འབྲོག་ཕྱོགས་ཀྱི་ཞག་སྡོད་ལམ་ལུགས་འོག་ཏུ་ཁྱིམ་ཚང་སློབ་གསོ་གལ་ཆེ་ཚུལ་གླེང་བ།

བོད་རིགས་འདུས་སྡོད་ཁུལ་དུ་ཞག་སྡོད་ལམ་ལུགས་ཀྱི་སློབ་གསོ་ལག་བསྟར་བྱས་དང་བྱེད་བཞིན་ཡོད་ལ། སློབ་གསོའི་རྣམ་པ་འདི་ཡིས་ཁ་འཐོར་ཞིང་ས་རྒྱ་ཆེ་བའི་བོད་ཁུལ་གྱི་སློབ་གསོ་ལ་ནུས་པ་མི་དམན་པ་ཐོན་ཡོད། བོད་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་མང་ཆེ་བ་ཞིག་ལ་མཚོན་ན་ད་བར་དུ་སློབ་གསོའི་རྣམ་གྲངས་འདི་ལག་བསྟར་བྱས་པའི་གོ་རིམ་ཁྲོད། ཤེས་བྱ་དང་གནད་དོན་རབས་དང་རིམ་པ་ཞིག་གསོག་ཐུབ་ཡོད་པས། ལག་བསྟར་བྱེད་མཁན་དང་དགེ་རྒན་རྣམས་ལ་འདིའི་ཕྱོགས་ཀྱི་མྱོང་ཚོར་ཤོག་བུའི་ངོས་ཀྱི་འཆར་གཞི་ཙམ་མ་ཡིན་པ་མང་པོ་ཡོད་པར་གདོན་མི་ཟ། འོན་ཀྱང་ད་བར་དུ་བོད་རང་ལ་མཚོན་ན་འདིའི་སྐོར་གྱི་ས་གནས་རང་དང་ཁོར་ཡུག་རང་། མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་དང་མཐུན་པའི་གཞུང་ལུགས་ཤིག་ཆགས་ཐུབ་མེད་པར་མ་ཟད། ཡུལ་གཞན་གྱི་ཉམས་མྱོང་དག་སྤྱོད་པའི་སྐབས་སུའང་། གདམ་གསེས་མེད་པར་ཁྱེར་ཡོང་བའམ། རང་དང་བསྟུན་མིན་ལ་བརྟག་དཔྱད་མ་བྱས་པ། ལག་ལེན་བྱེད་པའི་གོ་རིམ་ཁྲོད་དུ་འདོར་ལེན་མ་བྱས་པ་སོགས་ཀྱི་གནད་དོན་མང་པོ་ཞིག་ཐོན་ཡོད། གཞུང་ལུགས་རང་གི་ངོས་ཐད་ནས་མཚོན་ནའང་འདིའི་སྐོར་ལ་བྲིས་པའི་དཔྱད་རྩོམ་ཉིན་མོའི་སྐར་མ་བཞིན་དུ་དཀོན། དེ་བཞིན་དུ་འབྲོག་ཕྱོགས་སུ་ཞག་སྡོད་ལམ་ལུགས་ཀྱི་སློབ་གསོ་རྒྱུག་ཆེ་བའི་གནས་ཚུལ་འོག ཁྱིམ་ཚང་གི་སློབ་གསོ་ནི་ཕལ་བའམ་འདོར་ཆོག་པའི་གཞི་ཞིག་ཏུ་བརྩིས་ཡོད་པའི་སྣང་ཚུལ་བྱུང་ཡོད། དེའི་ཕྱིར་བདག་གིས་རྩོམ་འདི་རུ་ཁྱིམ་ཚང་གི་སློབ་གསོའི་གལ་ཆེིའི་རང་བཞིན་མདོ་ཙམ་བརྗོད་འདོད།
