མཉམ་ལས་ཁང་བཙུགས་ནས་ཕྱུག་འགྱུར་ལམ་བུར་བསྐྱོད།



 

ཉེ་ཆར་གསར་འགོད་པས་ཆུ་ཤུར་རྫོང་ཚལ་སྣེ་ཤང་བོད་སྡེ་གྲོང་ཚོའི་ཁོད་སྙོམས་པའི་སྒོ་ར་ཆེན་པོ་ཞིག་གི་ནང་དུ་བརྔ་བསྡུའི་འཕྲུལ་འཁོར་དང་། འདྲུད་འཐེན་འཁོར་ལོ། སོན་འདེབས་འཕྲུལ་འཁོར། སྨན་གཏོར་འཕྲུལ་འཁོར། ཞིང་རྨོད་འཕྲུལ་འཁོར་སོགས་ཞིང་འཕྲུལ་སྣ་ཚོགས་20ལྷག་ཙམ་གྲལ་འགྲིག་པོས་བཞག་ཡོད་པ་མཐོང་བས་འདྲི་རྩད་བྱས་པ་བརྒྱུད་དེ་ནི་བོད་སྡེ་གྲོང་ཚོའི་ལོ་ཡག་ཞིང་འཕྲུལ་མཉམ་ལས་ཁང་གིས་བཙུགས་པའི་ཞིང་འཕྲུལ་འཇོག་ས་ཡིན་པ་ཤེས་རྟོགས་བྱུང་།

དེ་རྗེས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། མཉམ་ལས་ཁང་དེ་ནི་གྲོང་མི་མིག་དམར་སོགས་མི་དགུས་ཆུ་ཤུར་རྫོང་ཞིང་འབྲོག་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་2012ལོའི་ཟླ་12ཚེས་20ཉིན་བཙུགས་པ་ཞིག་ཡིན་ལ། མིག་སྔར་མཉམ་ལས་ཁང་དེར་བརྔ་བསྡུའི་འཕྲུལ་འཁོར་ཆེ་གྲས་7དང་། འདྲུད་འཐེན་འཁོར་ལོ་2 སོན་འདེབས་འཕྲུལ་འཁོར་2 སྨན་གཏོར་འཕྲུལ་འཁོར1 ཞིང་རྨོད་འཕྲུལ་འཁོར་4 ལག་སྐྱོར་འདