ཀྲུང་གོ་བོད་ཀྱི་དྲ་བ།

དཔེ་ཀློག་ལ་འཇུག་པའི་ཐབས་ཤེས་འགའ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གཅན་རྣམ་ཐར་གྱིས་སྒྲིག་བསྒྱུར་བྱས།   སྤེལ་དུས། : 2020-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.བསྡུར་བའི་ཐབས།

དཔེ་ཀློག་བྱས་པ་དང་མཉམ་དུ། དཔེ་ཆ་དང་རྩོམ་ཡིག་གི་བརྗོད་བྱ་གཙོ་བོ་ཤེས་རྗེས། དཔེ་ཆ་དང་རྩོམ་ཡིག་ལ་བལྟས་པའི་ལྟ་ཚུལ་གནད་དོན་ཕྱོགས་བསྡུས་སྤྱི་སྡོམ་བྱས་ནས་སྤེལ་བ་དང་། མཉམ་གཅིག་ཏུ་མི་འདྲ་བའི་ཆ་དེར་བསྡུར་བ་བྱས་ཏེ། བརྡར་ཤ་གསལ་པོར་ཆོད་པར་བྱས་རྗེས་རྩོམ་ཡིག་འབྲི་དགོས།

2.དཀར་ཆག་སྒྲིག་ཐབས།

རང་ཉིད་ཀྱིས་དཔེ་ཀློག་སྤུས་དག་བྱས་པའི་དཔེ་ཆའི་མིང་དང་། རྩོམ་པ་པོ། དཔེ་སྐྲུན་ལས་ཁུངས་ཀྱི་མིང་བཅས་གཅིག་བསྡུས་བྱས་ཏེ། གྲངས་ཀའི་དཀར་ཆག་བསྒྲིགས་ན་སླད་མར་རྒྱུ་ཆ་འཚོལ་སྐབས་སྟབས་བདེ་བ་ཡིན།

3.མཚོན་རྟགས་འགོད་ཐབས།

དཔེར་ན། དྲང་ཐིག(—)གིས་ཁྱད་པར་ཅན་དང་ནང་དོན་གཙོ་བོའམ་གནད་ཚིག་མཚོན། གོར་ཐིག་ཆུང་བ (。)ནི་གནད་འགག་རང་བཞིན་ལྡན་པའི་ཐ་སྙད་འོག་ཏུ་འབྲི་དགོས། གསེག་ཐིག(/)གིས་རང་གྲུབ་ཚན་པ་དགར་སྟངས་མཚོན། འབོད་རྟགས(!)ཀྱིས་ཕུལ་དུ་བྱུང་བའི་ཚིག་གྲུབ་ལ་རོལ་མྱོང་བྱེད་པ་མཚོན། དྲི་རྟགས(?)ཀྱིས་ལྟ་ཚུལ་དང་ནང་དོན་གྱི་དོགས་གཞི་མཚོན།

4.གནད་བསྡུས་བྱེད་ཐབས།

གནད་བསྡུས་བྱ་ཐབས་ལ་གཉིས་ཡོད་དེ། གཅིག་ནི་མ་རྩོམ་དེ་རང་གི་སྐད་ཆ་ལྟར་འབྲི་བ་དང་། དེ་ནི་རང་གི་གོ་བ་བསྐྱེད་པ་དང་རྩོམ་ཡིག་འབྲི་བ་ལ་འཚམས་ཤིང་། རྒྱུ་ཆ་ལ་ཐད་ཀར་བེད་ཆོད་པ་ཞིག་མིན། གཉིས་ནི་གོ་བ་གཏིང་ཟབ་པའི་དཔེ་ཆ་དང་རྩོམ་ཡིག ཡང་ན་ནང་དོན་ལ་ལྟ་ཚུལ་འདོན་པའི་རྣམ་པ་ལྟར་བསྒྲིགས་ཏེ་ཟིན་ཐོར་བཀོད་ན། དེབ་ཧྲིལ་པོའི་ནང་དོན་དང་གཏན་ཚིགས་ཀྱི་སྒྲིག་གཞི་ཁོང་དུ་ཆུད་དགོས། ཡང་ན་མ་རྩོམ་གྱི་ལེའུ་ཁ་བྱང་བཤུ་འབྲི་བྱེད་པ་དང་། ལེའུ་རེ་རེའི་སྤྱི་དོན་བྲིས་ཀྱང་ཆོག སྐབས་འགར་མ་རྩོམ་བཤུ་འབྲི་བྱེད་པ་དང་། སྐབས་འགར་རང་ཉིད་ཀྱིས་རགས་བསྡུས་བྱེད་དགོས།

5.དཔྱད་མཆན་འགོད་ཐབས།

དཔེ་ཀློག་བྱེད་སྐབས། དཔེ་ཆའི་ངོས་ཀྱི་སྟོང་ཆའི་གནས་སུ་འབྲེལ་ཡོད་མཆན་འགྲེལ་དང་དཔྱད་གཏམ་འབྲི་དགོས། དཔྱད་མཆན་གྱི་ནང་དོན་ལ་ཧ་ཅང་གསོན་ཉམས་དོད་པ་དང་། ཐ་སྙད་ཀྱི་གོ་བ་ལོན་པར་བྱེད་པ། ཚིག་དོན་གྱི་ནང་དོན་ལ་དབྱེ་ཞིབ། རང་གྲུབ་ཚན་པ་རགས་བསྡུས། གསལ་བཤད་བྱེད་ཐབས་མཚོན་པ་བཅས་ལྡན་དགོས།

