རིག་སྟོབས་དབུལ་སྐྱོར་དེ་མང་ཚོགས་ཀྱི་གནས་ཚུལ་དང་མཐུན་པ་བྱེད་དགོས།


 

ཕྱོགས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དུང་བརྡ་བསྒྲགས་ཟིན་པ་དང་། འགག་སྒྲོལ་གྱི་དམག་འཐབ་ནང་རིག་སྟོབས་དབུལ་སྐྱོར་གྱིས་འགག་རྩའི་ནུས་པ་འདོན་ཐུབ། ལྷག་དོན་དུ་རང་ལྗོངས་འདི་ཉིད་གཞན་གྱིས་རོགས་སྐྱོར་བྱེད་པའི་རྣམ་པ་ནས་རང་གིས་རང་འཕེལ་རྒྱས་གཏོང་བའི་དུས་མཚམས་གལ་ཆེན་ཐོག་གནས་ཡོད་པས། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་མང་ཚོགས་རྣམས་དབུལ་སྒྲོལ་གྱི་གཙོ་ཤུགས་དམག་ཏུ་དངོས་འབྲེལ་འགྱུར་བ་བྱེད་དགོས།

རིག་སྟོབས་དབུལ་སྐྱོར་དེ་ཡུལ་དེ་རང་གི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱེད་དགོས། རིག་སྟོབས་དབུལ་སྐྱོར་གྱི་དམིགས་ཡུལ་ནི་ཞིང་འབྲོག་མང་ཚོགས་ཕྱུག་པོ་ཡོང་བ་བྱ་རྒྱུ་དེ་ཡིན་པས། དང་ཐོག་རིག་སྟོབས་དབུལ་སྐྱོར་བྱས་རྗེས། གང་འདྲ་བྱས་ཏེ་ཕྱུག་པོ་ཆགས་པ་བྱ་རྒྱུའི་གནད་དོན་ལ་བསམ་བློ་གཏོང་དགོས། རིག་སྟོབས་དབུལ་སྐྱོར་ལ་བརྟེན་ནས་ཕྱུག་པོ་ཆགས་དགོས་ན། ས་གནས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་ཐོན་ཁུངས་ལེགས་ཆ་དང་འཕེལ་རྒྱས་ཀྱི་གོ་སྐབས་གང་ལེགས་སྤྱོད་པ་དང་འབྲེལ་རྩལ་ནུས་ཡོང་འབབ་གསོག་པའི་འབྲེལ་ཟམ་ལ་འགྱུར་བ་བྱེད་དགོས། དཔེར་ན། གཞིས་རྩེ་གྲོང་ཁྱེར་གྱིས་ལྷ་གཞིས་ལྕགས་ལམ་སྐྲུན་པའི་གོ་སྐབས་སྤྱད་ནས་རྡོ་ར་བཙུགས་པ་དང་འཕྲུལ་འཁོར་གཏོང་སྟངས་གསོ་སྦྱོང་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་སྤྱད་དེ་གནས་བཤད་རྒྱག་སྟངས་དང་། ཡུལ་སྐོར་བར་ཞབས་འདེགས་ཞུ་སྟངས། མི་རིགས་ཀྱི་གླུ་གར་འཁྲབ་སྟངས་བཅས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་པ། ནག་ཆུ་ས་ཁུལ་གྱིས་ཟོག་འགྲེམས་ལྟེ་གནས་བསྐྲུན་པ་དང་ཟུང་འབྲེལ་བྱས་ཏེ་སྐྱེལ་འདྲེན་དང་ཞིང་འབྲོག་ཐོན་ཟོག་འཚོང་སྟངས་སོགས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་པར་བརྟེན། མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྣེ་ཁྲིད་ཐུབ་ཡོད།

རིག་སྟོབས་དབུལ་སྐྱོར་བྱེད་སྐབས་ཞིང་འབྲོག་མང་ཚོགས་ཀྱིས་དང་ལེན་བྱེད་པའི་ནུས་པ་དང་གོམས་གཤིས་ལ་བསམ་བློ་གཏོང་དགོས། གཞན་གྱི་རོགས་སྐྱོར་དང་ལེན་བྱེད་པར་ལོབས་པའི་མང་ཚོགས་དབུལ་པོར་རྩལ་ནུས་གསར་པ་སྦྱོང་བའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་དེ་ཙམ་ཆེན་པོ་མེད། དེར་བརྟེན་ཁོང་ཚོར་འབབ་འཕར་ཕྱུག་འགྱུར་གྱི་འདུ་ཤེས་ཟབ་ཏུ་བཏང་བ་དང་ཞིབ་ཕྲའི་བྱེད་ཐབས་ལ་བརྟེན་ནས་རྩལ་ནུས་སྦྱང་ཚེ། རང་ཉིད་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་རྒྱུ་ཡིན་པའི་གནས་ལུགས་ཤེས་ཐུབ་པ་བྱེད་དགོས། གཞན་ཡང་གསོ་སྦྱོང་བྱེད་སྐབས་མང་ཚོགས་ཀྱིས་དང་ལེན་བྱེད་ཐུབ་པའི་སྐད་ཡིག་སྤྱད་དེ་གོ་བདེ་ཤེས་སླ་ཡོང་བ་བྱས་ནས་མང་ཚོགས་ཀྱིས་སྦྱོང་འདོད་པ་དང་ཤེས་ཐུབ་པ་བྱེད་དགོས།

རྒྱུན་དུ་ནས་རིག་སྟོབས་དབུལ་སྐྱོར་དང་ཞིབ་ཕྲའི་ལག་ལེན་ཁྲོད་རོགས་སྐྱོར་བྱེད་དགོས། གལ་ཏེ་སློབ་ཚན་ཁོ་ན་འཁྲིད་པ་ལས་ཞིབ་ཕྲའི་བཀོལ་སྤྱོད་བྱེད་སྟངས་སློབ་ཁྲིད་མ་བྱས་ན་གསོ་སྦྱོང་གི་ཕན་འབྲས་ཐོན་མི་ཐུབ། དཔེར་ན། ཆུ་ཤུར་རྫོང་ཚལ་སྣ་ཤང་དཔེ་སྟོན་གླིང་གིས་ཁེ་ལས་ལ་ལས་འགན་སྤྲད་དེ་ས་ཆ་འདི་གའི་མང་ཚོགས་ལ་ཞིང་ལས་ལག་རྩལ་སློབ་དགོས་པའི་བླང་བྱ་བཏོན་ཡོད། དེ་ལྟར་བྱས་པས་། ས་གནས་དེ་གའི་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་འཕར་བ་མ་ཟད། འདེབས་འཛུགས་ལག་རྩལ་ཡང་ཤེས་ཐུབ་ཡོད་པས། དེ་ནི་ཁྱབ་གདལ་གཏོང་དགོས་པའི་བྱེད་ཐབས་ཤིག་ཡིན།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།