སྔོ་ལྗང་སྤང་རྩྭར་བརྟེན་ནས་ཕྱུག་འགྱུར་བྱུང་བ།



     ཉེ་བའི་ལོ་ཤས་རིང་སྒར་རྫོང་གིས་འབུ་སུ་ཧང་སྨུག་པོ་ཚོད་འདེབས་ལེགས་གྲུབ་བྱུང་བའི་རྨང་གཞིའི་ཐོག་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་འཛུགས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། བཞོན་མ་གསོ་ཚགས་དང་སྡོང་ཕྲུག་སྐྱེད་སྲིང་སོགས་ཀྱི་ལག་རྩལ་འཚོལ་ཞིབ་ཧུར་ཐག་བྱེད་པ། ཚན་རྩལ་དཔེ་སྟོན་རྟེན་གཞིའི་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་འཛུགས་ཀྱི་རྣམ་གྲངས་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་ལས་དོན་ཁག་གི་འཕེལ་རིམ་བདེ་བླག་བྱུང་ཐོག་དགའ་འོས་པའི་ཕན་འབྲས་ཀྱང་ཐོན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྒར་རྫོང་གིས “རྩྭ་ཧུར་ཐག་བཏབ་ནས་ཐོན་ལས་གཉེར་འགྱུར་སྐུལ་འདེད་བཏང་སྟེ་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་འཛུགས་བྱེད་པའི་ཉམས་མྱོང་ནན་ཏན་ངང་ཕྱོགས་སྡོམ་བྱེད་པ་དང་། མིག་དཔེ་དྲངས་ནས་ལམ་སྣེ་འདྲེན་ཏེ་རྩྭ་ལས་སྔོན་ལ་གཉེར་བའི་ཡིད་ཆེས་བརྟན་དུ་གཏོང་བའི ”མཛུབ་ཁྲིད་བསམ་བློ་གཞིར་བཟུང་། ཞིང་འབྲོག་ལས་ཀྱི་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་གཏན་འཁེལ་བྱས་པ་དང “ཞིང་འབྲོག་པར་འབབ་འཕར་གཏོད་རྒྱུ་དམིགས་ཡུལ་དུ་བྱེད་པ་དང་ཚན་རྩལ་ཡར་ཐོན་ལ་བརྟེན་ནས་སྔོན་ལ་ཚོད་ལྟ་བྱེད་པ་དང་དཔེ་སྟོན་ལ་སྐུལ་འདེད་བཏང་སྟེ། དུད་ཚང་གིས་གྲོང་ཚོ་སྣེ་ཁྲིད་བྱས་ནས་ཁྱབ་འགྱེད་སྐུལ་འདེད་གཏོང་བ་དང་། རྩྭ་རྨང་གཞིར་བརྩི་བ་དང་རྩྭ་ལས་རིགས་སུ་བརྩི་བའི ”ཚོད་ལྟའི་དཔེ་སྟོན་རྣམ་གྲངས་ཀྱི་འཕེལ་རྒྱས་བསམ་ཕྱོགས་བཏོན་ཡོད། སྒར་རྫོང་དགུན་ས་ཤང་སྲིད་གཞུང་བྱང་ཕྱོགས་ཀྱི་རྒྱལ་ལམ་219འགྲམ་དུ་ལག་རྩལ་དཔེ་སྟོན་རྟེན་གཞི་བཙུགས་ཏེ་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱས་པ་རེད།

    2005ལོའི་ལོ་འགོར་ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་ལྔ་པས་མཐུན་སྦྱོར་དང་བརྩོན་ལེན་བྱས་པ་བརྒྱུད་ཧྲའན་ཤིས་ཞིང་ཆེན་ཅིང་པེན་རྫོང་མི་དམངས་སྲིད་གཞུང་གིས་འགོ་འཛུགས་མ་དངུལ་སྒོར་ཁྲི་50བཏོན་པ་དང་འབྲེལ། ནང་ས་ནས་རྩྭ་སོན་དང་། འགྱིག་ཤོག རྫས་ལུད། ཞིང་འཕྲུལ་ཡོ་བྱད་སོགས་ཀྱི་མཁོ་རྫས་ཉོས་པ་དང་ལག་རྩལ་པའང་ཁྲིད་ཡོང་བ་དང་དུས་མཚུངས། སྒར་རྫོང་གི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མ་དངུལ་ཁག་གཅིག་བཏོན་ནས་རྣམ་གྲངས་བདེ་བླག་ངང་ལག་བསྟར་ཐུབ་རྒྱུའི་འགན་ལེན་བྱས་པ་རེད།

    2013ལོ་བར་རྟེན་གཞིའི་འདེབས་འཛུགས་རྒྱ་ཁྱོན་བསྡོམས་མུའུ 10300ལྷག་ཙམ་ཟིན་པའི་ནང་འབུ་སུ་ཧང་སྨུག་པོའི་འདེབས་ཁྱོན་མུའུ་5520ཟིན་ནས་ལོ་ལྟར་མུའུ་རེ་ནས་འབུ་སུ་ཧང་སྨུག་པོ་སྤྱི་རྒྱ་2500ཐོན་པ་དང་ལོ་རེར་རྩྭ་སོས་པ་ཏུན་ཁྲི་1.1ལྷག་ཙམ་ཐོན་ནས་དུས་གཅིག་ཏུ་བཞོན་མ་མགོ་གྲངས་200ལྷག་ཙམ་གསོ་ཐུབ་པའམ་ཡང་ན་ལུག་མགོ་གྲངས་3000ལྷག་ཙམ་རྒྱགས་གསོ་བྱེད་ཐུབ།

    རྟེན་གཞིའི་ཕུན་སུམ་ཚོགས་པའི་གཟན་རྩྭའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་སྒར་རྫོང་གི་གནམ་གཤིས་ཁྱད་ཆོས་དང་རང་བྱུང་ཆ་རྐྱེན་དང་འཚམ་པའི་བཞོན་མ་གསོ་ཚགས་ལག་རྩལ་འཚོལ་ཞིབ་བྱ་ཆེད། 2008ལོ་ནས་2011ལོ་བར་སྒར་རྫོང་ཞིང་འབྲོག་ཅུས་ཀྱིས་ཚན་རྩལ་དཔེ་སྟོན་རྟེན་གཞིར་སྔ་རྗེས་སུ་ལྷས་ར་དང་། མཛོད་ཁང་། རྩྭ་ཁང་། སྡོད་གནས་ཁུལ། གཞུང་ལས་ཁུལ་བཅས་བསྐྲུན་པ་དང་འབྲེལ། ཞིང་ལས་འཕྲུལ་ཆས་ཁག་གཅིག་བཀོད་སྒྲིག་བྱས་ཏེ་རྟེན་གཞིའི་ལས་བཟོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་ནས་རྟེན་གཞིའི་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་འཛུགས་བྱེད་པའི་རྣམ་གྲངས་ལག་བསྟར་དང་། དེ་བཞིན་བཞོན་མ་གསོ་ཚགས་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད་ཆ་རྐྱེན་བཟང་པོ་བཏོད་པ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།