​ལྒང་ལི་སེར་ཁྲ་དང་སློབ་བྱོལ། ད་དུང་དཀར་ཡོལ་གྱི་ཆད་པ།

——རྩོམ་འདི་ཕྲན་ལ་བཀའ་དྲིན་རབ་ཏུ་ཆེ་བའི་སློབ་ཆུང་གི་དགེ་རྒན་ཡོངས་ལ་དྲི་མེད་ཁ་བཏགས་ཤིག་གི་ཚབ་ཏུ་ཕུལ་བ་ཡིན།

དང་ཐོག་སློབ་ཆུང་ལ་འགྲོ་བའི་དུས་དེར། ང་ཚོའི་སྡེ་བའི་ནང་དུ་རྒྱུན་པར་རྒྱ་ཧོ་ལང་གིས་སྒམ་ཆུང་སྐྱ་ལོག་གྲུ་བཞི་མ་གཉིས་སྨྱུག་མ་ལེབ་རིང་ཞིག་གི་སྣེ་གཉིས་སུ་ཐག་པས་བསྡམས་ཏེ་ཕྲག་པའི་མདུན་རྒྱབ་ལ་དཔྱངས་ནས་ཚོང་འབོད་བྱེད་ཞོར་སླེབས་འོངས་པར་མ་ཟད། ལྕགས་སྙིགས་ཉོ་མཁན་དང་སིལ་ཏོག་འཚོང་མཁན་སོགས་ཀྱང་སླེབས་འོངས་པ་དེར་ངས་དོ་སྣང་དང་རེ་སྒུག་ཆེན་པོ་བྱས་པ་ཡིན།

དེའི་དུས།རྒྱ་ཧོ་ལང་གི་སྒམ་ཆུང་ནང་དུ་ཆེ་ཆུང་སྣ་ཚོགས་དང་ཁ་དོག་དཀར་དམར་སེར་གསུམ་གྱིས་བརྒྱན་པའི་རྩེད་ཆས་གྲ་དག་སྙིང་རྗེ་ཤིན་ཏུ་མང་མོད། དེ་ལས་ཀྱང་འགྱིག་གི་ལྒང་ལི་སེར་ཁྲ་སྟེང་ན་འོད་འཕྲོ་བ་དེ་དག་མཐོང་ཚེ།ངས་དེ་ཚོ་ང་ལ་ཐོབ་ན་ཅི་མ་རུང་སྙམ་སྟེ་ཉིན་མོའི་སློབ་ཁྲིད་ཕར་ཞོག མཚན་མོའི་གཉིད་བརྗེད་པའང་གྲངས་མེད་ཡིན། སྐབས་དེར། ངའི་ཕ་ཡུལ་དང་ཕ་མ་ནི་ཐག་རིང་གི་འབྲོག་སར་ཡོད་པས། ང་ལ་རྩེད་ཆས་སྙིང་རྗེ་བོ་དེ་དག་ཉོ་སྤྱད་ཀྱི་སྒོར་མོ་ནི་རི་བོང་རྭ་ཡིན།དེ་ལྟ་ནའང་། ཕ་མ་དང་ཕ་ཡུལ་ཞིང་ཁར་ཡོད་པའི་སློབ་གྲོགས་དེ་ཚོའི་ལག་ཏུ་རྒྱ་ཧོ་ལང་གི་སྒམ་ཆུང་ནང་གི་འགྱིག་གི་ལྒང་ལི་སེར་ཁྲ་དེ་འདྲ་ཧ་ཅང་མང་ཞིང་། ཁོ་ཚོས་སློབ་གྲྭའི་ལུས་རྩལ་ར་བ་སོགས་ནས་བསམ་བཞིན་དུ་ང་ལྟ་བུའི་ལྒང་ལི་སེར་ཁྲ་མེད་པའི་སློབ་གྲོགས་ཚོར་ཧེབ་སློང་བ་ལྟར་ལྒང་ལི་སེར་ཁྲས་རྩེད་མོ་སྣ་ཚོགས་སྟོན་བཞིན་བུད་འགྲོ་བས། ངས་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་ལྒང་ལི་སེར་ཁྲ་ཞིག་ཐོབ་ཐབས་བྱ་རྒྱུར་སེམས་ཐག་བཅད།

