དཔེ་ཀློག་གི་གཏམ་རྒྱུད་ཐུང་ངུ་ཞིག

གཅིག

ཟླ་དུས་ཚེས་གྲངས་གསལ་པོ་ཞིག་མི་དྲན་ནའང་། དེ་དུས་ང་རང་སློབ་གྲྭ་ག་གེ་མོ་རུ་ཡོད་པ་དང་།ན་ཆུང་ཚགས་པར་སྟེང་ལ་རི་མོ་སྤེལ་དུས་རེད།

ཉིན་ཞིག་ང་སློབ་གྲྭའི་དཔེ་མཛོད་ཁང་དུ་སོང་བར་ལས་བཟོ་པས་རྒྱ་ཡིག་གི་དེབ་མང་པོ་སྦྱིན་པ་གཏོང་གིན་འདུག ང་ཡང་སློབ་བུ་དེ་དག་གི་གྲལ་ལ་འཁོད་དེ་དཔེ་དེབ་ཅིག་ལག་ལ་ཨེ་ཡོང་བལྟས་པར། 《མཛེས་རྩལ་དཔྱད་མྱོང》ཞེས་པའི་དེབ་ཅིག་རེག་སོང་། ཕལ་ཆེར་དེབ་དེ་ཉིད་བདག་གིས་མི་ཚེ་འདིའི་ནང་རང་གི་མོས་པ་བཞིན་བཀླགས་པའི་རྒྱ་ཡིག་གི་དེབ་ཐོག་མ་ཡིན་ངེས།

དེབ་དེའི་ཁ་ཤོག་ལ“འབྲིང་རིམ་དགེ་འོས་སློབ་གྲྭའི་མཛེས་རྩལ་བསླབ་དེབ”ཅེས་བྲིས་ཡོད་ནའང་། སློབ་གྲྭ་དེ་གར་མཛེས་རྩལ་གྱི་སློབ་ཐུན་གཟའ་འཁོར་གཅིག་ལ་ཐུན་གཅིག་རེ་མ་གཏོགས་མེད་ལ། ལྷག་པར་དུ་སློབ་ཁྲིད་ཀྱི་ནང་དོན་བསླབ་གཞི་མེད་པར་སྐྱ་རིས་ཁོ་ན་བྲི་དགོས་པས།ད་ལྟ་བསམས་ན་སློབ་གྲྭ་དེ་ག་རུ་བསླབ་དེབ་དེ་བཀླགས་མྱོང་མཁན་གྱི་སློབ་བུ་ང་གཅིག་པུ་ཡིན་ཡང་སྲིད། བསླབ་དེབ་དེ་ལས་ངས“རིག་རྩལ་བསྐྱར་དར”ཞེས་པའི་ཚིག་དེ་ཐོག་དང་པོར་མཐོང་བ་ཡིན་ལ། ཏཱ་ཧྥིན་ཆི་དང་མའེ་ཁའེ་ལོན་ཆི་ལོན། ལ་ཧྥེ་ཨར་སོགས་ཀྱི་རྣམ་ཐར་ཐུང་ངུ་རེའང་ཤེས་སོང་། ཡིན་ནའང་དཔེ་དེབ་ཅིག་ཀློག་པའི་སྤྲོ་བ་དེ་སྔོན་ཆད་མི་ཤེས་པ་མང་པོ་ཞིག་ཤེས་ཟིན་པ་དེའི་སྟེང་ན་མེད་པར་རང་གི་རྟོག་པ་འོག་མའི་ཟབ་ཚད་དུ་ལུས་པའི་ངོ་མཚར་གྱི་དྲི་བ་དེ་དག་ཕྱིར་དབྱུང་བ་དེ་ལ་རག་ལས་འདུག

