ན་ནིང་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར8244ཟིན་པ།

སྤྱི་ལོ2015ལོར་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར8244ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆ༡༢འཕར་ཏེ།  ལོ13བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ཡོད། རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་སྤྱིའི་མི་འབོར་གྱི་བརྒྱ་ཆ80ཡན་བཟུང་གི་ཡོད་པས།  ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་རྒྱུ་ནི།  དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་གལ་ཆེའི་ལས་འགན་ཞིག་རེད། 

ཉེ་བའི་ལོའི་ནང་། རང་ལྗོངས་ཀྱིས་ཞིང་སྐྱོར་མ་དངུལ་གཏོང་ཤུགས་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  རང་ལྗོངས་ཀྱིས་ལོ་ལྔའི་ནང་སྔ་ཕྱི་བསྡོམས་ཞིང་སྐྱོར་མ་དངུལ་སྒོར་དུང་ཕྱུར༨༧བཏང་བས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་གནས་བབ་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་ཡོད། ཞིང་འབྲོག་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་ཆེད།  རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་སྤོ་སྒྱུར་ལས་ཞུགས་ཐུབ་རྒྱུར་སྒྲིག་འཛུགས་ཧུར་ཐག་བྱས་ཡོད། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་བཅོལ་ཐིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོའི་ནང་རང་ལྗོངས་སུ་ལོ་ལྟར་ཞིང་འབྲོག་མང་ཚོགས་ཁྲི་ཚོ༦༠ལྷག་ཙམ་སྤོ་སྒྱུར་ལས་ཞུགས་ཐུབ་ཀྱི་ཡོད་པ་དང་ལོ་ལྟར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར༢༠ལྷག་གཏོད་ཡོད།  ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་བྱུང་ནས་ཞིང་འབྲོག་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད། ལོ་ལྔ་ཚན་བཅུ་གཉིས་པའི་རིང་བརྒྱད་འཛོམས་ཞིང་དུད་ཀྱི་ལས་གཞི་གཏིང་ཟབ་སྤེལ་བ་བརྒྱུད།  སྲིད་འཛིན་གྲོང་ཚོ་ལྔ་སྟོང་གི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཕྱོགས་བསྡུས་བཅོས་སྒྲིག་ལེགས་སྒྲུབ་ཟིན་ནས།  ཞིང་འབྲོག་ཁུལ་གྱི་འཐུང་ཆུ་བདེ་འཇགས་དང་གློག་མེད་པའི་ཁུལ་གྱི་གློག་གི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་ཡོད་པ།  ཤང་གྲོང་རྡལ་དུ་འོད་འཁྲིད་ཚི་སྐུད་ཁྱབ་ཚད་དང་སྦྲག་སྲིད་ཤར་གཏོང་ཐུབ་ཚད།  སྲིད་འཛིན་གྲོང་ཚོར་ཁ་པར་ཤར་གཏོང་ཐུབ་ཚད་བཅས་ཚང་མ་བརྒྱ་ཆ་བརྒྱ་ཟིན་ཡོད་པ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།