ཀྲུང་གོ་བོད་ཀྱི་དྲ་བ།

དོན་མེད་དུ་གཞན་ལ་སྐྱོན་བརྗོད་བྱ་མི་རུང་བའི་གནས་ལུགས་བརྒྱད།

ཡོང་ཁུངས། : ཀྲུང་དབྱང་བོད་སྐད་རླུང་འཕྲིན་དྲ་བ     སྤེལ་དུས། : 2018-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག ཆ་རྒྱུས་ཡང་དག་མེད་པ། ཁྱོད་ཀྱིས་གཞན་ལ་སྐྱོན་བརྗོད་མ་བྱས་གོང་། མི་དེའི་གནས་ཚུལ་ཡོངས་ལ་རྒྱུས་ལོན་ཡང་དག་བྱས་ཡོད་པར་ཁེག་ཐག་བྱ་དགོས། ཁྱོད་ཀྱིས་མི་དེའི་གནས་ཚུལ་ཡོད་ཚད་ཤེས་མེད་པ་དང་། ཡང་ན་ཁྱོད་ཀྱིས་མི་དེར་དཀའ་ངལ་དང་སེམས་ཁུར་ཅི་ཞིག་ཡོད་པ་རྟོགས་མེད་ཀྱང་སྲིད། དེ་བས་གནས་ཚུལ་གང་དེ་ཇི་བཞིན་དུ་མ་ཤེས་པར། རང་གི་བསམ་ཚུལ་ལྟར་གཞན་ལ་སྐྱོན་བརྗོད་བྱ་མི་རུང་། གཞན་ལ་སྐྱོན་བརྗོད་བྱེད་པ་ལས་གཞན་ལ་རོགས་རམ་བྱས་ན་ལེགས། དེ་ནི་ང་ཚོས་གཞན་ལ་སྐྱོན་བརྗོད་བྱ་མི་རུང་བའི་རྒྱུ་མཚན་རེད།

གཉིས། ང་ཚོ་ཚང་མ་ཐ་དད་ཡིན། གལ་སྲིད་ཁྱོད་རང་བྱ་བ་གང་ཞིག་བསྒྲུབ་པར་མི་སྤྲོ་ནའང་། དེ་ཡིས་གཞན་གྱིས་ཀྱང་བྱ་བ་དེ་སྒྲུབ་མི་སྲིད་པ་མཚོན་མི་ནུས། དཔེར་ན། ཁྱོད་རང་མི་ཞིག་གིས་བྲིས་པའི་རི་མོར་མ་དགའ་ནའང་། ཁྱོད་ཀྱིས་གཞན་ལ་མི་དེས་བྲིས་པའི་རི་མོ་ཡག་པོ་མེད་པར་བརྗོད་མི་རུང་། མི་ལ་ལར་ཤེས་ཡོན་ལག་ཁྱེར་མ་རགས་ནའང་། དེ་ཡིས་མི་དེ་ཚོ་སློབ་སྦྱོང་བྱེད་པར་མི་དགའ་བ་མཚོན་མི་ཐུབ། ཁོ་ཚོས་སློབ་ཡོན་སྟེར་མ་ཐུབ་པས་ཡིན་ཡང་སྲིད། ང་ཚོ་ཚང་མ་ཐ་དད་ཡིན་པས།ང་ཚོར་རང་རང་གི་མི་ཚེའི་དཀའ་ངལ་མི་འདྲ་བ་རེ་ཡོད། དེ་བས་གཞན་ལ་སྐྱོན་བརྗོད་བྱེད་པ་ལས། རང་ཉིད་ཀྱི་འཚོ་བ་ཡར་རྒྱས་གཏོང་བར་འབད་པར་བྱའོ། །

གསུམ། སྐྱོན་ཀུན་ཟད་གཅིག་ཀྱང་མེད། རང་རློམ་གྱིས་ཁེངས་པའི་མི་དག་གིས་ཁོ་ཚོའི་མི་ཚེའི་ནང་ཕྲད་པའི་མི་ཡོད་ཚད་ཀྱི་སྐྱོན་ལ་བརྟག་གིན་ཡོད། ཁོ་ཚོས་ཁ་ནང་དུ་ཕྱོགས་ཏེ་རང་ཉིད་ཀྱི་ནོར་འཕྲུལ་ལ་མནོ་བསམ་གཏོང་མི་ཤེས། འོན་ཀྱང་། གཞན་གྱི་ནག་ཐུག་ལ་མཛུབ་མོ་འཛུག་པར་ཤིན་ཏུ་དགའ། དེ་ཡིས་མི་སུ་ཞིག་སྐྱོན་ཀུན་ཟད་མིན་པ་མཚོན་ཡོད། ང་ཚོ་ཚང་མར་ནོར་འཕྲུལ་འབྱུང་སྲིད་པ་རེད། གཞན་གྱི་བྱ་སྤྱོད་ལ་སྐྱོན་བརྗོད་མ་བྱས་གོང་བྱ་སྤྱོད་དེ་མཐའ་གཅིག་ཏུ་ཡག་པོ་མིན་པར་བདེན་དཔང་བྱ་དགོས། མི་དེ་དག་ལ་རང་ཉིད་ཀྱིས་སྒྲུབ་འདོད་པའི་བྱ་བ་དེ་བསྒྲུབ་དགོས་པའི་རྒྱུ་མཚན་ཡང་དག་ཡོད་སྲིད།

བཞི། གཞན་སར་རང་ཉིད་སྡོད། གཞན་ལ་སྐྱོན་བརྗོད་མ་བྱས་གོང་། གཞན་གྱི་གོ་སར་རང་ཉིད་བསྡད་དེ་བསམ་བློ་ཐོངས། ང་ཚོས་རྒྱུན་དུ་དྲང་གཞག་མིན་པའི་སྒོ་ནས་གཞན་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད། ཡིན་ཡང་། གཞན་གྱིས་རང་ཉིད་ལ་ཚུར་སྐྱོན་བརྗོད་བྱེད་དུས་ཁོང་ཁྲོའི་མེ་ལྕེ་དྲག་ཏུ་འབར། གཞན་གྱི་གོ་སར་རང་ཉིད་སྡོད་ཅེས་པའི་སྐད་གྲགས་ཆེ་བའི་གཏམ་དཔེ་དེ་གོ་མྱོང་ངམ། དེའི་ནང་ན་མཆོག་ཏུ་གྱུར་པའི་ཤེས་རབ་ཀྱི་བློ་རིག་ཡོད། ཁྱོད་ཀྱི་སྐད་ཆ་ཚིག་གཅིག་གམ་བྱ་བ་སྣ་གཅིག་གིས་སྐར་ཆ་འགའི་ནང་མཛའ་བརྩེ་ཡི་དུང་བ་ཟབ་མོ་གང་ཞིག་འཇོམས་པར་བྱེད་ནུས་ཀྱང་། གཞན་གྱི་ཡིད་ཆེས་ཟབ་མོ་དེ་ཁྱོད་ཀྱིས་སླར་གསོ་བྱ་ཐབས་བྲལ། ལྷག་པར་སྐར་ཆ་འགའི་ནང་འགྱུར་མེད་ཀྱི་མཛའ་བརྩེ་ཟབ་མོ་དེ་སླར་གསོ་བྱེད་མི་ཐུབ། དེ་བས། གཞན་ལ་སྐྱོན་བརྗོད་མ་བྱས་གོང་བསམ་བློ་ཞིབ་ཏུ་ཐོངས།

ལྔ། བཟོད་སྒོམ། བཟོད་སྒོམ་ནི་དེང་རབས་ཀྱི་སྤྱི་ཚོགས་ནང་མེད་དུ་མི་རུང་བ་དེ་ཡིན། དེང་སང་འགྲོ་བ་མིའི་རིགས་ཀྱིས་བྱ་ངན་སྣ་ཚོགས་སྒྲུབ་བཞིན་ཡོད་པས། ང་ཚོ་ཁུ་སུམ་མེར་འདུག་རྒྱུ་ཧ་ཅང་དཀའ་མོད། འོན་ཀྱང་། ཉིན་རེ་བཞིན་དུ་བཟོད་སྒོམ་གྱི་ལས་ལ་འབད་པ་ཇེ་མང་དུ་གཏོང་དགོས། དེ་ཡིས་གཞན་གྱི་གནས་སྟངས་རྟོགས་པར་རོགས་བྱེད་པ་དང་ཆབས་ཅིག་ཏུ་གཞན་ལ་སྐྱོན་བརྗོད་བྱེད་པའང་ཇེ་ཉུང་དུ་འགྲོ། གལ་སྲིད་ཁྱོད་ཀྱིས་གཞན་ལ་བཟོད་སྒོམ་བྱ་མི་ཐུབ་ན། མི་དེ་ཚོའི་སྐོར་ལ་བསམ་བློ་མང་པོ་གཏོང་མི་རུང་། དེ་ལས་ལྡོག་སྟེ་རང་ཉིད་ཀྱི་དཀའ་ཁག་ལ་བསམ་བློ་ཐོངས།

