མངའ་རིས་ཀྱིས་རའི་ཁུ་ལུའི་ཐོན་ལས་གོང་འཕེལ་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ།



 

    ཉེ་བའི་ལོའི་ནང་མངའ་རིས་ཀྱི་རའི་ཁུ་ལུའི་ཐོན་ལས་གོང་འཕེལ་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། མངའ་རིས་ས་ཁུལ་གྱི་ཕྱི་ཕྱོགས་ཉོ་ཚོང་སྤྱི་ཁྱབ་ཀུང་སི་དང་དེ་བཞིན་འབྲེལ་ཡོད་ཚན་པས་བོད་ལྗོངས་ནུབ་བྱང་གི་རའི་ཁུ་ལུའི་ཐོན་ལས་ཁུལ་འཛུགས་སྐྲུན་དང་། མངའ་རིས་ཀྱི་ཁྱད་ལྡན་ཐོན་རྫས་གངས་ལྗོངས་ཁུ་ལུ་རྩེ་གྲའི་ཚོང་རྟགས་གཏོད་རྒྱུར་དམ་པོ་བསྟུན་ནས། ཁེ་ལས་གཉེར་སྐྱོང་གི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱེད་པ་དང་ཁེ་ལས་ཀྱི་དཔལ་འབྱོར་རྣམ་པར་འགྱུར་བ་གཏོང་བའི་གོང་འཕེལ་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་ཀྱི་ཡོད་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། གཙོ་གནད་ཐོག་གངས་ལྗོངས་ཁུ་ལུ་རྩེ་གྲའི་ཁྱད་ལྡན་ཚོང་རྟགས་གཏོད་ཆེད། མངའ་རིས་ས་ཁུལ་ཕྱི་ཕྱོགས་ཉོ་ཚོང་སྤྱི་ཁྱབ་ཀུང་སིས་ཐོན་ཁུངས་ལ་རྒྱབ་རྟེན་བྱེད་པ་དང་ཁྲོམ་རས་ཁྲིད་ཕྱོགས་བྱས་ཏེ། ཕྱུགས་ཟོག་ཐོན་རྫས་ཉོ་སྒྲུབ་ལས་ཀར་དམ་འཛིན་བྱེད་པ་དང་ཁྲོམ་རའི་གོང་ཚད་སྙོམས་སྒྲིག་བྱེད་པའི་ནང་ཧུར་ཐག་ཞུགས་ནས། མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་བརྟན་པོ་ཡོང་བ་བྱས་པ་དང་། སྨྱན་སྦྱོར་ལེ་ཚན་བརྒྱུད་ཚོང་རྟགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། རའི་ཁུ་ལུའི་ཐོན་ལས་དེ་དམངས་ཕན་དམངས་ཕྱུག་གི་ཐོན་ལས་ལ་བརྩིས་ནས་དམ་འཛིན་བྱས་པ་མ་ཟད་ཁེ་ལས་ཀྱི་རྣམ་པ་འགྱུར་བའི་གོང་འཕེལ་ལ་སྐུལ་འདེད་བཏང་ཐོག མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་བ་རེད། དེ་དང་ཆབས་ཅིག་གངས་ལྗོངས་ཁུ་ལུ་རྩེ་གྲའི་ཐོན་རྫས་ཇུས་འགོད་དང་ཐོན་སྐྱེད་ལས་སྣོན། དྲིལ་བསྒྲགས་བརྡ་ཁྱབ། བྲིན་ཚོང་དྲ་ཚིགས་བཅས་འཛུགས་སྐྲུན་དང་ལས་མི་ཡོངས་ཀྱིས་ཕྱིར་ཚོང་བྱེད་པའི་ལས་ཀར་དམ་འཛིན་ཧུར་ཐག་བྱས་ནས། ལོ་ཧྲིལ་པོར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་ཚོ ༨༠༠ ཟིན་པའི་དམིགས་ཚད་ལེགས་གྲུབ་ཐུབ་པ་བྱེད་རྒྱུ་རེད། དེང་སྐབས་ཐོན་རྫས་ལྷ་སའི་ཁྲོམ་རར་བཏོན་ཐུབ་པ་བྱུང་ནས་མངའ་རིས་ཀྱི་རའི་ཁུ་ལུའི་ཐོན་ལས་གོམ་གང་མདུན་སྤོས་ཀྱིས། གཞི་ཁྱོན་ཅན་དང་ཐོན་ལས་ཅན། ཚོང་རྟགས་ཅན་བཅས་ཀྱི་གོང་འཕེལ་ལམ་བུའི་ཐོག་སྐྱོད་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།