བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་མགྱོགས་མྱུར་འཕར་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས་6ཉིན་སྤེལ་བའི《མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50ཡི་རིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་མགྱོགས་མྱུར་འཕར་ནས་སྡོད་ཁང་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། དབུལ་ཕོངས་མི་གྲངས་ཀྱང་ཆེས་ཆེར་ཉུང་དུ་ཕྱིན་ཡོད་ཅེས་འཁོད་ཡོད་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་། 2014ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་22016ཟིན་པ་དེ་1978ལོའི་སྒོར་565ལས་ལྡབ་38འཕར་ནས་ལོ་རེའི་འཕར་ཚད་10.7%ཟིན་པ་དང་། ཞིང་འབྲོག་པ་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7359ཟིན་ནས་ལོ་རེར་ཆ་སྙོམས་10.9%འཕར་ཡོད་པ་རེད། 1982ལོར་མི་འབོར་ཡོངས་བཤེར་ཐེངས་གསུམ་པ་བྱེད་སྐབས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་གྱིས་སྤྱིའི་མི་འབོར་གྱི་9.48%དང་། 1990ལོར་11.52% 2000ལོར་19.43% 2010ལོར་22.67%བཅས་ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་ཅེས་འཁོད་ཡོད་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏོང་ཆེད། བོད་ཀྱིས་2006ལོ་ནས་བཟུང་ལྗོངས་ཡོངས་སུ་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་བྱེད་པའི་སྲིད་ཇུས་རྒྱལ་ཡོངས་ཀྱི་སྔོན་ལ་བཏོན་ཅིང་། 2013ལོར་སླེབས་དུས་ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་278བཏང་ནས་དུད་ཚང་ཁྲི་46.03ལ་བདེ་སྡོད་ལས་གྲྭ་བསྐྲུན་པས་ཞིང་འབྲོག་མང་ཚོགས་ཁྲི་230བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་ཁང་པར་སྡོད་ཐུབ་ཡོད། ཞིང་འབྲོག་པ་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་30.4ཟིན་པ་དང་འཚོ་བའི་ཆ་རྐྱེན་ལའང་ལོ་རྒྱུས་རང་བཞིན་གྱི་ལེགས་བཅོས་བྱུང་ཡོད་པ་རེད། 2012ལོར་ལྷ་སའི་དྲོད་རླངས་མཁོ་འདོན་ལས་གྲྭ་ཧུར་ཐག་བསྐྲུན་པ་ནས་བཟུང་། འབར་རླངས་མདོང་དྲ་གཙོ་བོ་སྤྱི་ལེ་63དང་། མདོང་དྲ་ཕལ་པ་སྤྱི་ལེ་256 སྒོ་རའི་མདོང་དྲ་སྤྱི་ལེ་1200ལྷག་ཙམ་ཁྲིད་དེ་གྲོང་མིའི་སྡེ་ཁུལ་དང་ཚན་པའི་དྲོད་རླངས་མཁོ་འདོན་རྣམ་གྲངས་768དང་། དུད་ཚང་ཁྲི་10.7 སྨི་ངོས་གྲུ་ཁྲི་2136བཅས་ལེགས་སྒྲུབ་བྱུང་ཡོད་ཅེས་འཁོད་ཡོད་པ་རེད།

དེ་དང་ཆབས་ཅིག་ཆུ་དང་། གློག ལམ། སོལ་རླངས། འཕྲིན་གཏོང་། སྦྲག་ལས། རླུང་འཕྲིན་བརྙན་འཕྲིན། མཛེས་ལྡན་ཁོར་ཡུག་བཅས་ཀྱི“བརྒྱད་འཛོམས་ཞིང་དུད”ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ནས་ཞིང་འབྲོག་པའི་འཐུང་ཆུ་གཙང་མའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་པ་དང་། གྲོང་ཚོ་ཚང་མར་ཁ་པར་དང་རླུང་འཕྲིན་བརྙན་འཕྲིན་ཤར་གཏོང་ཐུབ་རྒྱུ་དང་། ཤང་ཚང་མར་དྲ་ཆེན་ཤར་གཏོང་ཐུབ་རྒྱུ་མངོན་འགྱུར་བྱུང་བ། སྲིད་འཛིན་གྲོང་ཚོ་4500ཡི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་བྱས་པ། ཞིང་འབྲོག་དུད་ཚང་ཁྲི་24ཙམ་གྱིས་དྭངས་ཤིང་གཙང་བའི་རྫབ་རླངས་ནུས་རྒྱུ་སྤྱོད་ཐུབ་པ། ཞིང་འབྲོག་ཁུལ་95%ཡན་དུ་ཏེན་ཚྭ་ཁྱབ་པ་བཅས་བྱུང་ཡོད་པ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།