བོད་ཀྱི་རྟ་དཀར་ཤང་གི་ཞོག་ཁོག་ཚོང་གཉེར་བྱེད་ཐབས།

    བོད་ལྗོངས་ཆུ་ཤུར་རྫོང་རྟ་དཀར་ཤང་གིས་འདི་ལོ་ཁྱོན་ཞོག་ཁོག་མུའུ་9300བཏབ་པར་ཚོད་རྩིས་བྱས་ན་ཞོག་ཁོག་ཐོན་འབབ་རྒྱ་མ་ཁྲི་3100ཟིན་ཐུབ་རེ་ཡོད། ཉེ་བའི་ལོ་ཤས་རིང་ཆུ་ཤུར་རྫོང་རྟ་དཀར་ཤང་གི་ཞོག་ཁོག་ཆེད་ལས་མཉམ་ལས་ཁང་གིས་ཁྲོམ་རའི་བརྟག་ཞིབ་དང་། ཞོག་ཁོག་ཐོན་འབབ། ཕྱིར་ཚོང་བཀོད་སྒྲིག་སོགས་ཞབས་ཞུའི་ལས་དོན་ཐད་འབད་བརྩོན་ལྷོད་མེད་བྱས་ཏེ་ཞིང་འབྲོག་པར་འབབ་འཕར་གང་མང་ཡོང་བའི་རོགས་རམ་བྱས་པ་རེད།

    རྟ་དཀར་ཤང་གིས་2009ལོ་ནས་བཟུང་ཞོག་ཁོག་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ “རྟེན་གཞི་དང་། འདེབས་འཛུགས་དུད་ཚང་། མཉམ་ལས་ཁང ”བཅས་ཟུང་དུ་འབྲེལ་བའི་ཐབས་ཤེས་ལག་ལེན་བསྟར་ནས་ཞོག་ཁོག་སྔོག་པ་དང་། ཐུམ་རྒྱག སྐྱེལ་འདྲེན། ཕྱིར་ཚོང་། བསྡོམས་རྩིས་བཅས་ཐད་གཅིག་གྱུར་དོ་དམ་བྱས་ཡོད། མཉམ་ལས་ཁང་དང་འདེབས་འཛུགས་དུད་ཚང་དབར་ཉོ་སྒྲུབ་གན་རྒྱ་བཞག་སྟེ་འདེབས་འཛུགས་དུད་ཚང་གི་ཞོག་ཁོག་ཉོ་བ་དང་། འཚོང་རྒྱུའི་འགན་འཁུར་བ། འདེབས་འཛུགས་དུད་ཚང་ལ་ཞོག་ཁོག་མང་ཉུང་ཇི་ཙམ་ཡོད་པ་ཚང་མ་ཉོ་བ་བཅས་བྱེད་ཀྱི་ཡོད། ལོ་དེར་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་2092བྱུང་ཡོད་པ་རེད།

    ཉེ་ཆར་རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་འཕེལ་རྒྱས་པུའུ་དབར་གྱི་མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་གིས 《རྒྱལ་ཁབ་ཀྱི་ཞིང་པའི་མཉམ་ལས་ཁང་གི་དཔེ་སྟོན་ཁང་དང་རྒྱལ་ཡོངས་ཀྱི་ཆུ་སྤྱོད་དཔེ་སྟོན་རྩ་འཛུགས་སྐོར་གྱི་སྤྱི་བསྒྲགས 》ཡོངས་བསྒྲགས་བྱས་པ་དང་དེའི་ནང་རྟ་དཀར་ཤང་གི་རྟ་དཀར་ཞོག་ཁོག་མཉམ་ལས་ཁང་དེ་རྒྱལ་ཁབ་ཀྱི་ཞིང་པའི་མཉམ་ལས་ཁང་གི་དཔེ་སྟོན་ཁང་དུ་ཞིབ་བཤེར་གཏན་འབེབས་བྱས་པ་རེད།