དེབ་དེ་རུ་ཀའོ་ཀུན་གྱི་ཚབ་མཚོན་རི་མོའི་བརྩམས་ཆོས་ཤིག་གི་ཁ་བྱང་ལ《ང་ཚོ་གང་ནས་ཡོང་ངམ།ང་ཚོ་སུ་ཡིན་ནམ། གང་ཞིག་ལ་འགྲོ་བ་ཡིན་ནམ》ཞེས་བྲིས་ཡོད་པ་ཞིག་མཐོང་བའི་མོད་ལ།ལུས་ཀྱི་བ་སྤུ་གཟེངས་ཤིང་རྗེ་ངར་ཧྲིལ་པོར་ཟ་འཕྲུག་ཅིག་ལངས་པའི་ཚོར་བ་དེ་ད་ལྟའང་ངས་ད་དུང་ཚོར་ཐུབ།

ཀའོ་ཀུན་གྱི་ངོ་སྤྲོད་ཐུང་ངུ་དེའི་རྗེས་སུ་ཝན་ཀའོ་ཡི་གནས་ཚུལ་རགས་བསྡུས་ཤིག་བཀོད་འདུག་པར།ལོ་སུམ་ཅུའི་སྟེང་རི་མོ་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་ལོ་སོ་བདུན་སྟེང་རང་སྲོག་བཅད་པ་དེ་རེད།ད་ལྟ་བསམས་ན་སྒྱུ་རྩལ་སོགས་ཀྱི་རྐྱེན་པས་རང་སྲོག་གཅོད་མཁན་གང་མང་མང་ཞིག་ཡོད་ནའང་།སྐབས་དེ་དུས་ངས་རྒྱ་བོད་ཡིག་གཉིས་ཀྱི“ལྕེབས”ཞེས་པ་རྩ་བ་ནས་མི་འདྲ་བར་སྙམ་ཡོད་ལ།རང་ཡུལ་དུ་གསང་རྒྱ་དམ་ཚགས་བྱ་དགོས་པའི་ཤི་ཚུལ་དེ་དེབ་དེའི་ནང་དུ་ངའོ་དང་བཅས་བསྒྲགས་ཡོད་པར་བསམ་བློ་གཏོང་མ་ཤེས།

སྐད་ཆ་དེ་རང་རེའི་དམངས་ཁྲོད་དུ་ཤོད་རྒྱུན་ཡོད་པའི་གཟའ་གྲིབ་ཅིག་ནང་བཞིན་བདག་གི་སེམས་ཁ་ལ་ལྷན་པ་བཞིན་འབྱར་ཡོད་པ་ནི། རང་ལོ་སོ་བདུན་མ་སོན་ཙམ་དུ་ངས་རང་སྲོག་གཅོད་འགྱུར་གྱི་རྣམ་རྟོག་ཅིག་ད་ལྟའང་ད་དུང་སེམས་ལ་ཚེར་མ་བཞིན་ཟུག་ཏུ་བཅུག་ཡོད། དེབ་དེའི་ལེའུ་ཆེས་རྗེས་མ་ནི“དུས་རབས་ཉི་ཤུ་པ་ཚེས་ཚུན་གྱི་ཕྱི་གླིང་གི་མཛེས་རྩལ”ཞེས་པ་དེ་ཡིན་ལ། ལེའུ་དེ་རུ་དུས་རབས་ཉི་ཤུ་པའི་སེམས་ཁམས་སྨྱོ་བ་ཅན་དང་ཡ་མ་བརླའི་བསམ་བློ་སྟོན་མཁས་ཀྱི་མཛེས་རྩལ་གྲུབ་མཐའ་འགའ་ངོ་སྤྲོད་བྱས་ཡོད་པ། གཅན་གཟན་དང་མངོན་མཚོན། ལངས་གཟུགས། ཏཱ་ཏཱ། དངོས་བརྒལ། ལྐོག་གྱུར་སོགས་ཏེ། ངོ་སྤྲོད་དེ་དག་ལས་མ་ངྷེ་སི་དང་མེང་ཁི། ཕིས་ཁ་སོ་སོགས་རི་མོ་བ་མང་པོ་ཞིག་གི་ལོ་རྒྱུས་རྣམ་ཐར་དང་བརྩམས་ཆོས་དག་ལ་སྐོམ་པ་ཆུ་འདོད་དུ་བལྟས་པ་ཡིན།