སྐབས་དེ་དུས་ཀྱི་ང་ཚོའི་སློབ་གྲྭ་ནི་སྡེ་བའི་དཀྱིལ་དུ་ཡོད། དེའི་དུས་ལག་སྐྱོར་འཁོར་ལོ་རེ་ཟུང་ཡོད་པ་མིན་ཚེ་འཕྲུལ་འཁོར་གྱི་རིགས་ཀྱང་ཧ་ཅང་ཉུང་བའམ་རྒྱུ་རྐྱེན་ཅི་ཡིན་མི་ཤེས་མོད། སློབ་མ་ཚོའང་ད་ལྟ་ནང་བཞིན་བདེ་འཇགས་གཙོར་བཟུང་སྟེ་སློབ་གྲྭའི་ར་སྐོར་ནང་ཉིན་རྒྱུན་ཟོག་ལུག་ལྟར་བཅུག་བཅུག་ལ་འཇོག་པ་མིན་པར་རྒྱུན་དུ་དྲོས་ཇ་འཐུང་རྗེས། དུས་ཡུན་ཐུང་ངུ་སྤྱད་ནས་སྲང་ལམ་ལ་ཅུང་ཟད་ཉུལ་ཡང་སྐྱོན་མེད། དགོང་སྦྱོང་གྲོལ་རྗེས་སློབ་མ་ཕལ་ཆེ་བས་དཔེ་ཁུག་ཁུར་ནས་རང་རང་གི་ཡུལ་ལ་ལོག་ཆོག་པ་ཡིན།

ཉིན་གུང་ཞིག་ལ། ངས་དྲོས་ཇ་འཐུང་རྗེས། སྲང་ཁར་བུད་པ་ཡིན། དེའི་དུས། སྟབས་ལེགས་པ་ཞིག་ལ་རྒྱ་ཧོ་ལིང་ཞིག་གིས་སློབ་གྲྭའི་ཤར་ཕྱོགས་ཀྱི་ལམ་ཁ་དེ་རུ། ཉི་མ་དྲོ་སའི་གྱང་རྟིང་ཞིག་ཏུ་ཤིང་སྒམ་སྐྱ་ལོག་གི་ཁ་ཕྱེས་ཏེ་སྡེ་བའི་ཨ་ཅེ་སྐོར་ཞིག་ལ་སྐྲ་ཤད་དང་དངོས་ཟོག་བརྗེ་རེས་བྱེད་ཀྱིན་འདུག ང་མགྱོགས་མྱུར་ངང་ཁོ་ཚོའི་གམ་དུ་སླེབས་པ་དང་། ཁོ་ཚོས་ཚོང་བཤད་བྱས་ནས་ཁོམ་ལོངས་མེད་པར་སྡོད་པའི་གོ་སྐབས་དེ་དང་བསྟུན་ནས་ངས་རྒྱ་ཧོ་ལིང་གི་ཤིང་སྒམ་གྱི་གྲུ་ཟུར་དུ་ཡོད་པའི་འགྱིག་གི་ལྒང་ལི་སེར་ཁྲ་དེ་ཁྱེར་ནས་བྲོས་པ་ཡིན། དང་ཐོག ངས་ལྒང་ལི་དེ་ཁྱེར་ནས་བྲོས་ན། རྒྱ་ཧོ་ལིང་ལ་གྲོགས་པོ་དང་རོགས་པ་གཅིག་ཀྱང་མེད་པས། ཁོས་ཤིང་སྒམ་ཁུར་ཁུར་ལ་ངའི་རྗེས་བདའ་ཚེ་ངའི་རྗེས་ཆོད་མི་སྲིད་ལ།ཡག་པོ་ཞིག་བརྒྱུགས་ཀྱང་མི་ཐུབ་འདོད། ཡང་ཤིང་སྒམ་བསྐྱུར་ནས་ངའི་རྗེས་བདའ་ཚེ། ཤུལ་ནས་ཚོང་རྫས་གཞན་གྱིས་འཁྱེར་འགྲོ་བས་ཁོས་ང་ནི་རང་དགར་བཏང་སྙོམས་སུ་འཇོག་སྲིད་སྙམ་མོད། ཉིན་དེར། རྒྱ་ཧོ་ལིང་གིས་ངས་ལྒང་ལི་སེར་ཁྲ་ཁྱེར་ནས་བྲོས་པ་ཚོར་མ་ཐག་ཤིང་སྒམ་གྱང་རྟིང་ནས་བསྐྱུར་ཏེ་ངའི་རྗེས་ལ་བང་གིས་བརྒྱུགས་བྱུང་། ངས་བང་བསྣན་རུང་གོམ་ཞེང་ཆུང་བ་དང་རྒྱ་ཧོ་ལིང་དེའི་ཤ་རིད་ཅིང་གདོང་སྐྱི་ནག་ལ་གཉེར་མ་ཁ་ཤས་ཡོད་ནའང་། ཁོའི་གཟུགས་རིང་བས་གོམ་ཞེང་ཆེ་ལ།རྒྱུན་པར་ཤིང་སྒམ་དེ་གཉིས་ཕྲག་པར་ཁུར་ནས་ལམ་ཐག་རིང་པོར་རྐང་ཐང་གིས་ཕྱིན་པས་རྩལ་ཞུགས་པས་ཡིན་ནམ་ཅི་ཆ། ཁོའི་རྒྱུག་ཚད་ཤིན་ཏུ་མགྱོགས་ཤིང་སྟོབས་ཤུགས་ཀྱིས་ཁེངས་འདུག