ཧྥིན་ལན་གྱི་དཔེ་ཀློག

ཨ་རིའི་ཨེ་ལིས་ནོ་ཡེ་སི(:University of Illinois)སློབ་ཆེན་གྱི་བརྟག་དཔྱད་ཅིག་ཏུ་ཨ་རིའི་བྱིས་པའི་དཔེ་ཀློག་ནི་ཀྲུང་གོའི་བྱིས་པ་ལས་ལྡབ་དྲུག་གིས་མང་བར་བཤད་འདུག དེའང་རྒྱལ་དམངས་སྤྱི་ཡི་དཔེ་ཀློག་བྱེད་མིན་ནི། བྱིས་པར་དཔེ་ཀློག་གི་གོམས་གཤིས་ཆགས་ཐུབ་མིན་ལས་དབུ་རྩོམ་དགོས་སྟབས། དེ་ཉིད་གལ་ཆེ་བར་ཀུན་གྱིས་བཤད་ཅིང་ཡོངས་ཀྱིས་གླེང་གིན་ཡོད། འོན་ཏེ་གོམས་གཤིས་དེ་ཇི་ལྟར་སྐྱེད་བསྲིང་བྱ་བ་ལ། ང་ཚོའི་དེང་གི་སློབ་གསོ་འདི་ཉིད་ཐབས་རྡུགས་ཏེ་ཡོད། །

ང་ཚོའི་སློབ་ཆུང་གི་དཔེ་ཀློག་སློབ་གསོ་ག་འདྲ་ཞིག་ཡིན་འོས་སམ་ཞེ་ན། འཛམ་བུའི་གླིང་གི་རྒྱལ་ཁབ་མང་པོར་རང་གི་ལམ་སྲོལ་དང་ལྟ་ཚུལ་ཁྱད་པར་བ་རེ་ཡོད་ཅིང་། ང་ཚོས་ཀྱང་གཞན་དཔེ་རང་སློབ་ཀྱི་བགྱི་བ་དང་དུ་བླངས་ནས། དེ་དག་ལས་ང་ཚོའི་དགེ་རྒན་དང་ཁྱིམ་བདག་རྣམས་པར་ཕན་པའི་ཐབས་དང་ཤེས་རབ་ག་འདྲ་བླང་ཆོག་པར་བལྟ་འོས་སོ། །

དེ་ཡང་ཧྥིན་ལན་རྒྱལ་ཁབ་ནི་སློབ་གསོའི་ཆ་ནས་འཛམ་གླིང་གི་རྩེར་སོན་དུ་བསྔགས་ཏེ། དཔེ་ཀློག་ལ་རབ་ཏུ་སྤྲོ་བའི་རྒྱལ་ཁབ་འདི་རུ། བཟོ་སྐྲུན་ཆེས་ལེགས་ཤོས་དང་། ཇུས་འགོད་ཆེས་ཡག་ཤོས་ནི་སློབ་གྲྭ་དང་དཔེ་མཛོད་ཁང་ཡིན། ཁོ་ཚོའི་མི་རེས་ལོ་རེར་ཧ་ལམ་དེབ་བཞི་བརྒྱ་ཙམ་རེ་ཀློག་གིན་པར་གྲགས་ཤིང་། ཁོ་ཚོའི་བྱིས་པའི་དཔེ་ཀློག་གི་ཆུ་ཚད་འཛམ་གླིང་གི་རྩེ་མོ་ཡིན་ཞེས(རྒྱལ་སྤྱིའི་སློབ་མའི་ནུས་རྩལ་དཔྱད་འཇོག་འཆར་གཞི)PISAཞེས་པར་བསྟན་ཡོད། །

