བོད་ཀྱི་གྲོང་ཚོ་ཞིག་གི་དུས་རབས་ཀྱི་དྲན་འཆར།


 

བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གི་གླད་དག་གྲོང་ཚོ་ནི་རྒྱལ་ལམ་318ཀྱི་ལམ་རྒྱུད་དུ་ཆགས་ཤིང་། གླད་དག་གྲོང་ཚོའི་ཁང་པ་དཀྱུས་མ་ཞིག་གི་མདུན་དུ་སླེབས་སྐབས། གྲོང་དཔོན་གྱིས་ཁང་པ་དེར་མཛུབ་མོ་བཙུགས་ཏེ“འདི་ནི་ང་ཚོའི་གྲོང་ཚོའི་རྟེན་རྫས་བཤམས་མཛོད་ཁང་རེད། དེའི་ནང་དངོས་རྫས་འགའ་ཞིག་ཉར་ཚགས་བྱས་ཡོད་པས། འགྲེམས་སྟོན་ཁང་ཆུང་ཆུང་ཞིག་རེད་ཅེས་བརྗོད་ཆོག”ཅེས་བཤད་མ་ཐག མི་རྣམས་སྒུག་ཡུན་མ་བཟོད་པར་དེའི་ནང་ལྟ་བར་འགྲོ་འདོད་སྐྱེས།

གྲོང་དཔོན་གྱི་ངོ་སྤྲོད་བྱས་པ་ལས་རྟོགས་པར། རྟེན་རྫས་བཤམས་མཛོད་ཁང་དེར་རྒྱ་ཁྱོན་སྨི་ངོས་གྲུ་500ཡོད་ཅིང་། དེ་སྔ་བུ་བཅོལ་ཁང་རེད 2015ལོར་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ལེན་བྱས་ཏེ་སློབ་ཁྲིད་ས་ཚིགས་གསར་པ་བསྐྲུན་པས་ས་ཆ་དེ་བེད་མེད་སྟོང་པར་ལུས་ཤིང་། གྲོང་ཚོ་ཨུ་ལྷན་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོས་མོལ་བྱས་པ་བརྒྱུད། བུ་བཅོལ་ཁང་གི་གནས་རྙིང་དེ་ད་ལྟའི་རྟེན་རྫས་བཤམས་མཛོད་ཁང་དུ་བསྐྲུན་པ་ཞིག་རེད།

རྟེན་རྫས་བཤམས་མཛོད་ཁང་དུ་རྩ་ཆེའི་དངོས་རྫས་200ལྷག་ཙམ་ཉར་ཚགས་བྱས་པ་དེ་དག་མང་ཆེ་བ་ནི་གྲོང་མིས་རང་མོས་ངང་ཞལ་འདེབས་ཕུལ་བ་དང་། དེའི་ནང་འཚོ་བའི་མཁོ་ཆས་དང་། མི་རིགས་ཀྱི་ཁྱད་ལྡན་གྱོན་ཆས། ངལ་རྩོལ་ལག་ཆ་དང་ཡོ་ཆས། རྡོ་ཆས། ད་དུང་ཤིན་ཏུ་རྩ་ཆེ་བའི་མའོ་ཀྲུའུ་ཞིའི་སྐུ་པར་དང་ལག་བཟོས་སྐར་ལྔའི་དར་དམར་སོགས་ལོ་རྒྱུས་རིན་ཐང་དང་སློབ་གསོའི་དོན་སྙིང་ཟབ་མོ་ལྡན་པའི་དངོས་རྫས་ཚུད་ཡོད་ལ། དངོས་རྫས་འགྲེམས་སྟོན་བྱེད་པ་ཕུད། དེ་ཉིད་རྒྱལ་གཅེས་སློབ་གསོའི་རྟེན་ཞིག་ཏུའང་གྱུར་ཡོད།

བཅིངས་འགྲོལ་བཏང་ཚུན་གྲོང་མིའི་འཚོ་བར་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ཞིང་། མའོ་ཀྲུའུ་ཞིའི་བརྗིད་ཆེའི་གཟུགས་བརྙན་མི་སེམས་ལ་ཟབ་མོ་ཟུག་པ་དང་མའོ་ཀྲུའུ་ཞིའི་དུས་སྐབས་ཁག་གི་སྐུ་པར་ཡང་གྲོང་མི་ཚོས་ཉར་ཚགས་ཡག་པོ་བྱས་ཡོད་པ་རེད། གྲོང་ཚོར་བཅིངས་འགྲོལ་གཏོང་སྐབས་ཀྱི་དར་དམར་རུ་ཁག་གི་མཚན་སྙན་དང་དེ་བཞིན་བཅིངས་འགྲོལ་དམག་མིའི་བཀའ་དྲིན་ལས་འཚོ་བར་འགྱུར་ལྡོག་བྱུང་བར་དྲན་གསོ་ཞུ་ཆེད། གྲོང་མི་རང་ཉིད་ཀྱིས་བཟོས་པའི་སྐར་ལྔའི་དར་དམར་ད་བར་དུ་ཉར་ཚགས་བྱས་ཡོད་པ་རེད།

གླད་དག་གྲོང་ཚོའི་གྲོང་མིས་བཅིངས་འགྲོལ་དམག་ལ་དམག་འཁྲུག་གི་དངོས་རྫས་སྐྱེལ་འདྲེན་བྱེད་རོགས་བྱས་པར་ཐུགས་རྗེ་ཆེ་ཞུ་ཆེད། བཅིངས་འགྲོལ་དམག་གིས་གྲོང་མིར་དམག་སྤྱོད་ཆུ་དམ་སྤྲད་ཅིང་། ལོ་མང་སོང་ཡང་དེ་ཉར་ཚགས་ཡག་པོ་བྱས་འདུག འཚོ་བའི་ཆུ་ཚད་གོང་མཐོར་སོང་བ་དང་སྦྲགས། ཇ་མདོང་སོགས་དེ་སྔ་དུད་ཚང་ཚང་མར་དགོས་ངེས་ཀྱི་ཁྱིམ་ཆས་རྙིང་པ་དག་ད་ཆ་མཐོང་རྒྱུ་མེད་པར་གྱུར་ལ། པགས་ཚག་ཕྱུ་པར་པང་གདན་འཇའ་རིས་ཤིག་བཅིངས་པ་ལས། མཛེས་ཉམས་དང་དྲོད་སྲུང་གཞི་གཅིག་ཏུ་འདུས་ནས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་མངོན་ཡོང་།

གྲོང་ཚོ་ཆུང་ཆུང་ཞིག་ལས་དུས་རབས་ཤིག་གི་དྲན་འཆར་མངོན་ཞིང་། སྲོལ་རྒྱུན་བློ་ལ་བརྟན་པོར་ངེས་པ་དང་ཏང་གི་བཀའ་དྲིན་ཚོར་བར་བྱས་ཏེ་བློ་གྲོས་བརྒྱུད་སྤྲོད་བྱེད་ཀྱི་ཡོད། རྒྱལ་ལམ་318ཀྱི་འགྲམ་དུ་ཆགས་པས། གྲོང་ཚོ་ཨུ་ལྷན་གྱིས་ས་བབ་ཀྱི་ལེགས་ཆ་སྤྱད་དེ་ཡུལ་སྐོར་འཕེལ་རྒྱས་གཏོང་རྩིས་ཡོད་པ་ལས། རྟེན་རྫས་བཤམས་མཛོད་ཁང་དེ་ཉིད་ཕྱི་ཕྱོགས་སུ་སྒོ་དབྱེ་དང་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་དང་གྲོང་ཚོ་དེའི་རིག་གནས་རྒྱུན་འཛིན་དང་བརྒྱུད་སྤེལ་ཡང་ཡག་པོ་ཐུབ་རྒྱུ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།