ང་གོམ་པ་བཅུ་ཙམ་ལ་བྲོས་མ་བྲོས་ཀྱི་མཚམས་ནས་ཁོས་རྡུལ་འཚུབ་སེ་ངའི་སྒལ་པགས་ནས་འཛིན་ཙམ་བྱས་མོད། ང་སྐྲག་མ་དངངས་ཀྱིས་གཡོན་དཀྱོགས་ཤིག་བྱས་པ་ན་ཁོས་འཛིན་མ་ཐུབ། ཡིན་ནའང་། ང་རང་འཚབ་དྲགས་པས་དང་སྐྲག་དྲགས་པས་ད་ནི་ལུས་ཀྱི་སྟོབས་ཤུགས་ཀྱང་དུས་ཡུན་ཐུང་ཐུང་ནང་ཆུད་ཟོས་ཆེན་པོ་ཐེབས་ཏེ་ཐང་ཆད་འདུག ད་ནི་མུ་མཐུད་དུ་འབྲོ་དགོས་ཚེ་རྒྱ་ཧོ་ལང་གི་ལག་ལ་ཨེ་ཚུད་བཤད་མི་དགོས་པས་ངས་འབྲོ་ཞོར་དུ་སྙིང་ཉེ་བའི་ལྒང་ལི་སེར་ཁྲ་དེ་ངའི་རྗེས་ན་ང་ཤ་འཛིན་སྤུ་འཛིན་གྱིས་རྒྱུག་འོང་གིན་པའི་རྒྱ་ཧོ་ལང་གི་སྔུན་ལ་གཡུགས་རྗེས་བང་གང་ཡོད་བསྣན་ནས་བྲོས་པ་ཡིན། རྒྱ་ཧོ་ལང་གིས་ཀྱང་སར་གཡུགས་པའི་ལྒང་ལི་སེར་ཁྲ་དེ་ཡར་བསྒྲུགས་ཤིང་།སྟེང་གི་ས་རྡུལ་འབྱིད་ཞོར་དང་ངའི་རྗེས་ལ་སྡིགས་དམོད་གཏོང་བཞིན་ཕྱིར་ལོག་སོང་། གལ་སྲིད་ཉིན་དེར་མི་ཞིག་གིས་ངེས་པར་རྒྱལ་ཁ་བླངས་ཡོད་ཚེ། དེ་ནི་ང་དང་རྒྱ་ཧོ་ལང་གཉིས་ལས་སུའང་མ་ཡིན་པར་ཨེན་ཙམ་རིང་གྱང་རྟིང་ནས་བདག་མེད་དུ་ལྷག་པའི་རྒྱ་ཧོ་ལང་གི་ཚོང་སྒམ་དེའི་གམ་གྱི་ལག་མྱུར་བའི་ཨ་ཅེ་ཞིག་ཡིན་ངེས།

ཉིན་དེར། སྙིང་ཉེ་བའི་ལྒང་ལི་སེར་ཁྲ་དེ་རིན་མེད་ངང་ངའི་ལག་ལ་ཐོབ་མ་བྱུང་བའི་ཁར། ཅུང་མིན་ན་ང་རང་རྒྱ་ཧོ་ལང་གི་ལག་ལ་ཚུད་སོང་བས་ཧ་ལམ་ཕྱི་དྲོ་ཞིག་གི་ཡུན་ལ་འཇིགས་སྣང་དེ་ངའི་སེམས་ནས་དྭངས་རྒྱུ་མ་བྱུང་། ཡིན་ནའང་། ལྒང་ལི་སེར་ཁྲ་དེ་སྔར་ལས་ཀྱང་ངའི་མིག་ལམ་ལ་ཐེངས་སྟོང་ཕྲག་འགར་འཆར་འོངས་པས། ང་ལ་སྔར་ལས་ཀྱང་དེ་ཐོབ་འདོད་ཀྱི་བསམ་པ་ཇེ་སྦོམ་ནས་ཇེ་སྦོམ་དུ་གྱུར་སོང་མོད། གནས་སྐབས་སུ་འཁྲུལ་སྣང་འབའ་ཞིག་ཡིད་ལ་སྒོམ་པ་མ་གཏོགས་དེ་ཐོབ་པའི་ཐབས་ཤེས་གང་ཡང་མི་འདུག་ཨང་།

ཉིན་མང་པོ་ཞིག་འགོར་རྗེས། ངས་རང་དང་བློ་ཁ་མཐུན་པའི་སློབ་གྲོགས་མང་པོ་ཞིག་གི་ངག་ལས་ཐབས་མང་པོ་ཞིག་རྙེད་བྱུང་། དེ་བས། རྒྱུན་དུ་སློབ་ཐུན་འཚོག་ལ་ཉེ་དུས། ང་སློབ་ཁྲིད་ལ་ཞུགས་མ་འདོད་པར་མི་གཞན་གྱིས་མཉམ་འཇོག་བྱས་མེད་པའི་གོ་སྐབས་དང་བསྟུན་ནས་སློབ་གྲྭ་ནས་ཕྱིར་བྲོས་པ་ཡིན།