《མཛེས་རྩལ་དཔྱད་མྱོང》ཞེས་པའི་དེབ་དེ་བཀླགས་རྗེས་བདག་གིས་དུས་དང་རྣམ་པ་ཀུན་ཏུ་རི་མོ་བ་དག་གི་ལོ་རྒྱུས་བཀོད་པའི་ཤོག་བུ་ཐར་གཅིག་ཡིན་ཡང་ཉར་ཚགས་བྱས་ཏེ་བཀླགས་པ་ཡིན་མོད།དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་པའི་དུས་མགོར་ང་སྡོད་སའི་གྲོང་གསེབ་གོག་པོ་དེ་རུ་དེབ་གསར་པ་མང་པོ་མཐོང་རྒྱུ་མེད་པ་དང་ལྷག་པར་དུ་ཕྱི་གླིང་གི་མཛེས་རྩལ་སྐོར་བཀོད་པའི་དེབ་གཅིག་ཀྱང་ལག་སོན་མ་ཐུབ།

རྗེས་སུ་དུས་ཚོད་ག་ཙམ་ཞིག་འགོར་བ་མི་དྲན་ནའང་། ཁྱིམ་མཚེས་ཚང་གི་ངའི་སློབ་གྲོགས་ཤིག་གིས་ང་རང་མཛེས་རྩལ་སྐོར་གྱི་དེབ་ལ་སྤྲོ་བ་ཡོད་པ་མཁྱེན་ཏེ《ནུབ་ཕྱོགས་པའི་མཛེས་རྩལ་ལོ་རྒྱུས་སྨྲ་བ》ཞེས་པའི་དེབ་ཅིག་གཡར་བྱུང་། དེབ་དེ་ལས“སྣ་ཚོགས་ཟང་ཟིང་གི་དེང་རབས་གྲུབ་མཐའི་ཕྱོགས་ཁག”ཅེས་པའི་ལེའུ་དེའི་ནང་དུ་ཕིས་ཁ་སོ་དང་ཁང་ཏན་སི་ཆི་སོགས་ཀྱི་མཛེས་རྩལ་གཞུང་ལུགས་སྐོར་ལ་འགྲེལ་བརྗོད་བྱས་ཡོད་པ་དང་། བྷོ་ལོ་ཁི་ཡིས་རི་མོ་འབྲི་དུས་སུ་པིར་སྨྱུག་མི་འཛིན་པར་དབྱུག་དུམ་དང་ལྕགས་ཁྱེམ། གློ་གྲི་སོགས་ཁོ་ནས་བྲི་བ། ཁི་ལིས་སི་ཏའོ་ཡིས་གླིང་ཕྲན་ཞིག་གོས་ཀྱིས་བཏུམས་ཏེ་རང་གི་མཛེས་རྩལ་བརྩམས་ཆོས་སུ་བསྙད་པ་དེ་དག་མཐོང་བའི་མོད་ལ། སྒྱུ་རྩལ་ཞེས་པ་ནི་བློ་ལ་བསྐྱར་རྒྱུ་ཞིག་དང་རས་གཞིའི་སྟེང་ཚོན་གྱིས་བྲི་རྒྱུ་ཁོ་ན་ཞིག་མ་ཡིན་པར་ངེས་ཤེས་འདྲོངས་ཡོང་།

