ང་རང་གཏན་དུ་སློབ་སྦྱོང་གི་ལམ་དུ་ཡོད།

binary_middle.jpg

ངའི་ཐོག་མའི་དུས་ཀྱི་སློབ་སྦྱོང་གི་བཤུལ་ལམ་ལ་ཕྱིར་དྲན་བྱས་ཚེ། དེ་ནི་ཅི་འདྲའི་དཀའ་ཚེགས་ཆེ་བ་ཞིག་རེད་ཨང་། ང་ལོ་དགུར་སོན་དུས། ཨ་ཕས་ཨ་མ་དང་ངེད་གཉིས་བསྐྱུར་ནས་བུད་མེད་གཞན་ཞིག་དང་གཉེན་བསྒྲིགས། སྐབས་དེར་ཁྱིམ་ཚང་གི་ཆ་རྐྱེན་ཤིན་ཏུ་ཞན་པས་གཉེན་ཉེ་དག་གི་རོགས་རམ་ལ་བརྟེན་ནས་ད་གཟོད་ང་རང་མཐོ་འབྲིང་དུ་འགྲོ་ཐུབ་སོང་། ངས་གཏན་དུ་བརྗེད་ཐབས་བྲལ་བ་ནི་ཨ་མས་ཉིན་དེར་ང་རང་སློབ་གྲྭའི་སྒོ་ཁར་བསྐྱལ་རྗེས། ངའི་ལག་པ་ནས་བཟུང་སྟེ“ཞི་ལུ། ཁྱོད་ཀྱིས་ངེས་པར་དུ་ལ་རྒྱ་འཛིན་དགོས། མ་འོངས་པར་ཁྱོད་ཀྱི་ཨ་ཕ་ལས་བརྒལ་དགོས”ཞེས་བརྗོད་པ་དེ་རེད། དོན་དངོས་སུ་སྐབས་དེར་ངའི་ཨ་ཕའང་སློབ་འབྲིང་གི་དགེ་རྒན་ཙམ་རེད།

1948ལོར་མཐོ་འབྲིང་མཐར་ཕྱིན་རྗེས་ང་རང་འཛུགས་སྐྲུན་བཟོ་བཀོད་པ་ཞིག་བྱེད་འདོད་པའི་འདུན་པ་ཤིན་ཏུ་ཆེ། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཆིན་ཧྭ་སློབ་ཆེན་གྱི་འཛུགས་སྐྲུན་སྡེ་ཁག་ལ་རྒྱུགས་སྤྲད་མོད་རྒྱུགས་མ་འཕྲོད། སྐབས་དེ་དུས་ལོ19ལ་སླེབས་པའི་ང་ཧྲང་ཧའེ་རུང་ཧའེ་སློབ་ཆུང་དུ་དགེ་རྒན་བྱེད་པར་སོང་བ་དང་། དགེ་རྒན་གྱི་ལས་རིགས་འདི་ལ་དགའ་བོ་འབྱུང་བའི་མགོ་ཡང་ཚུགས།1949ལོར་ངས་པེ་ཅིན་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་གསོའི་ཚན་ཁག་ཏུ་རྒྱུགས་སྤྲད་པ་ལྟར་འཕྲོད་སོང་བ་དང་།1951ལོར་ཡང་སུའུ་ལེན་མོ་སི་ཁོའི་ལེ་ཉིན་དགེ་འོས་སློབ་ཆེན་གྱི་སློབ་གསོའི་ཚན་ཁག་ཏུ་སློབ་སྦྱོང་བྱེད་པར་འགྲིམ་སྐལ་བྱུང་། ལོ་ལྔའི་རྗེས་སུ་ངའི་སྐབས་དེའི་སློབ་སྦྱོང་གི་དུས་རྫོགས་ཏེ་ཕྱིར་རྒྱལ་ནང་དུ་ལོག་པ་དང་།པེ་ཅིན་དགེ་འོས་སློབ་ཆེན་གྱི་ཟུར་གཏོགས་སློབ་འབྲིང་དུ་ལས་ཀ་ལོ་བཞི་ལ་བྱས། དེ་ནས་པེ་ཅིན་དགེ་འོས་སློབ་ཆེན་དུ་ལོག་སྟེ་སློབ་གསོ་རིག་པའི་སློབ་ཁྲིད་དང་ཞིབ་འཇུག་བྱེད་མགོ་བརྩམས་པ་ཡིན། ངས་ཆེས་ཐོག་མར་བརྩེ་བ་མེད་ན་སློབ་གསོ་མེད་པ་དང་། སྤྲོ་བ་མེད་ན་སློབ་སྦྱོང་མེད་པའི་ལྟ་ཚུལ་བཏོན་པར་མ་ཟད།དེང་རབས་སློབ་གསོའི་རིག་པའི་གཞུང་ལུགས་དང་གཙོ་གཞི་གཅིག་གྱུར་སྨྲ་བ། དེ་བཞིན་བསྡུར་བའི་སློབ་གསོ་རིག་པའི་གཞུང་ལུགས་སོགས་ཀྱི་ཐད་ནས་ཀྲུང་གོའི་སློབ་གསོའི་གཞུང་ལུགས་ལ་བྱས་རྗེས་ཕྲན་བུ་བཞག

