཉིས་ཙམ་གྱི་སྣང་ཚུལ་མིན་པར་ཉིན་བརྒྱ་དུས་གཅིག་དང་ཡོངས་སུ་མཚུངས།རྨི་ལམ་གྱི་ཞིང་ཁམས་སུ་ཡོད་ལ་གཉིད་ཡང་བའི་ང་དང་ང་འདྲ་བ་མང་པོ་ཞིག་དེ་ལྟར་རྒད་པོ་དེས་གཉིད་ལས་སློང་བས་ན།འགའ་ཞིག་གིས་མ་རངས་པའི་ཚིག་དང་བཅས་མགོ་བོ་རུམ་དུ་འཛུལ་བའང་ཡོད་སྲིད།ཐོག་མར་གཉིད་ལས་སད་མ་ཐག་རང་ཉིད་ལའང་ལངས་མི་འདོད་པའི་སྒྱིད་ལུག་ཅིག་སྐྱེས་ནའང་།ཁོའི་གླུ་གཞས་དེས་ཕྱིར་གཉིད་དུ་ཞུགས་མི་ཐུབ་པས་ཁ་རོག་གེར་གཞས་ལ་ཉན་ཞོར་མི་དེའི་ཕྱོགས་ལ་ཡང་ཡང་བསམ་བློ་འཁོར།ཁོའང་ཕ་རྒན་ཞིག་ཅིས་ཀྱང་ཡིན་སྲིད།ང་ཚོའི་ལུགས་སྲོལ་ལྟར་ན་ལོ་ཚོད་འདི་འདྲ་ལ་སླེབས་དུས་ཁྱིམ་ལས་ལས་བརྒལ་ཏེ་ཚ་ཐབ་དྲོན་མོ་དང་གོ་ཁ་དྲོན་མོའི་བདེ་སྐྱིད་ལ་རོལ་ནས་ཁ་ཏོན་ཁོ་ན་འགན་ཁུར་ཞིག་ཏུ་བསམས་ན་ཆོག ཡང་ན་ངས་བསམ་བཞིན་པའི་མི་འདི་ལ་བུ་ཕྲུག་དང་ཆུང་མ་མེད་ཀྱང་སྲིད།ཡོད་ཀྱང་བུ་ཕྲུག་གིས་གཉོར་སྐྱོང་མ་བྱས་པ་ཡིན་སྲིད།ཐོག་མར་ངས་འོལ་ཚོད་ཀྱིས་ཁོའི་ཕྱོགས་ལ་བསམ་བློ་འཁོར་ཏེ་སྙིང་རྗེ་སྐྱེས་མྱོང་།ཡིན་ནའང་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ཁོས་ང་ལ་བཞག་པའི་བག་ཆགས་ནི་ལོ་རྒས་ཀྱང་གཟུགས་གཞི་བདེ་ཐང་ཡིན་པ།ཚེགས་ལྕི་ཡང་སེམས་པ་སྐྱིད་པ།གླེང་མོལ་བྱེད་དུས་སྐད་གསེང་མཐོ་བ།བྱ་བར་ཞུགས་དུས་རང་འགན་དུས་ལྟར་འགྲུབ་པའི་མིག་དཔེར་རན་པའི་མི་ཞིག་ཡིན་པ་ཤེས། རིམ་གྱིས་ངས་ཁོའི་ཁྱིམ་ཚང་གི་གནད་དོན་ཅི་ཡིན་ལ་བསམ་བློ་མ་བཏང་།གང་ལྟར་ཁོས་རང་གི་འཚོ་གནས་ཀྱི་ཆེད་དུ་ཞོགས་པ་སྔ་མོ་ནས་ཡར་ལངས་ཏེ་སློབ་གྲྭ་ཆུང་ཆུང་འདིའི་ཁོར་ཡུག་ཐམས་ཅད་གཙང་ཕྱགས་བྱེད་པའི་བློ་སྤོབས་དང་སྡུག་རུས་འདིས་ངའི་སེམས་པ་རྨང་ནས་དྲངས་སོང་།ལོ་ལོན་པ་ལ་ཁའི་ཉི་མ་དང་འདྲ་བའི་རྒད་པོ་ཞིག་གིས་ཀྱང་དུས་ཚོད་ལ་འགྱུར་བ་མེད་པར་འདི་ལྟར་རྒྱུན་བསྐྱངས་ཐུབ་ན་ང་ཚོ་ལོ་གཞོན་རྣམས་ལ་ཅི་བྱུང་སོང་སྙམ་པའི་དྲི་བ་ཞིག་དང་མཉམ་དུ་ང་རང་དེ་མུར་ཡར་ལངས་དགོས་པའི་སྤོབས་པ་ཞིག་རྒྱས།དེ་ལྟར་མགོ་རྩོམ་པའི་ཐོག་མ་ནས་རྒད་པོ་དེ་ངའི་སློབ་སྦྱོང་གི་རྟེན་འབྲེལ་དང་དུས་ཚོད་ལྟ་བུ་ཞིག་ཏུ་གྱུར་སོང་།དེ་ནས་བཟུང་ངས་ཀྱང་དུས་ཚོད་ལ་འགྱུར་བ་མེད་པའི་སྒོ་ནས་ཞོགས་པ་རེ་རེར་དུས་ལྟར་ལངས་ཤིང་།ལངས་ནས་དཔེ་ཀློག་གི་བྱ་བར་ཞུགས་ཏེ་སློབ་མཐར་ཕྱིན་རག་བར་དུ་བསླབ་པ་དོན་གཉེར་གྱི་རྒྱུན་མ་ལྷོད།

ད་ལྟ་མ་ཡུམ་སློབ་གྲྭའི་དགེ་སློབ་ཚང་མ་སློབ་ཁུལ་གསར་པར་གནས་སྤར་ཡོད།ངའི་སེམས་ཀྱི་བཀའ་དྲིན་ཅན་གྱི་མི་བུ་དེ་གང་དུ་བཞུགས་ཡོད་ཨང་།ཁོ་རང་ན་སོ་རྒས་དྲགས་ཏེ་ལས་ཀ་ནས་བུད་ཡོད་ངེས།ཡང་ན་ཁོ་རང་ད་ལྟ་མི་ཡུལ་དུ་བཞུགས་མེད་ཀྱང་སྲིད།ངས་ཁོ་རང་ངོ་ཤེས་དུས་ཁོ་ནི་གཙང་ཕྱགས་པ་ཞིག་ཡིན་ཞིང་།ལས་ཀ་འདིས་ང་དང་ང་འདྲ་བའི་སློབ་མ་སྐོར་ཞིག་གི་བློ་སྤོབས་རྒྱས་ཤིང་།མི་ཚེ་དོན་དང་ལྡན་པར་སྐུལ་མ་བཏང་ཡོད།དེ་རིང་ངས་ཁྱེད་ལ་བཀའ་དྲིན་ཞུ།སུས་ཀྱང་དོ་སྣང་བྱ་མི་སྲིད་པའི་གཙང་ཕྱགས་པ་ལགས།

བློ་ལ་སྟོབས་སྦྱིན་མཁན་ནི་མཐོན་པོ་མཐོན་པོ་ཞིག་ཡིན་དགོས་པའི་ངེས་པ་མེད།དམའ་མོ་དམའ་མོ་ཞིག་གིས་ཀྱང་སེམས་ལ་དྲན་བསླངས་ནས་ཤེས་རབ་བསྐྱེད་ཐུབ།ཡང་ན་སེམས་ཀྱི་དགྲ་དང་མིག་ལ་མི་རན་པ་ཡིས་ཀྱང་ཁྱོད་ལ་གོ་བ་བསྐྱེད་ནས་ལུས་ངག་ཡིད་གསུམ་གྱི་ཀུན་སློང་རྣམ་དག་ཅིག་ཏུ་བསྒྱུར་ཐུབ།དེ་བས་རྒྱུ་གང་ཞིག་གྲོགས་སུ་འགྱུར་བའི་ཐབས་ལ།ཡང་མིན་ན་སྐྱེས་བུ་དམ་པ་རྣམས་ཀྱི་དཀའ་སྤྱད་ཀྱི་མཛད་པ་དང་དུ་ལེན།ཡང་མིན་ན་དབང་པོ་མི་ཚང་བའམ་ཧ་ཅང་ཉམ་ཆུང་དང་སྣང་མེད་དུ་བཞག་པའི་མི་བུ་དེ་རིགས་སེམས་སུ་དྲངས་ནས་དྲན་པ་ཟབ་མོ་ཞིག་སྐྱེད་པར་བྱེད།ཡང་མིན་ན་རང་བྱུང་གི་སྣང་ཚུལ་ཞིག་ལ་བློ་གཏད་དེ་དེའི་ཆོས་ཉིད་ཅིག་བསྒོམས་ནས་རང་རྒྱུད་ནས་གང་ཞིག་རྟོགས་པ་ལ་བརྩོན་ནོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།