སློབ་གྲྭ་ནས་ཕྱིར་བྲོས་རྗེས། ང་སྡེ་འདབས་ཀྱི་རྣང་མ་བརྒལ་ནས་སློབ་གྲྭ་དང་ཐག་ཅུང་ཟད་རིང་བའི་མདུན་རིའི་གྲོག་མོའི་ནང་དུ་ཤིང་སྐྱེར་བ་གཅོད་དུ་ཕྱིན་པའམ།ཡང་ན།སྡོང་ར་དང་གཡུལ་ཁ་ཉུལ་ཞོར་སྡེ་རྔའི་རྩྭ་རའི་ནང་དུ་རི་བོང་དང་གོང་མོ་བདའ་རུ་ཕྱིན་པ་ཡིན།དེ་མིན་ན་སྡེ་བའི་གཉའ་ཡི་ཆུ་རྐ་དེད་ནས་སྲིང་མགོར་ཕྱིན་ཏེ་རྒྱ་ལྕགས་སྙིགས་ཉོ་མཁན་ལ་བསྒུགས་པ་ཡིན། གང་ལྟར། ངས་ལས་ཀ་དེ་ཚོའི་གྲས་ཀྱི་གཅིག་ཨེ་འགྲུབ་ལ་རེ་བ་ཆེན་པོ་བྱེད་དོན་ནི་མདོར་དྲིལ་ན་རྒྱ་ཧོ་ལིང་གི་ཤིང་སྒམ་ནང་གི་ལྒང་ལི་སེར་ཁྲ་དེ་ཐོབ་པའི་ཆེད་ཡིན་ཞེ་ན་ཧ་ཅང་འགྲིག་ཡོད།

སློབ་བྱོལ་བྱས་པའི་དང་ཐོག་གི་ཉིན་འགའི་རིང་ལ། ངས་མདུན་རིའི་གྲོག་མོའི་ནང་ནས་སྐྱེར་བ་སྦོམ་ཕྲ་འགའ་བཅད་ནས་ཕྱིར་སླེབས་ཀྱང་། མདའ་གཞུ་ཡག་པོ་ཞིག་བཟོ་མ་ཤེས་པར་གཞུ་ཐིག་ཆད་ནས་ལག་པ་རྨས་པས་སྡེ་རྔའི་རྩྭ་རའི་ནང་དུ་ཕྱིན་ཏེ་རི་བོང་དང་གོང་མོ་གང་རུང་མདས་བསད་རྗེས། བེམ་པོ་རྒྱ་ལྕགས་སྙིགས་ཉོ་མཁན་ལ་བཙོང་རྒྱུའི་འཆར་གཞི་དེ་མ་འགྲུབ་ལ། དེའི་ཁར་ངས་སྡེ་གཉའི་ཆུ་རྐ་དང་སྡེ་འདབས་ཀྱི་ཐལ་སྤུངས་གསེང་ནས་ལྕགས་སྙིགས་ཉུང་ཙམ་བཏུས་ཡོད་ཀྱང་། ལྕགས་སྙིགས་ཉོ་མཁན་གྱི་རྒྱ་མི་ལག་སྐྱོར་སྐོར་མཁན་དེ་ཚོ་སླེབས་མ་བྱུང་བས། སློབ་བྱོལ་བྱས་པའང་དངོས་གནས་ངལ་བ་འབྲས་མེད་དུ་གྱུར་སོང་།ངས་སློབ་བྱོལ་བྱས་པའི་དོན་དེ་དང་ཐོག་བསླབ་བྱའི་དགེ་རྒན་ཚོས་མ་གཏོགས་ཤེས་མེད་ཀྱང་སྲིད་མོད། རིམ་བཞིན་སློབ་གྲྭའི་དགེ་རྒན་ཡོངས་དང་། སློབ་མ་ཕལ་ཆེ་བ། ཇ་མ་སོགས་ཀྱིས་ཀྱང་གསལ་པོར་ཤེས་སོང་བས། དགེ་རྒན་ཚོས་སློབ་མ་ཚོར་སྐད་བཏང་ནས་ང་མྱུར་མོར་ཕྱིར་སློབ་གྲྭར་ཡོང་དགོས་རབས་བཅོ་བརྒྱད་བཤད་འདུག ཡིན་ནའང་། ངས་དེ་དག་ལ་ཁ་ཡ་མ་བྱས་པར་མུ་མཐུད་ནས་ལྒང་ལི་སེར་ཁྲ་ཉོ་སྤྱད་ཀྱི་སྒོར་རྡོག་འགའ་ལག་ལ་ཨེ་ཡོང་ཤུ་རེ་བྱས་ནས་བསྡད།ཉིན་ཞིག་གི་ཕྱི་དྲོར། ངས་རྩྭ་ཁུག་ཅིག་ཏུ་རྟ་ལུག་གི་རུས་པ་དང་ལྕགས་སྙིགས་འགའ་བཅུག་ནས་སྡེ་གཉའི་ཆུ་རྐ་དེད་ནས་ཡར་འགྲོ་སྐབས། ལྟག་རྒྱབ་ནས་གློ་བུར་དུ་མི་མང་པོ་ཞིག་གིས་ཀི་རིང་འདེབས་ཞོར་བརྒྱུགས་ནས་ཐོན་བྱུང་། མ་གཞི་འཛིན་གྲྭའི་སྐྱོར་དཔོན་གྱིས་འཛིན་བདག་དགེ་རྒན་གྱི་ངག་བཀོད་བཞིན་འཛིན་གྲྭའི་ལས་བྱེད་མི་སྣ་འགའ་རྩ་འཛུགས་བྱས་ཏེ་ང་འཛིན་དུ་ཡོང་བ་རེད། ཉིན་དེར། དེ་སྔོན་ང་རྒྱ་ཧོ་ལིང་གི་ལག་ནས་ཐར་བ་དང་མི་འདྲ་བར་སྐྱོར་དཔོན་སོགས་ཀྱིས་ང་བཟུང་ནས་འཛིན་བདག་དགེ་རྒན་ལ་སྤྲད་པ་རེད། ཕྱི་ཉིན་ཞོགས་པར། ངའི་སྒྱིད་པའི་སྟེང་ལ་དམར་ཤ་དང་སྔོ་ཤ སྐྲང་འབུར་མང་པོ་ཞིག་བྱུང་འདུག་པའི་ཁར། ངོ་ཤེས་མི་ཤེས་ཀུན་གྱིས་ང་མཐོང་ཚེ། འབྲོ་རྐྱལ་མཁན་དོན་ཚེ་ཞེས་བོས་ཡོང་།“སྡུག་ལ་བརྗེད་རྒྱུ་དང་། གོས་ལ་རྙིང་རྒྱུ”ཞེས་པ་ཞིག་བཤད་རྒྱུ་ཡོད། ཉིན་འགའི་རྗེས་སུ། ཡང་ན། ངའི་སྒྱིད་པའི་སྟེང་གི“རི་མོ”རྣམས་རིམ་བཞིན་ཡལ་རྗེས། ང་མུ་མཐུད་ནས་སློབ་བྱོལ་བྱས་པ་ཡིན། གཞན་ནས་གཡོར་མི་དགོས་ཤིང་རང་ལ་དབང་བའི་ལྒང་ལི་སེར་ཁྲ་སོ་མ་ཞིག་ཡོད་ན་ཅི་མ་རུང་སྙམ་ན། ངས་དགེ་རྒན་ཚོའི་དབྱུག་པ་གཏིང་ནས་བརྗེད་འགྲོ། ཡིན་ནའང་། ལྒང་ལི་སེར་ཁྲ་དེ་ལ་སྲོག་ཅིག་ཡོད་ཚེ། དེ་བསམ་ནག་ཅིག་ཡིན་པ་ཐག་ཆོད་རེད། ངས་ཐབས་བརྒྱ་ཇུས་སྟོང་གིས་ཉིན་མང་པོར་ལྕགས་སྙིགས་བསགས་ཤིང་། དེ་ནས་རྒྱ་ལྕགས་ཉོའི་ལོག་ཕེབས་ལ་བསྒུགས་བསྒུགས་ནས་སྒོར་ཟུར་འགའ་རེ་ལག་ལ་ཆུད་ཡོད་དུས། ཡང་རྒྱ་ཧོ་ལིང་ལ་བསླེབ་རྒྱུ་མི་འདུག མཐར་ཁུག་མའི་ནང་ཡུན་རིང་པོར་བཅུག་པས་ཟད་ནས་ལྡིར་ལ་ཉེ་བའི་སྒོར་ཟུར་དེ་ཚོས་སྡེ་བའི་ཚོང་ཁང་ཆུང་བ་ནས་ཀ་ར་དབུགས་རྒྱག་ཉོ་དགོས་ཐུག་འགྲོ་ཞིང་། ལྒང་ལི་སེར་ཁྲ་ནི་ཐེངས་རྗེས་མར་ལྕགས་སྙིགས་འགའ་བཙོངས་རྗེས་ཉོ་བསམས་ནས་དུས་འགྱངས་ཀྱང་བྱེད་དགོས་བྱུང་འགྲོ། ཡིན་ནའང་། ཐེངས་རྗེས་མར་ལྕགས་སྙིགས་བཙོང་རག་ཏུ་ང་རང་དགེ་རྒན་གྱི་ལག་ལ་ཐེངས་མང་པོར་ཆུད་འགྲོ་ཞིང་། སློབ་བྱོལ་བྱས་པའི་ཐེངས་གྲངས་ཤིན་ཏུ་མང་སྟབས། དགེ་རྒན་ཚོས་ཐབས་སྣ་ཚོགས་བཀོལ་ནས་ང་རང་སློབ་གྲྭར་འགོག་ཐབས་བྱེད།དེའི་དུས། དགེ་རྒན་ཚོས་ང་རང་གཅིག་པུ་གཞུང་ལས་ཁང་དུ་བོས་ནས་སེམས་གཏམ་གང་མང་བཤད་ཅིང་། ཐ་ན། ཀ་ར་སིལ་ཏོག་བྱིན་ནས“ཁྱོད་ཀྱིས་ཡི་གེ་མི་ཤེས་ནའང་། སློབ་བྱོལ་གཏན་ནས་བྱེད་མི་རུང”ཞེས་ཐབས་སྣ་ཚོགས་ཀྱིས་ང་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་རུང་། ཕྱི་ཉིན་ནམ་ལངས་ཚེ། ངའི་གྲིབ་མ་སློབ་གྲྭའི་ནང་དུ་མཐོང་རྒྱུ་མེད་པས། ཕྱིས་སུ། དགེ་རྒན་ཚོའང་ངའི་སྟེང་ལ་ཁོང་ཁྲོ་ཆེན་པོ་ལངས་འདུག་ཅིང་། དབྱུག་པས་སློབ་གསོ་བཏང་བ་ལ་གྲངས་ཀ་ཞིག་མེད། འོན་ཀྱང་། ང་ནི་གོ་བ་མེད་པའི་གླང་རྒན་ཞིག་དང་འདྲ་བར་རྟག་ཏུ་སློབ་བྱོལ་བྱས་པ་ཡིན། ད་ལྟ་བསམས་ན། སློབ་བྱོལ་བྱེད་དོན་ནི་བརྒྱ་ཆའི་བརྒྱ་ལྒང་ལི་སེར་ཁྲ་དེའི་ཆེད་ཡིན་ཞེ་ན་ཅུང་མི་འགྲིག་མོད། ཡང་མི་འགྲིག་པའང་མི་འདུགཐེངས་ཤིག་ལ། ངས་ཉིན་བརྒྱད་ལ་སློབ་བྱོལ་བྱས་པ་ཡིན། དེ་ནི་དབྱར་ཁ་ཞིག་ཡིན་པས་ཆར་ཤ་ཡོང་བ་མིན་ཚེ།རི་མགོའི་གད་སྐྱིབས་དང་གཡུལ་ཁའི་རྩྭ་ཁང་སོགས་ནས་ཉལ་བསྡད་རུང་སྐྱོན་མི་འདུག ཐེངས་དེར་ང་ལ་འབྲོ་རོགས་ཤིག་ཀྱང་ཡོད་པས་ངེད་གཉིས་ང་ཚོའི་སྡེ་བ་དང་ཐག་ཅུང་རིང་བའི་ཚ་རྔ་ཞེས་པའི་སྡེ་བ་དེའི་གཡུལ་ཁ་དང་སྡོང་ར། ཞིང་ཁུག་སོགས་སུ་ལྕགས་སྙིགས་འཐུ་རུ་སོང་བ་ཡིན། སློབ་བྱོལ་བྱས་ནས་ཉིན་དྲུག་པའི་ཕྱི་དྲོ་ཞིག་ལ། ཚ་རྔའི་སྡོང་ར་ཞིག་གི་ནང་ནས་འབྲུ་འདོན་འཕྲུལ་འཁོར(脱谷机)གྱི་གློག་སྒུལ་འཕྲུལ་ཆས་ཆག་རོ་ཞིག་དང་། ལྕགས་རྟ་ཆག་རོ་ཞིག གཞན་ཡང་ལྕགས་དུམ་ཞིག་བཅས་རྙེད་པས་ངེད་གཉིས་ཀས་དེ་དག་སྣོད་ལ་བསྒྲུགས་ནས་སྡེ་བའི་སྲིང་འགོར་བསྐྱོད་པ་ཡིན། ལས་ཤིག་ཡོད་ན་ལམ་ཞིག་ཅེས་པ་བཞིན་ངེད་གཉིས་ཚ་རྔའི་སྲིང་མགོར་སླེབས་མ་ཐག ཏག་ཏག་རྒྱ་ལྕགས་སྙིགས་ཉོ་མཁན་ཞིག་གིས་ལག་སྐྱོར་འཁོར་ལོ་བསྐོར་ནས་ཡོང་གིན་པ་དང་ཐོད་ཐུག་ཅིང་། ངེད་གཉིས་ཀྱི་ལྕགས་སྙིགས་ཡོད་ཚད་ལ་སྒོར་ཉེར་གཅིག་བྱིན་ནས་ཉོས་སོང་། ད་ཡིན་ན་ལྒང་ལི་སེར་ཁྲ་གསུམ་བཞི་ཞིག་ཉོ་དགོས་ཀྱང་འདང་རྒྱག་མེད་པས་ང་ལ་དགའ་སྤྲོ་དཔག་ཏུ་མེད་པ་ཞིག་བྱུང་སོང་། མཚན་མོ་དེར་ངེད་གཉིས་མཚན་སྐྱོད་བྱས་ནས་ཕྱིར་སྡེ་བར་ལོག་ཅིང་། སུ་ཚང་ཡིན་མིན་མི་ཤེས་མོད། སྡེ་ཚང་གི་གཡུལ་ཁར་སྤུངས་པའི་སོག་རྩྭ་ཕོན་པོ་དེའི་ཁོག་ལ་འཛུལ་ནས་ཉལ་བསྡད་པ་ཡིན། མཚན་མོ་དེར། ངའི་རྨི་ལམ་ནང་དུའང་ང་ལྒང་ལི་སེར་ཁྲ་མང་པོར་རྩེད་མོ་རྩེད་བཞིན་པ་ཞིག་རྨིས་བྱུང་ཞེ་ནའང་ཤོབ་མིན།ཕྱི་ཉིན་ས་རུབ་རག་བར་དུ་རྒྱ་ཧོ་ལིང་ཨེ་ཡོང་ལ་བསྒུགས་མོད། ཁེམ་གྱིས་ཁ་ལོ་བསྒྱུར་རྒྱུའི་རྒྱ་རྒན་ཧོ་ལིང་དེའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་བས་ང་ནི་རེ་ཐག་གཏིང་ནས་ཆད་སོང་། ཡིན་ནའང་། ངའི་གྲོགས་པོས“ད་དུང་ཅུང་ཙམ་སྒུགས་དང་། དེ་རིང་མ་སླེབས་ཀྱང་སང་ཉིན་བསླེབ་ཁོ་ཐག་ཡིན”ཞེས་ང་ལ་སེམས་གསོ་བྱེད་མོད། ངས་ཐེངས་མང་པོར་རྒྱ་ཧོ་ལིང་ལ་བསྒུགས་ཀྱང་ངལ་བ་འབྲས་མེད་དུ་གྱུར་མྱོང་བས་ཡིན་ནམ་ཅི་ཆ། ཐེངས་དེར། ངའི་སེམས་སུ་ད་ནི་ལྒང་ལི་སེར་ཁྲ་དེ་ཉོ་མ་ཐུབ་ནའང་མ་ཐུབ་འདོད་བྱུང་།ངས་སློབ་བྱོལ་བྱས་པའི་ཉིན་བརྒྱད་པའི་ཉིན་གུང་ཙམ་ལ།ང་ནི་རྒྱ་ཧོ་ལིང་གི་ལོག་ཕེབས་ལ་རེ་ཐག་ཆད་ནས་ཕྱིར་སློབ་གྲྭར་ལོག་རྩིས་བྱེད་སྐབས། ངའི་རེ་སྒུག་ཀློང་གི་རྒྱ་ཧོ་ལིང་གི་འབོད་སྐད་དེ་ངས་གསལ་པོར་གོ་བྱུང་། ངས་རྒྱ་ཧོ་ལིང་གི་ཚོང་སྒམ་སྐྱ་ལོག་དེའི་ནང་ནས་ལྒང་ལི་སེར་ཁྲ་སོ་མ་བཞི་ཉོས་ནས་ཁུག་མའི་ནང་བཅུག་རྗེས། བྱ་འཕུར་བ་ལྟར་སློབ་གྲྭའི་ཕྱོགས་སུ་སོང་བ་ཡིན། འོན་ཏེ། ང་སློབ་གྲྭའི་ཉེ་འཁོར་དུ་སླེབས་དུས། སློབ་གྲྭའི་དགེ་སློབ་མང་པོ་ཁྱུ་དང་ཁྱུ་བྱས་ནས་སྡེ་བའི་སྡོང་ར་དང་གཡུལ་ཁ་སོགས་སུ་སྐྱོད་ཀྱིན་འདུག སྐབས་དེར། ངས་ཀྱང་ཁོ་ཚོས་ང་འཚོལ་བཞིན་པ་ཤེས་ཡོད་པས། ང་བསམ་གཟས་ནས་ཁོ་ཚོས་མཐོང་སར་བསྡད་པ་ཡིན། སྐབས་ཤིག་ལ། “དོན་ཚེ་འབྲོ་རྐྱལ་མཁན་གན་ན་ཡོད་ཀི། ཚང་མས་ལྟོས་དང”ཞེས་སློབ་གྲོགས་ཤིག་གིས་སྐད་ཆེན་བརྒྱབ་པ་ན། དགེ་སློབ་ཡོངས་རྫོགས་བྱ་བརྒྱ་འུར་རྡོ་གཅིག་གིས་དཀྲོགས་པ་བཞིན་ངའི་ཕྱོགས་ལ་རུབ་ནས་ཐོན་བྱུང་།ཕྱིར་སློབ་གྲྭར་སླེབས་རྗེས། དགེ་རྒན་ཚོས་དབྱུག་པ་སྦོམ་པོ་བརྒྱ་ཕྲག་ལྷག་ཆེད་དུ་ང་ལ་ཆད་པ་གཅོད་བྱེད་དུ་བཀོད་སྒྲིག་བྱས་ཡོད་སྙམ་མོད། ཡིད་ཀྱི་རྒུ་ལའང་མ་ཤར་བ་ཞིག་ལ། ཐེངས་དེའི་ཆད་པ་གཅོད་བྱེད་ནི་དཀར་ཡོལ་འབྲུག་རིས་མ་ཞིག་རེད། ཆད་པ་གཅོད་མཁན་ཡང་སློབ་གཙོ་དང་འཛིན་བདག་སོགས་མ་ཡིན་པར་སྐད་ཡིག་དགེ་རྒན་རེད། ཁོང་མོས་སྔོན་ལ་ངའི་ཁུག་མའི་ནང་ནས་ཕྱིར་ལྷུང་ལ་ཁད་དུ་ཡོད་པའི་ལྒང་ལི་སེར་ཁྲ་ལྔ་པོ་བླངས་ནས་ཅོག་ཙེའི་སྟེང་སེམས་ཆུང་གིས་བཞག་རྗེས། དཀར་ཡོལ་འབྲུག་རིས་མ་ཞིག་གཙང་མར་ཕྱིས་ཤིང་། དེ་ནས་ང་ལ“ལག་པ་གཉིས་རྒྱབ་ནས་བསྣོལ། རྐེད་པ་སྒུར”ཟེར་བ་དང་། “ཁ་གྱང་ལ་ཕྱོགས་ནས་ཐོད་པ་དང་གྱང་གི་བར་ལ་དཀར་ཡོལ་འདི་ཚིར་ནས་ལོངས་སྡོད”ཟེར། དེར་མཐུད་ནས“ཁྱོད་ཀྱིས་དེ་རིང་ངའི་དཀར་ཡོལ་འདི་གཅག་རྒྱུ་ཞིག་ཡོད་དུས་འདི་འདྲའི་དཀར་ཡོལ་བདུན་བརྒྱད་ཀྱིས་ཚོབས”ཟེར། ཕོ་ལོ་བཅུ་གསུམ་ལ་འབུད་རག་བར། ང་ལ་སུས་གཅར་ཀྱང་མ་སྐྲག་མོད། དགེ་རྒན་གྱིས་དཀར་ཡོལ་དེ་ཐོད་པ་དང་གྱང་བར་ལ་བཙིར་མ་ཐུབ་པར་ཐང་ལ་བརྡབས་ནས་ཆག་ཏུ་བཅུག་ཚེ་འཚབ་དགོས་ཟེར་བ་དེར་ང་རང་ཞེ་དྲག་སྐྲག་སོང་། རྒྱུ་མཚན་ནི་ངས་ལྒང་ལི་སེར་ཁྲ་དེ་འདྲ་ཞིག་ཉོ་དགོས་ནའང་དཀའ་ཚེགས་གང་མང་མྱོང་དགོས་པ་ཤེས་ཡོད་པས། གལ་སྲིད། དགེ་རྒན་གྱི་དཀར་ཡོལ་འབྲུག་རིས་མ་དེ་བཅག་ནས་འཚབ་དགོས་ཚེ། སྤྱིར་བཏང་ཞིག་ཡིན་རྒྱུ་མ་རེད་སྙམ་ནས་ཤིན་ཏུ་སྐྲག་སོང་།ཐོད་པ་ན་ཞིང་མགོ་ནང་ཧྲིལ་པོར་གཟེར་ཤ་བརྒྱུགས་ནའང་། ངས་མ་ཁར་སོ་བཏབ་ནས་ཕེ་འདེབས་ཞོར་དུ་དཀར་ཡོལ་དེ་ཐོད་པ་དང་གྱང་བར་ལ་བཙིར་ནས་བསྡད་པ་ཡིན། སྐབས་ཤིག་ལ། དགེ་རྒན་ཁོང་མོ་ངའི་གམ་ལ་བཅར་ནས“ད་ཆོག་གི གལ་སྲིད་ཁྱོད་ལ་དཀར་ཡོལ་མང་པོ་སྟེར་རྒྱུ་ཡོད་ཚེ་སང་ཉིན་མུ་མཐུད་ནས་སློབ་བྱོལ་བྱོས་དང་ཆོག་ཨང”ཟེར།ཉི་མ་དེའི་ཕྱི་ཉིན་ནས་བཟུང་། དགེ་རྒན་གྱིས་བཤད་པའི་མཇུག་མཐའི་སྐད་ཆ་དེ་ཡིད་ལ་དྲན་ཚེ། སློབ་བྱོལ་བྱ་རྒྱུར་ཡིད་ཀྱི་རྒུ་ནས་སྐྲག་འོངས་ཤིང་། དེ་ནས་བཟུང་། སློབ་ཆེན་མཐར་ཕྱིན་རག་བར་དུ་ངས་ཧ་ལམ་སློབ་བྱོལ་བྱས་མ་མྱོང་བ་འདྲའོ། །    

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།