    ཞོག་ཁོག་ཆེད་ལས་མཉམ་ལས་ཁང་བཙུགས་པ་དེས་ཞོག་ཁོག་འདེབས་འཛུགས་གཞི་ཁྱོན་ཆེན་པོ་བྱས་རྗེས་ཀྱི་ཚོང་ལམ་གནད་དོན་ཐག་གཅོད་ཐུབ་པ་དང་ཞིང་དུད་ཀྱི་ཉེན་ཁ་འགོག་ནུས་ལའང་ཤུགས་སྣོན་ཐེབས་པ་རེད། 2011ལོའི་སྟོན་དུས་སུ་མཐའ་འཁོར་ས་ཁུལ་གྱི་ཞོག་ཁོག་འདེབས་ཁྱོན་ཆེ་བ་དང་ཞོག་ཁོག་གཅིག་སྡུད་ཁྲོམ་རར་བཏོན་པ་དེས་རྟ་དཀར་ཤང་གི་ལོ་དེའི་ཞོག་ཁོག་ཕྱིར་ཚོང་བྱེད་ཚད་ཡག་པོ་མ་བྱུང་བས་རིན་གོང་ན་ནིང་གི་དུས་མཚུངས་དང་བསྡུར་ན་10%ཙམ་ཆག་ཡོད་པས་ཞོག་ཁོག་འདེབས་འཛུགས་བྱེད་མཁན་དུད་ཚང་གི་ཁྱིམ་དུ་ཞོག་ཁོག་འབོར་ཆེན་འཚོང་རྒྱུར་ལུས་ཏེ་ཐོན་འབབ་མང་དུ་སོང་ཡང་ཡོང་འབབ་འཕར་སྣོན་བྱུང་མེད། མང་ཚོགས་ཀྱི་ཐོན་འཕར་འབབ་འཕར་འགན་ལེན་བྱ་ཆེད། རྟ་དཀར་ཤང་ཏང་ཨུད་དང་སྲིད་གཞུང་གིས་གྲོང་ཚོ་ཁག་གི་ལས་བྱེད་པ་དང་། ཞོག་ཁོག་མཐུན་ཚོགས་ཀྱི་ཁོངས་མི། ཞོག་ཁོག་འདེབས་འཛུགས་བྱེད་མཁན་དུད་ཚང་བཅས་དང་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཐག་གཅོད་ཇུས་གཞིར་ཐུན་མོང་ཐོག་གྲོས་བསྡུར་བྱས་པས་ཞོག་ཁོག་ཕྱིར་ཚོང་གནད་དོན་ཐད་ཐུན་མོང་གི་ངོས་འཛིན་གྲུབ་པ་རེད།

    དེ་བས་གལ་འགངས་ཆེ་བ་ཞིག་ནི་ཞོག་ཁོག་ཆེད་ལས་མཉམ་ལས་ཁང་བཙུགས་པ་དེས་འདེབས་འཛུགས་དུད་ཚང་གི་ཡོང་འབབ་མང་དུ་སོང་བ་དང་ཆུ་ཤུར་རྫོང་རྟ་དཀར་ཤང་བྱེ་ནུབ་གྲོང་ཚོའི་ཚོགས་ཆུང་གཉིས་པར་དུད་ཚང་70ཡོད་པ་ཚང་མས་ཞོག་ཁོག་འདེབས་ཀྱི་ཡོད། གཞི་ཁྱོན་ཆེ་བའི་འདེབས་འཛུགས་དེ་2009ལོར་རྫོང་དང་ཤང་ནང་འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆར་ལེགས་སྒྲིག་བྱས་རྗེས་འགོ་བཙུགས་པ་རེད། 2013ལོར་བྱེ་ནུབ་གྲོང་ཚོའི་དུད་ཚང་500ཙམ་གྱིས་ཞོག་ཁོག་མུའུ་3000ཙམ་བཏབ་ཡོད། མཉམ་ལས་ཁང་གིས་ཉོས་པའི་ཞོག་ཁོག་གྲོང་ཚོའི་ནང་གཅིག་གྱུར་ཐོ་འགོད་བྱས་རྗེས་ལྷ་ས་དང་ནག་ཆུ་སོགས་ཀྱི་ཁྲོམ་རར་དབོར་ཏེ་ཞོག་ཁོག་ཆེ་བ་འགྱིག་ཕད་རེར་སྒོར་98དང་། ཞོག་ཁོག་འབྲིང་བ་འགྱིག་ཕད་རེར་སྒོར་90 ཞོག་ཁོག་ཆུང་བ་འགྱིག་ཕད་རེར་སྒོར་35བཅས་བྱས་ནས་བཙོངས་ཡོད། དེ་རྗེས་འདེབས་འཛུགས་དུད་ཚང་ལ་ཞོག་ཁོག་ཆེ་ཆུང་གི་རིན་གོང་ལྟར་སྔོན་ཆད་འགྱིག་ཕད་རེའི་སིལ་ཚོང་ལས་སྒོར་5ནས་10བར་མང་བའི་ཚད་གཞི་ལྟར་མ་དངུལ་བསྡོམས་རྩིས་བརྒྱབ་ཡོད། རྣམ་གྲངས་དེ་གཅིག་པུར་2013ལོར་བྱེ་ནུབ་གྲོང་ཚོས་ཞོག་ཁོག་སྤྱི་རྒྱ་ཁྲི་35ལྷག་ཙམ་བཙོངས་པར་དངུལ་སྨར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་ཟིན་པ་དེ་སྔར་ལོ་ལས་མུའུ་རེར་ཆ་སྙོམས་སྒོར་200ནས་300བར་མང་དུ་སོང་སྟེ་ཞོག་ཁོག་འདེབས་འཛུགས་བྱེད་མཁན་ལ་ཉུང་ཤོས་ལའང་ཡོང་འབབ་སྒོར་2000ནས་3000བར་བྱུང་ཡོད་པ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།