     དང་པོ། ཞག་སྡོད་ལམ་ལུགས་ཀྱིས་ཁྱིམ་ཚང་སློབ་གསོར་ཐེབས་པའི་ཤུགས་རྐྱེན།
     ཞག་སྡོད་ལམ་ལུགས་ནི་ཁྱིམ་གྱི་ཚབ་སློབ་གྲྭ་བྱས་པའི་ལམ་ལུགས་ཤིག་ཡིན་པས། ཕྱོགས་མང་པོ་ཞིག་ནས་ཁྱིམ་ཚང་སློབ་གསོ་ཤོར་བར་བྱས་ཡོད། བྱིས་པ་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭར་ཞུགས་པ་ནས་བཟུང་ཁྱིམ་དང་ཕ་མ་ལ་ཁ་བྲལ་ཞིང་། དུས་མཚུངས་སུ་ཕ་མའི་སྤྲོད་ཀྱིན་པའི་དགེ་སྡིག་ལེགས་ཉེས་ཀྱི་སློབ་གསོ་འཚོ་བ་དང་སྦྱར་ནས་སྤྲོད་པའི་གོ་རིམ་དེའང་མཚམས་ཆད་ཡོད། འོན་ཀྱང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སློབ་གསོ་རུ་དེ་ཡི་ཚབ་བྱེད་ཐུབ་པའི་སློབ་གསོ་ཞིག་ཆགས་མེད་པར། རྒྱུན་ལྡན་གྱི་སློབ་ཁྲིད་སློབ་གསོ་ནི་སློབ་དེབ་རྐྱང་བའི་ནང་དོན་དུ་གྱུར་ཡོད་ལ། སློབ་གསེང་གི་སློབ་གསོ་ནི་གཞི་འཛིན་ས་དང་མངོན་གསལ་གྱི་ཁྱད་ཆོས་མེད་པའི་རང་བསམ་རང་འདོད་ཀྱི་རྣམ་པ་ཞིག་ཆགས་ཡོད། དེའི་ཁྲོད་དུ་སྤྱིར་བཏང་གི་ཕ་མའི་ཚབ་ཏུ་ཁྱིམ་ཚང་སློབ་གསོ་གཏོང་མཁན་ཆགས་ཡོད་པའི་དགེ་རྒན་ཚོ་ནི་དོ་དམ་པ་ཕལ་བ་ཞིག་ལས། སློབ་གསོ་པ་ཞིག་ཏུ་གྱུར་མེད། འདི་ནི་ཕྱིའི་རྣམ་པའི་ངོས་ཐད་ནས་ཞག་སྡོད་ལམ་ལུགས་ཀྱིས་ཁྱིམ་ཚང་སློབ་གསོ་ཤོར་བར་བྱས་པའི་སྣང་ཚུལ་ཡིན། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། ཞག་སྡོད་ལམ་ལུགས་ཀྱི་སློབ་གསོ་རུ། ནང་སེམས་ཀྱི་ངོས་ཐད་ནས་ཁྱིམ་ཚང་སློབ་གསོ་ཤོར་བར་བྱས་ཡོད། དུས་ཡུན་རིང་བོར་ཞག་སྡོད་ལམ་ལུགས་ནི་ལམ་ལུགས་ལེགས་ཤོས་ཡིན་པར་འདོད་པ་དང་། གནད་དོན་ཀུན་སེལ་བ་ལ་ཞག་སྡོད་ལམ་ལུགས་ཀྱི་སློབ་གསོར་སེམས་ཁེན་པ་མང་བས། ཁྱིམ་ཚང་སློབ་གསོར་མཐོང་ཆེན་དང་། དེ་ཁས་མི་ལེན་པར་མ་ཟད། བཙན་ཤེད་ཀྱིས་ཞག་སྡོད་ལམ་ལུགས་ལག་བསྟར་བྱེད་པ་དང་། གནད་དོན་དང་འཕྲད་སྐབས་ཞག་སྡོད་ལམ་ལུགས་ཇེ་དྲགས་ཏུ་གཏོང་བ་སོགས། ཐབས་བརྒྱ་ཇུས་སྟོང་གིས་ཁྱིམ་ཚང་སློབ་གསོ་ཐོབ་པར་བཀག་འགོག་བཟོས་པ་ལས། ཁྱིམ་གྱི་སློབ་གསོའང་འཐོབ་ཐུབ་ལ། སློབ་གྲྭའི་སློབ་གསོའང་མི་ཤོར་བའི་ཐབས་ཤིག་འཚོལ་བའི་ཚོད་ལྟ་བྱས་མེད། དེའི་ཕྱིར་ང་ཚོས་ངེས་པར་བོད་དང་སྐབས་བབས་ཀྱི་གླེང་བྱ་འབྲོག་ཕྱོགས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ལ་ཁྱིམ་ཚང་སློབ་གསོ་གཏང་རྒྱུ་གལ་ཆེ་བ་ངོས་ཟིན་དགོས།
     གཉིས་པ། འཚོ་བ་དང་འདྲེས་པའི་བོད་ཀྱི་ཁྱིམ་ཚང་སློབ་གསོ།
     མི་ལ་ལ་ཞིག་གིས་ཁྱིམ་ཚང་སློབ་གསོ་གླེང་སྐབས་བོད་ལ་ཁྱིམ་གྱི་སློབ་གསོ་ཟེར་བ་ཞིག་མེད་ཚུལ་གླེང་མོད།དེ་ནི་མ་ཤེས་པའི་གཏམ་སྟེ། ཁྱིམ་ཚང་སློབ་གསོ་ཟེར་བ་ནི་ངེས་པར་བྱིས་པ་ཞིག་མདུན་ཅོག་ཅིག་གི་ཁ་གཏད་དུ་སྡོད་དུ་བཅུག་ཅིང་། ཕ་མས་དཔེ་ཆ་ཁྱེར་ནས་ཀ་ངོ་ཡིག་ངོ་སློབ་པ་མ་ཡིན་པར།ཁྱིམ་ཚང་རང་གི་ཁོར་ཡུག་དང་མཐུན་པའི་སློབ་གསོ་ཞིག་བྱེད་ཀྱིན་ཡོད་པ་དེ་ཡིན།བོད་ཀྱི་ཁྱིམ་ཚང་གི་སློབ་གསོ་ནི་ཕ་མ་མང་ཆེ་བ་སློབ་གྲྭར་མ་ཕྱིན་པ་དང་། ཡི་གེ་སོགས་མི་ཤེས་པའི་རྐྱེན་གྱིས་ཡིག་ངོས་ཀྱི་སློབ་གསོ་གཙོར་བྱས་པ་ཞིག་མ་ཡིན་ཡང་།བོད་ཀྱི་ཁྱིམ་ཚང་གི་སློབ་གསོ་ནི་ཕྱོགས་གཅིག་ནས་རིན་ཐང་ལྟ་བའི་ཐད་ཕ་མ་མང་ཆེ་བ་ནང་ཆོས་ཀྱི་དད་ལྡན་པ་ཡིན་ལ། ཁྱིམ་ཚང་གི་སྲོལ་རྒྱུན་ནི་མི་རབས་ནས་མི་རབས་བར་ཆོས་ལ་དད་ཅིང་དགེ་སྡིག་ལེགས་ཉེས་དང་སྤང་བླང་གི་ཚད་ཐིག་ཅིག་བསྲུངས་ནས་ཡོང་བ་ཡིན་པས།རང་ཉིད་ཀྱི་བྱིས་པ་ལའང་དེའི་ཐད་ཀྱི་སློབ་གསོ་གཏོང་གིན་ཡོད་ལ། ཉིན་རྒྱུན་གྱི་འཚོ་བ་དང་འགྲོ་འདུག་ཉལ་འཆག་དང་། མི་དང་འགྲོགས་ཐབས་བསྟུན་ཐབས་གང་ཡིན་ཡང་གཞན་ལ་མི་འཚེ་བ་དང་། བྱམས་སྙིང་རྗེ། ལས་རྒྱུ་འབྲས། དད་པ་དགོས་པ་སོགས་ཀྱི་སློབ་གསོ་ཡག་པོ་ཞིག་སྤྲོད་ཐུབ། གཉིས་ནས་འགྲོ་འདུག་སྤྱོད་ལམ་ཐད་ནས་བོད་ཁུལ་འདྲ་བ་ཞིག་ལ་མཚོན་ན་བྱིས་པ་ཁྱིམ་དུ་སྡོད་དུས་ཕ་མས་ཆུང་ངུའི་དུས་ནས་རང་རང་གི་ལག་འགུལ་བ་དང་། ལས་ཀ་ཙག་ཙིག་ལས་པ། ཅུང་ནར་སོན་རྗེས་རྟ་ཞོན་པ་དང་། ཁལ་འགེལ་སྐྱས་འདེགས། གནག་རྫི་ཕྱུགས་སྐྱོང་སོགས་ཀྱི་ལས་ཀ་ཆ་ཚང་བ་ཞིག་སྦྱོང་བར་བྱེད་ལ། དེའི་གོ་རིམ་དུ་བོད་པ་རྣལ་མ་ཞིག་གི་གཤིས་ཀ་སྟེ་ཁོག་རྒྱ་ཡངས་པ་དང་། རང་བཞིན་དྲང་བ། བྱ་བ་གང་བྱེད་ཀྱང་སྙིང་རུས་ཆེ་བ་སོགས་ཀྱི་བཟང་ཞིག་གོམས་པར་བྱེད། གསུམ་ནས་གཏམ་དང་སྐད་ཆ་སོགས་ཀྱི་ཐད། འབྲོག་པ་ནི་རང་བཞིན་གྱིས་སྨྲ་མཁས་ལ་གཏམ་གྱི་ཁུངས་སྐྱེལ་བར་དགའ་བས་ཆུང་ངུའི་དུས་ནས་གནའ་གཏམ་དང་གཏམ་དཔེ། ཁེད་དང་སྒྲུང་། གླུ་དང་ཤགས་སོགས་མང་པོ་ཞིག་ཉམས་སུ་མྱོང་ཐུབ་ལ། དེ་ལྟ་བུའི་མི་རབས་མང་པོར་གདམ་གསེས་དང་འདོར་ལེན་བྱས་ཡོང་བའི་སྐད་ཆའི་བང་མཛོད་དག་ཉམས་སུ་མྱངས་རྗེས་བྱིས་པ་མང་པོ་ནི་རིམ་གྱིས་གཏམ་དང་སྐད་ཆ་བརྗོད་བདེ་བ་དང་། སྨྲར་དག་པ། ཉམས་ཐོན་པ་ཞིག་ཡོང་གིན་ཡོད། འདི་ལྟར་འགྲོ་འདུག་ཉལ་འཆག་སོགས་རྒྱུན་ལྡན་གྱི་སྤྱོད་ལམ་ལ་སིམས་ཤིང་ཡོད་པའི་ཁྱིམ་གྱི་སློབ་གསོ་མྱངས་པའི་བོད་ཁུལ་གྱི་མི་ཞིག་ལ་མཚོན་ན། ག་ལེར་ནར་སོན་རྗེས་རང་ཉིད་ཀྱི་གཤིས་ཀ་དང་སྤང་བླང་གི་སེམས་ཡོད་པ་ཞིག་ཆགས་ཐུབ་ཀྱིན་ཡོད།
     གསུམ་པ། ཁྱིམ་ཚང་སློབ་གསོ་གལ་ཆེ་བའི་ཚུལ།
     གོང་དུ་བརྗོད་པ་བཞིན་འཚོ་བ་རུ་ཐིམ་པའི་ཁྱིམ་ཚང་གི་སློབ་གསོ་ནི་བོད་ཁུལ་གྱི་བྱིས་པ་ཞིག་ལ་མཚོན་ན་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། གཅན་རོང་བསྟན་འཛིན་གྱིས་ཁྱིམ་ཚང་སློབ་གསོ་གླེང་སྐབས། “ཁྱིམ་གྱི་སློབ་