དཔྱད་མཆན་ཟིན་ཐོ་འགོད་སླ་བ་ལ། ཕྱོགས་གཅིག་ནས་ཀློག་པ་དང་། ཕྱོགས་གཅིག་ནས་ཟིན་ཐོར་འགོད་དགོས། དཔེར་ན། 《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》དང《ཆུ་ངོགས་གཏམ་རྒྱུད》《ཐོག་ཁང་དམར་པོའི་རྨི་ལམ》སོགས་མིང་དུ་གྲགས་པའི་རྩོམ་ཡིག་མང་པོར་མིང་གྲགས་ཅན་གྱི་དཔྱད་བརྗོད་པ་མང་པོས་བྱེད་ཐབས་འདི་རིགས་བཀོལ་ནས་དཔེ་ཆའི་སྟེང་དུ་དཔྱད་མཆན་བཏབ་ཡོད།

6.ཡོ་བསྲང་བྱེད་ཐབས།

དཔེ་ཀློག་བྱེད་སྐབས། དཔེ་ཆའི་ནང་གི་ནོར་འཁྲུལ་ལ་ལྟ་བ་ནོར་འཁྲུལ་ཅན་དང་རྒྱུ་ཆར་མི་རུང་བ་རྒྱུ་ཆར་བཀོལ་བ་སོགས་འདུས་ཤིང་། དེ་དག་ཟིན་ཐོ་འདེབས་པའི་རྣམ་པ་ལྟར་བཅའ་དགོས།

7.གནད་བཤུས་བྱེད་ཐབས།

དཔེ་ཀློག་བྱས་པའི་རྗེས་སུ། རྒྱུ་ཆའི་རིན་ཐང་ལྡན་པའི་ནང་དོན་གཙོ་བོའི་རིགས་མ་རྩོམ་ལྟར་བཤུ་འབྲི་བྱེད་དགོས་པར་འདོད། དཔེར་ན། གསུང་ཚིག་གྲགས་ཅན་དང་གདམས་ངག སྤྱི་འགྲོས། གཞི་གྲངས། མ་དཔེ། གཏམ་རྒྱུད་སོགས་བཤུ་འབྲི་བྱེད་དགོས་ཤིང་། ཤོག་བྱང་དང་གཙང་ཞིང་དག་པའི་འབྲི་དེབ་སོགས་ཀྱི་སྟེང་དུ་བཤུ་འབྲི་བྱས་ན་ཆེས་ལེགས་པ་དང་། བཤུ་འབྲི་བྱེད་པའི་ནང་དོན་ལ་ཁ་བྱང་ཆུང་བར་རྟགས་རྒྱག་པ་དང་། གསལ་སྟོན་བྱེད་པ། ཤོག་གྲངས། རྩོམ་པ་པོ་སོགས་དགོས་པར་མ་ཟད། ངེས་པར་དུ་མ་རྩོམ་དང་གཅིག་མཐུན་བྱེད་དགོས།

8.བློ་རྒྱ་སྐྱེད་ཐབས།

དེ་ནི་དཔེ་ཀློག་བསམ་ཚུལ་ཡིན་ཞིང་། ཅུང་ཙམ་ཚད་ལྡན་གྱི་ཟིན་ཐོ་འགོད་ཐབས་རིགས་ཀྱི་རྣམ་པ་ཞིག་ཀྱང་ཡིན། ཀློག་པ་པོས་དཔེ་ཀློག་གི་བསམ་ཚུལ་ལ་ཆེས་ཐུང་བའི་རྩོམ་ཡིག་དང་། དྲན་རྟོག་ཟིན་ཐོ། ཐོལ་རྩོམ་བཅས་འབྲི་བ་དང་། དེ་ལ་བརྟེན་ནས་དཔེ་ཀློག་གི་འབྲས་བུ་སྲ་བརྟན་དང་མཐོར་འདེགས་བཏང་ཆོག་ལ། དེ་མིན་རང་ཉིད་ཀྱི་ཞིབ་འཇུག་གྲུབ་འབྲས་ཡིན་པར་བརྩིས་ཀྱང་ཆོག འདི་དག་ནི་ཀློག་པ་པོས་དཔེ་ཀློག་དང་བསམ་གཞིག་དང་རྩོམ་འབྲི་བཅས་ཟུང་འབྲེལ་བྱས་པའི་ཐོན་དངོས་ཡིན།

9.དཔྱད་འདེམས་དང་འོས་སྦྱོར་བྱེད་ཐབས།

དཔེ་ཀློག་བྱས་རྗེས། རྩོམ་ཡིག་གང་དེ་དོན་སྙིང་ཡོད་ལ་རིན་ཐང་མཐོ་བར་འདོད་ན། རྩོམ་ཡིག་ལ་དཔྱད་བརྗོད་བྱས་ཏེ་མི་གཞན་ལ་དཔེ་ཀློག་བྱེད་པར་འོས་སྦྱོར་བྱེད་དགོས་པ་དང་མཉམ་དུ་དཔེ་ཀློག་བྱེད་པ། ཕན་ཚུན་ལ་གྲོས་བསྡུར་བྱེད་པ་སོགས་ཡོང་ན་རབ་ཏུ་ལེགས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།