མིག་རྡེབ་དབང་ཙམ་གྱིས་ང་ནི་ལོ་ན་དགུ་བཅུར་ཉེ་བའི་རྒན་པོ་ཞིག་ཏུ་གྱུར་པ་དང་། མི་རྣམས་ཀྱིས་ངས་སྔར་བཞིན་རྒྱལ་ཡོངས་ས་གནས་ཁག་གི་སློབ་གྲྭ་ཆུང་འབྲིང་དུ་བརྟག་དཔྱད་ཞིབ་འཇུག་དང་ཡར་རྒྱུག་མར་རྒྱུག་བྱེད་བཞིན་པ་དང་། ས་གནས་ཁག་ཏུ་རིག་གཞུང་འཆད་ཁྲིད་དང་སྙན་ཞུ་བྱེད་བཞིན་ཡོད་པ། སྔར་བཞིན་རྒྱུན་ཆད་མེད་པར་སློབ་གསོའི་དཔྱད་རྩོམ་འབྲི་བཞིན་ཡོད་པ་སོགས་མཐོང་སྟེ་ཡ་མཚར་བཞིན་འདུག ཁོ་ཚོས་ང་ལྟ་བུའི་སློབ་གསོའི་ཞིབ་འཇུག་ཁྱབ་ཁོངས་ནས་གྲུབ་འབྲས་འདི་འདྲ་ཆེན་པོ་བླངས་ཡོད་པ་དང་།ད་ལྟ་ཡང་འདི་འདྲའི་ལོ་ན་མཐོ་བའི་མི་ཞིག་གིས་ད་དུང་སྔར་ལས་ལྷག་པའི་སྒོ་ནས་བྱ་བ་སྒྲུབ་པ་དང་སློབ་སྦྱོང་བྱེད་དགོས་སམ་སྙམ་བཞིན་ཡོད། དོགས་པ་དེ་ལ་ལན་ཞིག་འདེབས་དགོས་ན། དེ་འདྲ་བྱེད་ལོས་དགོས་ཏེ་བྱ་བ་དང་སློབ་སྦྱོང་ནི་ངའི་ཚེ་སྲོག་ཡིན།ངའི་ཚེ་སྲོག་མཚམས་མ་བཞག་ན་ངས་ནམ་ཡང་འདི་ལྟར་རྒྱུན་འཁྱོངས་བྱེད་སྲིད་ཅེས་པ་འདི་ལས་མེད།