ཕྲུ་གུའི་དཔེ་ཆ་དང་པོ་གཞུང་གིས་གནང་།

ཧྥིན་ལན་དུ་ཕྲུ་གུ་ཞིག་སྐྱེས་མ་ཐག་སྲིད་གཞུང་གིས་ལེགས་སྐྱེས་ཤིག་འབུལ་ངེས་ཤིང་། ལེགས་སྐྱེས་དེ་ནི་ཁོ་ཚོས་མིང་ཆེན་དུ་བརྩི་བའི(Finner Baby Box)ཞེས་པ་སྟེ། ཕྲུའི་གུའི་གྱོན་པ་དང་ཉེར་མཁོའི་དངོས་ཆས་དག་ལས་གཞན། བྱིས་དེབ༼བྱིས་པའི་ཀློག་དེབ༽གཅིག་དང་དཔེ་མཛོད་ཁང་དང་མཛེས་རྩལ་ཁང་སོགས་སུ་བཀོལ་རུང་གི་བྱིས་པའི་ཕན་བདེ་གྲོན་དངུལ་མི་ཉུང་ཙམ་ཡིན། ཁོ་ཚོས་ཕྲུ་གུ་རེ་རེས་ཕ་མའི་གཅེས་འབོད་ལས་སྐད་ཆའི་གསང་བ་ཚོར་ཞིང་། དཔེ་ཆ་དང་མཉམ་དུ་རྩེད་མོ་རྩེ་རྒྱུ་ནི་མེད་དུ་མི་རུང་བར་འདོད། ཡང་ན་དེ་ནི་ཡ་ཧུ་ད་པ་དག་གིས་དཔེ་ཆའི་སྟེང་ལ་སྦྲང་རྩི་བྱུགས་ནས་བྱིས་པར་བལྡག་ཏུ་འཇུག་པ་དང་ཀུན་ནས་མཚུངས།བྱིས་པས་ཡིག་འབྲུ་རེ་རེས་ནང་དོན་རྟོགས་པར་མ་ངེས་མོད། དཔེ་ཆ་དང་འགྲོགས་ནས་སྡོད་རྒྱུར་གོམས་པར་འགྱུར། མདོར་ན་ཧྥིན་ལན་ནི་དཔེ་མཛོད་ཁང་ལྟ་བུའི་རྒྱལ་ཁབ་ཅིག་ཡིན། །

བསྡོམས་རྩིས་ལས་མངོན་པར། ཧྥིན་ལན་ནི་འཛམ་གླིང་གི་དཔེ་མཛོད་ཁང་བེད་སྤྱོད་ཆེས་མང་དུ་བྱེད་པའི་རྒྱལ་ཁབ་ཅིག་རེད། སྤྱི་དམངས་བརྒྱ་ཆའི་བརྒྱད་ཅུ་ཙམ་གྱིས་དཔེ་མཛོད་ཁང་གི་ཞབས་ཞུ་མྱོང་བཞིན་ཡོད་ཅིང་། བརྒྱ་ཆའི་བཞི་བཅུ་ལྷག་ཟླ་རེར་དཔེ་མཛོད་ཁང་ལ་ལན་གཉིས་འགྲོ་སྲིད་པར་བཤད། མི་རེས་ལོ་རེར་དེབ་བཅོ་བརྒྱད་ཙམ་གཡོར་བ་དང་། དཔེ་མཛོད་ཁང་གི་དཔེ་ཆ་གཅིག་ལོ་རེར་ཐེངས་གཉིས་དང་ཕྱེད་ཀ་ཙམ་ལ་གཡོར་བར་གྲགས།  རྒྱལ་ཁབ་འདིའི་དཔེ་མཛོད་ཁང་ནི་རང་ཁྱིམ་ལས་ཀྱང་བག་ཕེབས་ཤིང་། བྱིས་པའི་ཀློག་ཁུལ་དུ་བྱིས་པ་དག་གིས་ནི་རྩེད་མོ་རྩེ་བ་དང་དཔེ་དེབ་ཀློག་པའི་སྤྲོ་སྣང་ཉམས་སུ་མྱང་ཆོག གཟའ་རེར་གཏན་ཁེལ་བྱས་པའི་སྒྲུང་འཆད་སྐབས་སུ་སླེབས་ཚེ། བྱིས་པ་དག་ནི་གཡས་འགྱེལ་གཡོན་ལོག་གིས་རང་གིས་ཉན་སྤྲོ་བའི་གནའ་གཏམ་ལ་ཅི་དགར་རོལ་གྱིན་ཡོད། །

ཧྥིན་ལན་གྱི་བཅའ་ཁྲིམས་སུ་གྲོང་བརྡལ་རེ་རེར་དཔེ་མཛོད་ཁང་ངེས་པར་དགོས་པ་དང་། མི་དང་རྒྱུ་འགྲུལ་ཉུང་བའི་ཡུལ་དུའང་དཔེ་མཛོད་ཁང་མེད་ན་མི་ཆོག་པར་གཏན་ཁེལ་བྱས་ཡོད། མགྲོན་པོ་ལམ་དུ་སྐྱོད་དུས་སུའང་། གནས་གང་དུའང་དཔེ་ཆ་ཙམ་དུ་མ་ཟད། དུས་དེབ་དང་ཚགས་པར། བརྙན་དེབ་སོགས་གང་འདོད་དུ་གཡར་ཆོག དེའི་ཕྱིར། དབེན་པའི་གནས་སུ་བསྡད་ཀྱང་དཔེ་ཆ་གྲོགས་སུ་བསྟེན་ཆོག  རི་གྲོང་གི་བྱིས་པ་དག་དཔེ་མཛོད་ཁང་ལ་མི་ཐོན་ན། དཔེ་མཛོད་ཁང་གིས་ཁོ་ཚོ་བསྙེགས་ནས་རི་གྲོང་དུ་སླེབས་ངེས་པ་ཡིན། །

ཧྥིན་ལན་གྱི་སྐྱེ་བོ་རེ་རེ་བྱིས་པའི་དཔེ་ཀློག་གི་མིག་དཔེ་ཡིན།

        ང་ཚོས་ཀྱང་དམངས་ཡོངས་ཀྱི་དཔེ་ཀློག་གལ་ཆེ་བར་རྟག་ཏུ་གླེང་། གལ་ཏེ་ཧྥིན་ལན་དུ་སླེབས་པ་ཡིན་ན། ཁོ་ཚོའི་དམངས་ཡོངས་ཀྱིས་ཇི་ལྟར་ཀློག་གིན་ཡོད་དམ་ཞེ་ན། “དགོང་མོ་བཅུ་དང་ཕྱེད་ཀར་གཟིམས།།  ཞོགས་པར་ལྔ་དང་ཕྱེད་ཀར་ལངས།།ལངས་རྗེས་ཆུ་ཚོད་ཕྱེད་ཀ་ལ།། དཔེ་ཀློག་བྱེད་པ་གོམས་པའི་གཤིས།།” འདི་ནི་ཧྥིན་ལན་མི་ཡིས་རྒྱུན་འཁྱོངས་བྱེད་པའི༼ཕྱེད་ཀ་གསུམ༽ ཡིན། དམངས་ཡོངས་དཔེ་ཀློག་ལ་གོམས་ཡོད་པས། སྤྱི་གླིང་དང་ས་འོག་ལྕགས་ལམ། ཁོ་ཧྥེ་ཁང་སོགས་སུ། གང་སར་དཔེ་ཀློག་མཁན་གྱིས་ཁེངས་ཡོད་ཅིང་། དཔེ་དེབ་རེ་རེ་ནི་ཁོ་ཚོའི་འཇིག་རྟེན་རེ་རེ་ཡིན། ཡུལ་དང་གནས་ལ་ལྟོས་པ་མེད། དཔེ་ཆ་ནི་ཧྥིན་ལན་མི་ཡི་བློ་ཡི་གྲོགས་དང་སེམས་པའི་ཟས་ཡིན། ཡང་ན་ཤེས་བྱའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཀྱང་ཡིན། ཧྥིན་ལན་གྱི་སྐྱེ་བོ་རེ་རེ་བྱིས་པའི་དཔེ་ཀློག་གི་མིག་དཔེ་ཡིན། །

ཁྱིམ་སྲོལ་བཟང་བོ་བུ་ལ་གོམས།

ཁྱིམ་དུ་མཛེས་སྤྲས་བྱེད་སྐབས། དཔེ་སྒྲོམ་ནི་མེད་དུ་མི་རུང་བར་ལྟ། བྱིས་པས་ཁྱིམ་དང་དཔེ་མཛོད་ཁང་གང་ཡིན་རུང་དཔེ་ཆ་ཉར་རུང་ལ་བལྟས་ཀྱང་ཆོག མིག་ཕྱེས་ན་དཔེ་ཆ་མཐོང་ས་ན་ཡོད། ལག་བསྲིངས་ན་དཔེ་ཆ་རེག་ས་ན་ཡོད། བྱིས་པར་བཀླག་བྱ་ཡོད་པ་ཙམ་མ་ཡིན་པར། ཇི་ལྟར་ཀློག་པའི་ཚུལ་ལ་ཕ་མ་དག་གིས་བྱིས་པར་རང་འདེམས་ཀྱི་དབང་ཆ་སྤྲོད་པ་རེད། རང་གིས་དབྱེ་གཅོད་བྱ་བ། རང་གི་དགའ་ཕྱོགས་ལྟར་ཀློག་པ་ནི་གལ་བོ་ཆེ་རུ་ལྟ། ཁོ་ཚོའི་བསམ་པར། མི་རྒན་དག་གིས་རང་གི་ཉམས་མྱོང་ལས་འཇིག་རྟེན་ལ་ལྟ་བ་དང་། བྱིས་པས་རང་གི་འཆར་སྣང་གིས་འཇིག་རྟེན་ལ་ལྟ་བར་འདོད། །

བྱིས་པ་མ་གཉིད་གོང་ལ། ཕ་མ་དག་གིས་གཏམ་རྒྱུད་རེ་ཆགས་མེད་དུ་བཤད་ངེས་ཤིང་། འདི་ནི་ཕ་མའི་གོ་རྟོགས་ལའང་རག་ལས་པ་སྟེ། ཧྥིན་ལན་གྱི་མི་དར་མ་བརྒྱ་ཆའི་བཞི་བཅུའི་ཡན་གྱིས་མཐོ་རིམ་སློབ་གསོ་མྱངས་མྱོང་བ་རེད། ཁྱིམ་སྲོལ་བཟང་བོས་བུ་དང་བུ་མོར་དཔེ་ཀློག་གི་གོམས་གཤིས་བརྟན་པོར་ཆགས་སུ་བཅུག་ཡོད། །

