ཀྲུང་གོ་བོད་ཀྱི་དྲ་བ།

མི་སྡུག་བྱ་གག་མཛེས་པའི་ངང་པར་གྱུར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དཀར་པོ་རབ་སད་ཀྱིས་སྒྲིག་བསྒྱུར་བྱས།   སྤེལ་དུས། : 2020-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    - ཨེ་དབྱིན་སི་ཐན་གྱི་གཏམ་རྒྱུད།    

res01_attpic_brief (1).jpg

1879ལོའི་ཟླ3པའི་ཚེས14ཉིན་ནི་ཁྱད་དུ་འཕགས་པའི་ཉི་མ་ཞིག་ཡིན་ཏེ། ཉིན་དེར་འཛམ་གླིང་གི་རླབས་ཆེ་བའི་ཚན་རིག་པ་ཨེ་དབྱིན་སི་ཐན་མི་ཡུལ་དུ་སྐུ་བལྟམས། ཡིན་ནའང་། དེ་ནི་ཆེས་སྤྱིར་བཏང་གི་ཉི་མ་ཞིག་ཀྱང་ཡིན་ཏེ། ཉིན་དེར་མེ་ཏོག་གི་ཆར་བབས་ཤིང་བཀྲ་ཤིས་ཀྱི་འཇའ་ཚོན་འཆར་བ་སོགས་ཀྱི་རྟགས་མཚན་ཅི་ཡང་མ་མངོན་པས། འཇིག་རྟེན་གྱི་རང་ག་བའི་བྱིས་པ་གྲངས་མེད་དང་འདྲ་བར། མི་ཡུལ་དུ་སླེབས་མ་ཐག་པའི་ཨེ་དབྱིན་སི་ཐན་ལ་བླ་ན་མེད་པའི་རེ་བ་འཛིན་མཁན་ཞིག་ཡོད་ན་ཁོའི་ཕ་མ་གཉིས་ལས་གཞན་སུ་ཡང་མེད།

དེ་བཞིན་དུ། ན་ཆུང་དུས་ཀྱི་ཨེ་དབྱིན་སི་ཐན་གྱི་སྟེང་ནས་ཀྱང་བྱིས་པ་ཆེས་དཀྱུས་མའི་ནང་གི་དཀྱུས་མ་ཞིག་གི་རྟགས་མཚན་ལས་མི་མཐོང་བར་མ་ཟད། ཞིབ་ཏུ་བལྟས་ཚེ། ལྡོག་སྟེ་བླུན་པོ་ཞིག་གི་རྟགས་མཚན་རེ་མཐོང་ཐུབ་སྟེ། ཁྱིམ་ཚང་གཞན་དག་གི་བྱིས་པ་ཚང་མས་སྐད་ཆ་བཤད་མགོ་འཁྱོངས་དུས། ལོ་གསུམ་ལ་བུད་པའི་ཨེ་དབྱིན་སི་ཐན་གྱིས་ད་གཟོད་ངག་ལྡབ་ལྡིབ་ཀྱི་ངང་དོན་སྟབས་བདེ་ཙམ་སྟོན་མགོ་ཚུགས་མ་ཐག་ཡིན། རྗེས་ནས། ཨེ་དབྱིན་སི་ཐན་ལས་ལོ་གཉིས་ཀྱིས་ཆུང་བའི་ནུ་མོས་ཁྱིམ་མཚེས་དག་དང་ཁ་བརྡ་བྱེད་མགོ་འཁྱོངས་ནའང་། ཨེ་དབྱིན་སི་ཐན་གྱིས་ད་དུང་ཡང་སྐད་ཆ་ཆ་ཚང་ཞིག་བཤད་མི་ཐུབ་པར། བཤད་པའི་ངག་ལ་ད་དིག་ཆེ་ཞིང་སྟོན་པའི་དོན་ལ་མགོ་རྔ་མེད།

ལོ་བཅུ་ལ་སོན་པ་ན། ཕ་མ་གཉིས་ཀྱིས་ད་གཟོད་ཨེ་དབྱིན་སི་ཐན་སློབ་གྲྭར་འཇུག་མགོ་བརྩམས། ཡིན་ནའང་། ཨེ་དབྱིན་སི་ཐན་གྱི་རིག་པ་རྟུལ་བས་རྒྱུན་དུ་དགེ་རྒན་གྱི་སྐྱོན་བརྗོད་ཐེབས་ལ། སློབ་གྲོགས་ཚོས་ཀྱང་ཁོང་ལ“གླེན་པ”ཡི་མིང་གིས་བཟུང་སྟེ་འཕྱ་དམོད་བྱེད།