གཉིས།

སློབ་མཐར་ཕྱིན་རྗེས་ང་རང་འབྲོག་སྡེ་ཆེན་པོ་ཞིག་གི་སློབ་གྲྭ་ག་གེ་མོར་ལས་བགོས་བྱས། ཐོག་མའི་དུས་སུ་སློབ་གྲྭ་དེ་གར་འགྲིམ་འགྲུལ་སྟབས་མི་བདེ་ལ་མཚན་མོར་བཀར་བའི་གློག་སྒྲོན་དེ་འདྲུད་འཐེན་འཁོར་ལོས་བཏོན་པ་ཡིན་པས། ཆུ་ཚོད་གཅིག་གཉིས་ཙམ་ལ་མ་གཏོགས་ལོངས་སྤྱོད་ཀྱི་སྐལ་བ་མེད་མོད།མཐའ་འཁོབ་ཀྱི་གནས་སུ་གྱར་བའི་ཁེར་རྐྱང་དང་རང་དབང་གིས་ང་ལ་དཔེ་ཆ་ཀློག་པ་དང་། རྩོམ་ཡིག་དང་རི་མོ་བྲི་རྒྱུའི་དུས་ཚོད་གྱ་ནོམ་པ་ཞིག་བསྩལ་བྱུང་།གཞི་རིམ་གྱི་མཁའ་དབུགས་དྭངས་ཤིང་གཙང་བ་དེས་ངའི་མི་ཚེ་མྱོང་གོམས་ལ་འགྱུར་བ་སྣ་ཚོགས་ཤིག་གཏོང་གིན་ཡོད་པ་ནི། སྐབས་འགར་སྐལ་བཟང་མེ་ཏོག་ཁྲ་ལྷམ་མེར་བཞད་པའི་རྩྭ་ཐང་གི་ཕང་བར་མགོ་བོ་བསྙེས་ཏེ་སྒྲ་སྡུད་འཕྲུལ་ཆས་ལས་ཕོ་མོ་ཕན་ཚུན་གྱིས་ལ་གཞས་ལེན་རེས་བྱེད་པའི་དབྱངས་ཀྱི་ཁུགས་པར་ཞུགས་ནས་གཉིད་དུ་ལོག་པའང་གྲངས་མེད་ཅིག་བྱུང་སོང་།

ཡིན་ནའང་རྟོག་པའི་ཀློང་རིམ་དུ་འཛུལ་བའི་ཤེས་རབ་ཀྱི་མེ་ལྕེ་དེ་རང་དགར་སྦར་འདོད་ན་སྦར་ཆོག་པ་ཞིག་མ་ཡིན་པ་ལ། དེ་དུས་ང་གཉིད་བཅག་ཟས་བརྗེད་ཀྱི་ངང་ལ་དཔེ་ཀློག་གི་མཚོ་ངོགས་སུ་བསྐྱོད་པ་ཡིན་མོད། རང་གི་མོས་པའི་ཉ་མོ་ཅི་དགར་འཁྱུག་རྩལ་ངོམ་སའི་དཔེ་དེབ་ཅིག་ལ་འཕྲད་རྒྱུའི་བསྐལ་བ་ཧ་ཅང་ཕྲ།

སྟེས་དབང་གིས་རྫོང་མཁར་དེ་ནས་ངས་ན་གཞོན་རི་མོ་བ་ཞིག་ངོ་ཤེས་པ་དང་།ཁོང་གིས་ང་ལ་ཡང་བསྐྱར《འཛམ་གླིང་སྒྱུ་རྩལ་ལོ་རྒྱུས་སྨྲ་བ་ལས་ནུབ་ཕྱོགས་རི་མོའི་ལོ་རྒྱུས་སྨྲ་བ》 ཞེས་པའི་དེབ་ཅིག་གཡར་བྱུང་། དེབ་དེ་ནི་རི་མོའི་གཞུང་དོན་གྱི་ངོས་ནས་ཅུང་ཁ་ཚང་བ་ཞིག་སྟེ། བྲག་བརྐོས་རི་མོ་ནས་རྫ་རིས། གནའ་བོའི་ཨེབ་ཇི་ནས་ཀེ་རི་སི། རོ་མའི་ལུགས་ཀྱི་བཟོ་སྐྲུན (Romanesque) དང་ཀི་ཐྲེའི་ལུགས(Gothic)རིག་རྩལ་བསྐྱར་དར། པཱ་ལའོ་ཁི་དང་ལའོ་ཁི་ཁི། གནའ་གཞུང་རིང་ལུགས་ནས་སྣང་འཆར་རིང་ལུགས། དེང་རབས་རིང་ལུགས་ནས་དེང་རབས་རིང་ལུགས་ཕྱི་མ་བཅས་དུས་རབས་ཉི་ཤུ་པའི་རི་མོའི་བྱུང་བ་དཀྱུས་གཅིག་ཏུ་བཀོད་ཡོད་པ་ཞིག་རེད། དེབ་དེ་མགོ་ནས་མཇུག་བར་ཞིབ་ཏུ་ཐེངས་གཅིག་བཀླགས་པ་ལས་ཀའོ་ཀུན་དང་ཝན་ཀའོ་གཉིས་མ་ཟད་ཀྱི་སེ་ཧྲང་དང་མའོ་ནེ་སོགས་སྣང་འཆར་རིང་ལུགས་པའི་རི་མོ་བ་མང་པོ་ཞིག་གི་ལོ་རྒྱུས་བཀླགས་ཐུབ་པ་བྱུང་ཞིང་། དེ་དག་ལས་མའོ་ནེ་ལགས་ཀྱི་ཚབ་མཚོན་བརྩམས་ཆོས《འཆར་ཁའི་སྣང་བ》ཞེས་པའི་རི་མོ་དེས་ཕ་རི་སིའི་སྒྱུ་རྩལ་གྱི་སྡེ་དེ་ཟང་ཟིང་ལང་ལོང་དུ་བཏང་བའི་གཏམ་རྒྱུད་དག་ལས་གྲོང་ཁྱེར་དེ་ལ་སྣང་བ་སོང་ཞིང་། ལྷན་ཐབས་སུ་ཁྲུང་མ་གཞོན་པས་བརྩམས་པའི་སྒྲུང་རིང《བུ་མོ་ཇ་ཤིང་མེ་ཏོག》དང་བྷོ་ཏི་ལེར་གྱི་སྙན་དེབ《སྡིག་པའི་མེ་ཏོག》སོགས་ཐེངས་མང་པོར་བཀླགས་པ་ཡིན།