ངས་ཐོག་མཐའ་བར་གསུམ་དུ་ཚེ་གང་སློབ་གསོའི་འདུ་ཤེས་དང་བསམ་བློར་བརྩི་མཐོང་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། གཞོན་དུས་ད་དུང《ཡཱང་ཁྲིན་དགོང་དྲོའི་ཚགས་པར》དུ《ཚེ་གང་སློབ་སྦྱོང་བྱ་རྒྱུ་དེ་དུས་རབས་ཉེར་གཅིག་པར་འཁྲིད་དགོས》ཞེས་པའི་རྩོམ་ཡིག་ཅིག་སྤེལ་བས་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།ངས་བལྟས་ན་དུས་རབས་ཉི་ཤུའི་ནང་མིའི་རིགས་ཀྱིས་བྱས་རྗེས་ངོ་མཚར་ཅན་མང་པོ་ཞིག་བཞག་ཡོད་དེ། དེ་ནི་གསར་གཏོད་ཀྱི་དུས་རབས་ཤིག་ཡིན་ཏེ། རྡུལ་ཕྲན་གྱི་ནུས་པ་རྟོགས་པ་དང་།འཇིག་རྟེན་ཁམས་དང་དྲ་རྒྱའི་ཕྱོགས་སུ་བསྐྱོད་དེ་མིའི་རིགས་ཀྱི་རྨི་ལམ་རེ་རེ་བཞིན་མངོན་འགྱུར་བྱུང་།དུས་རབས་ཉེར་གཅིག་པ་ནི་དེ་བས་ཀྱང་གསར་གཏོད་ཀྱི་དུས་རབས་ཤིག་ཡིན་པས་དུས་རབས་གོང་མའི་མིའི་རིགས་ཀྱི་བསམ་ཡུལ་ལས་འདས་པའི་བྱ་གཞག་མང་པོ་ཞིག་དུས་རབས་ཉེར་གཅིག་པའི་ནང་མངོན་འགྱུར་དང་ཐག་གཅོད་བྱེད་དགོས། དེར་བརྟེན་དུས་རབས་ཉེར་གཅིག་པར་མཁོ་བ་ནི་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་མི་ཡིན། གསར་བསྒྱུར་ཇེ་མགྱོགས་ནས་ཇེ་མགྱོགས་སུ་འགྲོ་བའི་ཤེས་བྱ་ལ་ཁ་གཏད་ནས་ང་ཚོས་སྒྲུབ་ཐུབ་པ་ནི་སློབ་སྦྱོང་མཚམས་མ་བཞག་པར་ཚེ་གང་བོར་སློབ་སྦྱོང་བྱེད་རྒྱུ་དེ་ཡིན། ངས་མངལ་ཆགས་ཕྲུ་གུ་ནས་དུར་སའི་བར་གྱི་མི་ཚེའི་བརྒྱུད་རིམ་ཧྲིལ་པོའི་སློབ་གསོ་དར་སྤེལ་གཏོང་བ་དང་། སློབ་གསོ་སློབ་གྲྭའི་གྱང་ར་ལས་བརྒལ་བ།རང་གིས་རང་ལ་ཁྲིད་སྟོན་བྱེད་པའི་སློབ་སྦྱོང་དར་སྤེལ་གཏོང་བ་བཅས་བྱས་ཏེ་སློབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་པར་བྱས། ཚེ་གང་སློབ་གསོ་གཏོང་བའི་དམིགས་ཡུལ་ནི་སློབ་གསོའི་སྐྱེད་སྲིང་ལ་བརྟེན་ནས་འཐུས་སྒོ་ཚང་བའི་མི་སྣ་གསོ་སྐྱོང་བྱས་ཏེ་འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྱོང་བྱ་རྒྱུ་དེ་ཡིན། ཚེ་གང་སློབ་གསོ་དར་སྤེལ་གཏོང་མཁན་ཏེ་ང་རང་ཉིད་ཀྱིས་མི་ཚེ་གང་བོར་སློབ་སྦྱོང་ཅི་ལ་མི་བྱེད་ཨང་། སློབ་གསོ་དང་སློབ་སྦྱོང་གིས་ང་ཚོའི་མི་ཚེ་གང་བོ་ཕུན་སུམ་ཚོགས་ཤིང་སྤྲོ་སྣང་ལྡན་པར་བྱེད་ཐུབ་པ་དང་།ང་ཚོའི་མི་མངོན་པའི་ནུས་པ་དང་བློ་གྲོས་སྔོག་འདོན་དང་བེད་སྤྱོད་གཏིང་ཟབ་བྱེད་ཐུབ་པས།མི་རྣམས་ལ་གྲུབ་འབྲས་ཐོབ་པ་དང་སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ་བའི་སྤྲོ་སྣང་ཚོར་དུ་འཇུག་ཐུབ་པ་དང་།སྤྱི་ཚོགས་འཆམ་མཐུན་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་ཐུབ།

ངས་སྒོར་མོ་དང་དངོས་པོའི་འཚོ་བ་ལ་རེ་སྙེག་མི་བྱེད། འཚམས་འདྲིར་ཡོང་མཁན་ངའི་ཁྱིམ་དུ་ཡོང་དུས་ངེད་ཚང་གི་སྒྲིག་ཆས་འདི་འདྲའི་ཐབས་ཆག་ཡིན་པ་དང་ས་ངོས་སྔར་བཞིན་ཨར་འདམ་ཡིན་པ་ལས་པང་གཅལ་མི་འདིང་བར་ཡ་མཚན་སྐྱེ་སྲིད།ངས་གྱོན་པ་དང་ཟ་མ་སོགས་ལ་རྒྱས་སྤྲོས་དང་དོ་སྣང་དེ་ཙམ་མ་བྱས་པར་ཁེངས་སྐྱུང་མངོན་ཆུང་དུ་བྱས་པ་ཡིན། སྐད་ཆ་དྲང་མོ་ཞིག་བཤད་ན་ངས་དེ་དག་ལ་ངོ་མ་ཁ་ཡ་བྱེད་མི་ཐུབ།རྒྱུ་མཚན་ནི་ངའི་སེམས་ཤུགས་དང་དུས་ཚོད་ཚང་མ་ང་རང་དགའ་བའི་སློབ་གསོ་ཞིབ་འཇུག་གི་ལས་དོན་སྟེང་བཀོལ་དགོས་པ་ཡིན།ཚང་མ་རྒྱལ་ཡོངས་ས་གནས་ཁག་གི་བརྟག་དཔྱད་ཞིབ་འཇུག་དང་སྙན་ཞུའི་འཆད་ཁྲིད།དཔེ་ཆ་ཀློག་པ་དང་སློབ་སྦྱོང་བྱེད་པའི་ཐོག་སྤྱོད་དགོས་པ་ཡིན། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།