ལག་ཤེས་ཀྱི་སློབ་ཐུན་ཞིག་ཏུ། ཨེ་དབྱིན་སི་ཐན་གྱིས་རང་གིས་ལས་པའི་རྐུབ་སྟེགས་ཤིན་ཏུ་མི་སྡུག་པ་ཞིག་དགེ་རྒན་ལ་སྤྲད། དགེ་རྒན་གྱིས་རྐུབ་སྟེགས་དེར་བལྟས་རྗེས། “ངས་བསམ་ན་འཇིག་རྟེན་ན་འདི་ལས་ལྷག་པའི་རྐུབ་སྟེགས་བལྟར་མི་བཟོད་པ་ཞིག་ཡོད་མི་སྲིད”ཅེས་བརྗོད་པ་དང་། སློབ་ཁང་ཧྲིལ་པོར་དགོད་སྒྲས་ཁེངས། སློབ་གྲོགས་ཚོའི་འཕྱ་དགོད་ཀྱི་ཁྲོད་ནས། ངོ་གདོང་དམར་པོར་གྱུར་པའི་ཨེ་དབྱིན་སི་ཐན་ཡར་ལངས་ནས “ངས་བསམ་ན། རྐུབ་སྟེགས་དེ་འདྲ་ཡོད་སྲིད”ཅེས་བརྗོད་པ་དང་། ཞོར་དུ་མདུན་ཐོག་གི་ཞབས་ནས་དེ་ལས་ཀྱང་བལྟར་མི་བཟོད་པའི་རྐུབ་སྟེགས་ཤིན་ཏུ་མི་སྡུག་པ་གཉིས་བླངས་ཏེ་བསྟན་པར། དགེ་རྒན་ནི་ཧ་ལས་ཤིང་ཧོན་འཐོར་བ་ལྟར་ལུས།

འཕྱ་དམོད་དང་ཟུར་ཟའི་ཁྲོད་ནས། ཨེ་དབྱིན་སི་ཐན་ཡུན་གྱིས་ནར་སོན།

1895ལོར། ཨེ་དབྱིན་སི་ཐན་གྱིས་སུའེ་ཙེར་གྱི་ཟོ་རེ་ཆི་སློབ་ཆེན་ལ་རྒྱུགས་སྤྲད། ཡིན་ནའང་ཕྱི་ཡིག་ལ་རྒྱུགས་མ་འཕྲོད་པས་སློབ་ཆེན་དེར་འགྲོ་མ་ཐུབ། ལོ་གཅིག་གི་རིང་ལ་སློབ་འབྲིང་གི་བསླབ་ཚན་གསབ་སྦྱོང་བྱས་པས་གཞི་ནས་ཟོ་རེ་ཆི་ཕྱོགས་བསྡུས་བཟོ་ལས་སློབ་ཆེན་ལ་རྒྱུགས་འཕྲོད་པར་གྱུར། ཡིན་ནའང་། ཨེ་དབྱིན་སི་ཐན་གྱིས་དུས་ཚོད་དང་རྩོལ་བ་ཡོད་ཚད་བསླབ་ཕྱིའི་དཔེ་ཀློག་དང་ཚོད་ལྟའི་ཕྱོགས་སུ་བཏང་བས། དགེ་རྒན་རྣམས་ཀྱིས་ཁོང་ལོག་པའི་ལམ་དུ་འགྲོ་བཞིན་པར་སྙམ།

སློབ་ཆེན་མཐར་ཕྱིན་རྗེས། ཨེ་དབྱིན་སི་ཐན་གྱིས་ལས་ཀ་མ་རེག་པར་ཁྱིམ་ནས་ལུས། འཚོ་བ་ནི་དངོས་ལུགས་ཟུར་ཁྲིད་བྱས་པའི་ཡོང་སྒོ་ཙམ་ལ་བརྟེན་ནས་སྐྱེལ་ཁུལ་བྱས། ཡིན་ནའང་། ཕྱི་ཚུལ་གྱི་རྣམ་པ་དེ་ལ་བརྟེན་ནས་ཁོང་གི་སྙིང་བོ་ཤེས་ཐབས་མེད་དེ། ཏག་ཏག་སྐབས་དེའི་རིང་ལ། ཨེ་དབྱིན་སི་ཐན་གྱིས་ཡིག་འབྲུ་སྟོང་དགུ་ལས་མེད་པའི་དཔྱད་རྩོམ《འགུལ་གཟུགས་ཀྱི་གློག་སྒུལ་ཤུགས་སྟོབས་རིག་པར་དཔྱད་པ》 ཞེས་པ་བྲིས་ཤིང་། སྒྲ་དོག་འཇུག་གི་བལྟོས་བཅས་རིག་པའི་ལྟ་བ་དངོས་སུ་བཏོན། དེ་ལ་བརྟེན་ནས་ཨེ་དབྱིན་སི་ཐན་གྱི་མི་ཚེ་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་། ཁོང་ལ་དེ་མ་ཐག་སློབ་ཆེན་བཅོ་ལྔ་ཡི་འབུམ་རམས་པའི་དཔང་ཡིག་ཐོབ་ཅིང་། ཧྥ་རན་སི་དང་འཇར་པན། ཨ་རི། ཕོ་ལན་སོགས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་སློབ་ཆེན་གྲགས་ཅན་དག་གིས་དགེ་རྒན་ཆེན་མོར་གདན་འདྲེན་པའི་འགྲན་རྩོད་བྱས། ཁོང་གི་ངོ་མཚར་བའི་ཚན་རིག་གི་མི་ཚེ་དེ་ཡང་གཞི་ནས་མགོ་ཚུགས།