དེ་བཞིན་དངོས་བརྒལ་རིང་ལུགས་ཀྱི་རི་མོ་བ་སར་བ་ཏོ་ཏཱ་ལི་ཞུ་བའི་སྐོར་ཀློག་སྐབས། དེ་སྔ་བཀྲ་ཤིས་ཟླ་བའི་སྒྲུང་གྲགས་ཅན《རྒྱུན་བུའི་མདུད་པར་བརྒྱུས་པའི་རྣམ་ཤེས》ཞེས་པ་རུ་ཏཱ་ལིའི་རི་མོ《སྐྱེས་མཆོག་ཨན་ཏུང་ཉིའི་བསླུ་བྲིད》ཅེས་པ་བཀོད་ཡོད་པ་ཕ་ངོ་བུ་ངོ་འཕྲོད་པ་ལ་སོགས་པའི་རྐྱེན་གྱིས་དེབ་དང་དེབ་ཕན་ཚུན་བསྲེས་ཏེ་དཔེ་ཆ་ཀློག་པའི་ཚོར་བ་སྐྱིད་པོ་དེ་རྙེད་སོང་།

གསུམ།

སྤྱིར་རི་མོ་བ་ཞིག་ལ་མཚོན་ན་རྩོམ་པ་པོ་དང་ཁྱད་པར་ཆེ་སྟེ། རྩོམ་པ་པོ་དག་གིས་སེམས་ཁམས་ཀྱི་སྣང་ཚུལ་དང་ཆིག་ལབ་སོགས་ཡི་གེའི་ལམ་ནས་བྲི་ཐུབ་ཅིང་ཚིག་མཛོད་ཁྲོད་གནས་པའི་ཁ་དོག་དང་བྱ་དངོས་གང་ཡིན་ཡང་མཚོན་བརྗོད་ཐུབ་ནའང་། རི་མོ་བས་དེ་དག་རེ་རེ་བཞིན་མཚོན་པའི་ཚོན་རྩི་ཉོ་དགོས་ལ། ཚོན་ཁ་བསྡེབ་དགོས་པས། རང་ཉིད་ལ་མཚོན་ན་སྐབས་དེའི་འབྱོར་བ་སོགས་གནས་ཚུལ་མང་པོ་ཞིག་གིས་རྩོམ་འབྲིའི་ལས་ལ་དུངས་པ་ཡིན་ངེས་ན། བདག་གིས་རང་གི་གསར་རྩོམ་གྱི་ཆུ་མགོ་དེ་ནམ་ཡང་མཛེས་རྩལ་དཔྱད་མྱོང་གི་དེབ་འདི་དག་ཡིན་པར་འདོད་དོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།