གསོ་བཟང་པོ་ཞིག་བསྒྲུབ་རྒྱུ་ནི་བྱིས་པ་འཇོན་ཐང་ཅན་ཞིག་བྱེད་པའི་ཐབས་ཇུས་ནུས་ལྡན་ཉག་ཅིག་ཡིན”ཞེས་བཤད་ཡོད་ལ་དེས“བྱིས་པའི་མི་ཚེ་ལ་ཁ་ཕྱོགས་རང་བཞིན་དང་ཐག་གཅོད་རང་བཞིན་གྱི་ཤན་ཤུགས་ཐེབས་བཞིན་པ་རེད”ཅེས་བཤད་ཡོད་པ་ནང་བཞིན། མི་ཞིག་སྐྱེས་པ་དང་། ཐ་ན་མ་སྐྱེས་གོང་ནས་རང་གི་མི་ཚེ་ལ་ཤུགས་རྐྱེན་ཐེབས་སྲིད་པའི་སློབ་གསོ་ཞིག་མྱོང་བཞིན་ཡོད་པ་ནི་ཁྱིམ་གྱི་སློབ་གསོ་རེད། དེ་ནི་ནར་སོན་པའི་གོ་རིམ་དུ་ཤིན་ཏུ་གལ་ཆེན་པོ་ཡོད་ལ་མི་ཞིག་གི་གཤིས་ཀ་དང་སྤྱོད་ལམ། མ་འོངས་པར་རང་ཉིད་ཀྱི་བྱ་གཞག་ལེགས་པོ་ཞིག་འགྲུབ་མིན་གྱི་ལམ་བུ་བཅས་ནི་ཕལ་ཆེ་བ་ཁྱིམ་ཚང་གི་སློབ་གསོའི་དུས་རིམ་དུ་གྲུབ་ཡོད་ལ། བོད་ཁུལ་ལྟ་བུ་ཞིག་ལ་ཆ་མཚོན་ན་ཁྱིམ་ཚང་སློབ་གསོ་ནི་བོད་ཅེས་པའི་ཚོགས་པ་དེའི་རིག་གནས་སམ་རིན་ཐང་ལྟ་བ་མི་རབས་ནས་མི་རབས་ལ་བརྒྱུད་པའི་འབྲེལ་ཐག་ལྟ་བུ་ཡིན་པས། གལ་སྲིད་འདིར་གཅོད་མཚམས་བཅད་ན་མི་རབས་རྗེས་མར་རང་ཉིད་ཀྱི་རིག་གནས་ཀྱི་ཁུངས་ཤིག་འཚོལ་དཀའ་ལ། རིག་གནས་དེ་རང་ངོས་ལ་མཚོན་ནའང་རྒྱུན་འཛིན་པ་དང་དར་སྤེལ་པ་མེད་པའི་དཀའ་ངལ་ཞིག་ལ་འཕྲད་ཀྱིན་ཡོད། དེའི་ཕྱིར་ཁྱིམ་ཚང་གི་སློབ་གསོ་དང་སློབ་གྲྭའི་སློབ་གསོ་གཉིས་གདོང་ཐུག་སྐབས། གང་ཅི་ཐུབ་ཀྱིས་ཁྱིམ་ཚང་སློབ་གསོའི་མགོ་གནོན་པ་དང་། སློབ་གྲྭའི་སློབ་གསོའི་རྒྱབ་རྩར་འབུད་པ་ནི་ཅུང་ཟད་མི་འོས་པར། དེ་གཉིས་ལ་འདྲ་མཉམ་གྱི་ཐོབ་ཐང་སྤྲད་ཅིང་། ལུགས་མཐུན་གྱི་འཕེལ་རྒྱས་ཡོང་བར་བྱ་དགོས།།
     རྩོམ་པ་པོ་ནི་ཀན་ལྷོ་ཁུལ་རྨ་ཆུ་རྫོང་བོད་རིགས་སློབ་ཆུང་གཉིས་པའི་དགེ་རྒན་ཡིན།
    མཚོ་སྔོན་བོད་ཡིག་གསར་འགྱུར།2012.10.26།པར་ངོས18།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།