རང་གི་དམིགས་ཡུལ་རྙེད་པར་བྱས་ཤིང་དེ་ལ་བརྩོན་འགྲུས་བསྐྱེད་པའི་རྣམ་ཐར་སྟབས་བདེ་འདི་ནི་ཨེ་དབྱིན་སི་ཐན་མི་སྡུག་བྱ་གག་ཅིག་ནས་མཛེས་པའི་ངང་པ་ཞིག་ཏུ་གྱུར་པའི་རྒྱུ་མཚན་གཙོ་བོ་དེའང་ཅིས་མ་ཡིན། །


ཨེ་དབྱིན་སི་ཐན་གྱིས་སློབ་གྲྭ་གླེང་བ།    


སྐབས་རེར་མི་རྣམས་ཀྱིས་སློབ་གྲྭ་ནི་ནར་སོན་བཞིན་པའི་གཞོན་རབས་པ་རྣམས་ལ་ཤེས་བྱ་བརྒྱུད་སྤྲོད་བྱེད་སྤྱད་ཀྱི་ལག་ཆ་ལྟ་བུ་ཞིག་ཏུ་ངོས་འཛིན་བཞིན་ཡོད། ཡིན་ནའང་། དེ་ནི་དེ་ཙམ་འགྲིག་མེད་དེ། ཤེས་བྱ་ནི་ཤེས་མེད་བེམ་གཟུགས་ཙམ་ཡིན་ལ། སློབ་གྲྭས་ནི་གཙོ་བོ་སྲོག་དང་ཤེས་པ་ལྡན་པའི་མི་ལ་ཞབས་ཞུ་སྒྲུབ་འོས་ཏེ། ནར་སོན་བཞིན་པའི་གཞོན་རབས་པ་རྣམས་ལ་འགྲོ་མི་ཡོད་ཅོག་གི་བདེ་སྐྱིད་ལ་དོན་སྙིང་སྩོལ་ནུས་པའི་གཤིས་རྒྱུད་དང་འཇོན་ཐང་གསོ་སྦྱོང་བྱེད་འོས།

དེ་ལྟར་བརྗོད་པ་ལ་མི་སྒེར་གྱི་རང་གཤིས་གཞོམ་དགོས་པའི་བསྟན་དོན་ནི་མེད་ལ། མི་སྒེར་ནི་སྦྲང་མ་དང་གྲོག་མ་ལྟ་བུའི་ཚོགས་ཁྱུའི་ལག་ཆ་ཙམ་ཞིག་ཡོང་དགོས་ཚུལ་གྱི་བསྟན་དོན་ཡང་མེད་དེ། མི་སྒེར་གྱི་རང་གཤིས་དང་དམིགས་ཡུལ་མེད་པའི་ཆ་འགྲིག་ཨ་འགྲིག་གི་མི་ལས་གྲུབ་པའི་སྤྱི་ཚོགས་དེ་ནི་མདུན་ལྗོངས་དོག་པའི་སྤྱི་ཚོགས་ཉམ་ང་བ་ཞིག་ཡིན་ངེས། དེ་བས། སློབ་གྲྭའི་དམིགས་ཡུལ་ནི་བསམ་སྤྱོད་གཉིས་ཀ་སྒེར་ཚུགས་དང་ལྡན་པའི་མི་བུ་གསོ་སྐྱོང་བྱེད་རྒྱུ་དེ་ཡིན་ལ། མི་དེ་འདྲས་ད་གཟོད་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པའི་འགན་ཞིག་འདེགས་ཐུབ་བོ། །

《ཨེ་དབྱིན་སི་ཐན་གྱི་རྩོམ་བཏུས》ལས་བདམས་ཏེ་བསྒྱུར།


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།