སློབ་གྲྭར་དཔེ་ཀློག་བྱེད་བར་རང་དབང་གི་དུས་ཚོད་ཡོད།

ཧྥིན་ལན་གྱི་སློབ་ཆུང་དུ། ཁྱོད་ཀྱི་བྱིས་པ་ཚོ་སྐོར་དང་སྐོར་བྱས་ཏེ་གནས་གང་རུང་དུ་བཟོ་ལྟ་འདྲ་མིན་གྱིས་དཔེ་ཀློག་བྱེད་པ་མཐོང་ཐུབ། ལ་ལ་ཐང་ལ་བསྡད་ནས་ལྟ། ཁ་ཅིག་དྲང་མོར་འགྲེང་ནས་ཀློག ཧར་གྱིས་བལྟས་ན་མིག་ལ་མི་ལོབས་པ་དེ་འདྲ་ནི། ཧྥིན་ལན་ཡུལ་དུ་རྒྱུན་ལྡན་ཞིག་ཡིན། །

ལོ་རིམ་དམའ་བའི་སློབ་མར་གཟའ་རེར་རང་དབང་གི་དཔེ་ཀློག་ཐུན་གཉིས་ཡོད། དུས་དེར་སློབ་མ་ཚོ་སློབ་ཁང་དང་ཁྱམས་ར། དཔེ་མཛོད་ཁང་། ཁང་བའི་གྲུ་དང་ཟུར་སོགས་གནས་གང་དུ་ཀློག་འདོད་ན་དེ་རུ་ཕྱིན་ནས་བཀླག་ཆོག འདི་འདྲའི་ལྷོད་ཤིག་ཤིག་གི་རྣམ་པའི་ཁྲོད་དུ། བྱིས་པས་དཔེ་ཀློག་གི་སྤྲོ་བ་མྱང་ཆོག་ལ། རང་གི་གྲོགས་པོར་མཐོང་ཐོས་བརྗོད་ཆོག འདི་ནི་ཧྥིན་ལན་གྱི་དཔེ་ཀློག་སློབ་ཁྲིད་ཀྱི་ཁྱད་ཆོས་ཏེ། བྱིས་པ་རང་དབང་གི་འབྲེལ་འདྲིས་ཁྲོད་དཔེ་ཀློག་ལ་རོལ་བའོ། །

སློབ་གསོ་གཙིགས་སུ་འཛིན་པའི་རྒྱལ་ཁབ་དེར། ཆེ་བ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་མ་ཆུང་གསུམ་དུ་དཔེ་མཛོད་ཁང་བཙུགས་ཤིང་། དམངས་ཡོངས་དཔེ་ཀློག་ལ་དགའ་ཞིང་གོམས་པ་ནས། ཆུང་བ་ཁྱིམ་གྱི་དཔེ་ཀློག་གོམས་སྲོལ་ནས་སློབ་གྲྭའི་རང་དབང་གི་དཔེ་ཀློག་བྱ་སའི་ཁོར་ཡུག་དེས། བྱིས་པ་ལ་གོམས་པ་བཟང་བོ་དང་། དེ་དང་མཉམ་དུ་སང་ཉིན་མཚར་སྡུག་ལྡན་པ་ཞིག་བསྐྲུན་དང་སྐྲུན་བཞིན་ཡོད།

སློབ་གསོ་ནི་རྒྱལ་ཁབ་གང་གི་ལམ་ལུགས་ཁྲོད་དུའང་ཁེར་རྐྱང་དུ་གྲུབ་པ་དང་བྱུང་བ་ཞིག་ག་ལ་ཡིན། །

ཧྥིན་ལན་མཐོང་བ་ལས། ཁྱོད་ཀྱིས་རང་གཞན་གྱི་ཁྱད་པར་ཅུང་ཙམ་མཐོང་སྲིད་ཅིང་། ཆ་ཡིས་བསགས་པ་དང་། ཡུན་གྱིས་འབད་པ་ལ་བརྟེན་ན་ནི། ཁད་ཀྱིས་འཁྱོངས་བ་དང་། ནམ་ཞིག་འགྲུབ་པ་ནི་མི་སྲིད་པ་མིན་པས། མ་འོངས་པ་ན། ང་ཚོའི་དཔེ་ཀློག་དེ་ཁ་འདོན་ཙམ་དུ་མི་འགྱུར། བསླབ་དེབ་ཙམ་གྱིས་མི་ཚད། སློབ་གྲྭ་ཙམ་དུ་མ་ཟད་པ་ཞིག་ཏུ་འགྱུར་བར་སྨོན་ནོ། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།