དྲུག ཕྱི་གཟུགས་ལས་རང་གཤིས་རྟོགས་མི་ཐུབ། ཕྱི་གཟུགས་ལ་བལྟས་ནས་གཞན་ལ་སྐྱོན་བརྗོད་དང་གཞན་གྱིས་ཀུ་རེ་སློང་སྤྱད་མ་བྱེད། ལ་ལས་གྱོན་གོས་གོང་ཆེན་དང་འཚོ་བ་གཟབ་རྒྱས་རོལ་མ་ཐུབ་ནའང་། ཁོ་ཚོས་གཞན་གྱི་བློ་ཡུལ་ལས་འདས་པའི་དོན་བཟང་མང་པོ་སྒྲུབ་ཀྱིན་ཡོད་སྲིད། ངས་དེ་སྔོན་བརྗོད་པ་ལྟར། ང་ཚོ་ཚང་མ་ཐ་དད་ཡིན།མི་མང་པོ་ཞིག་གིས་རང་ཉིད་ལ་དགོས་མཁོ་མེད་པའི་བྱ་དངོས་ཐོག་རྒྱུ་ནོར་འཕང་མེད་དུ་གཏོང་དུས། ལ་ལས་རང་ཉིད་ཀྱི་ལྟོ་གོས་ཙམ་ཡང་ཉོ་མི་ཐུབ། ཕྱུག་པོ་ཚོས་རྒྱུན་དུ་དབུལ་པོ་ཚོ་ལ་མཐོང་ཆུང་དང་སྐྱོན་བརྗོད་བྱེད་ཀྱིན་ཡོད། འོན་ཀྱང་། ཁོ་ཚོས་དབུལ་པོ་ཚོའི་ལོ་རྒྱུས་དང་དབུལ་པོ་ཚོས་ལྷག་བསམ་གཙང་མས་གཞན་ལ་རོགས་རམ་བྱེད་པ་རྟོགས་མེད།

བདུན། བརྩི་བཀུར། གལ་སྲིད་ཁྱོད་རང་བློ་རིག་བཀྲ་བའི་མི་ཞིག་ཏུ་འགྱུར་འདོད་ན། ཁྱོད་ཀྱིས་ངེས་པར་དུ་གཞན་ལ་གུས་ཞབས་དང་ལྷག་པར་དུ་རང་ཉིད་མི་དགའ་བའི་མི་རྣམས་ལ་བརྩི་བཀུར་བྱེད་སྟངས་བསླབ་དགོས། རྒྱབ་ཁབ་ལ་ལ་ནས་མི་རྣམས་ཀྱིས་རང་ཉིད་ཀྱི་དགྲ་བོ་ཁང་པའི་ཕྱི་རོལ་ལ་ཕུད་མི་ཐུབ་པ་དེའང་ཁོ་ཚོས་རང་ཉིད་ཀྱི་དགྲ་བོ་ལ་བརྩི་བཀུར་བྱས་པའོ།། ང་ཚོས་རང་ཉིད་ཀྱི་དགྲ་བོ་ལ་སྐྱོན་བརྗོད་དང་ཁོ་ཚོའི་འཚོ་བར་བར་ཆད་བཟོ་གང་ཐུབ་བྱེད་ཀྱིན་ཡོད། འོན་ཀྱང་། ཕྱིར་འདང་ཞིག་བརྒྱབ་ན་གཞན་ལ་གནོད་པ་བྱེད་པ་ནི་རང་ཉིད་ལ་གནོད་པ་བྱེད་པ་ལས་གཞན་མ་ཡིན་ནོ། །

བརྒྱད། ཁྱོད་ཀྱིས་རང་མཚང་མངོན་པ། ཁྱོད་ཀྱིས་གཞན་ལ་སྐྱོན་བརྗོད་བྱེད་དུས། དེ་ནི་ཁྱོད་ཀྱིས་གཞན་གྱི་མི་གཞིར་འགྲེལ་བཤད་བྱེད་པ་མ་ཡིན་པར། རང་ཉིད་ཀྱིས་རང་མཚང་མངོན་པར་བྱས་པ་རེད། ཁྱོད་ཀྱིས་རང་ཉིད་ནི་ཡོད་ཚད་ལ་སྐྱོན་བརྟག་མཁན་ཞིག་ཏུ་གྱུར་ན་འདོད་དམ། རང་ཉིད་ཀྱི་ཁྱིམ་མི་དང་གྲོགས་པོ་ཚོར་རང་ཉིད་མི་གང་འདྲ་ཞིག་ཡིན་མིན་དྲི་བ་འདོན་རོགས། གལ་སྲིད་ཁོ་ཚོས་ཁྱོད་རང་རྒྱུན་དུ་གཞན་ལ་སྐྱོན་བརྗོད་བྱེད་མཁན་ཞིག་རེད་ཅེས་ལབ་ན། ཁྱོད་ཀྱིས་ངེས་པར་གཞན་ལ་སྐྱོན་བརྗོད་བྱེད་མཚམས་འཇོག་དགོས། ང་ཚོས་གཞན་ལ་སྐྱོན་བརྗོད་བྱེད་མི་ཉན་པའི་རྒྱུ་མཚན་ཧ་ཅང་མང་པོ་ཡོད། ནམ་ཞིག་ཁྱོད་ཀྱིས་གཞན་ལ་སྐྱོན་བརྗོད་བྱེད་པ་དེ་གོམས་གཤིས་ངན་པ་ཞིག་ཡིན་པ་རྟོགས་ན། ད་གཟོད་ཁྱོད་ཀྱིས་རང་ཉིད་ཀྱིས་ཅི་ཞིག་བྱ་དགོས་པའང་རྟོགས་སྲིད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།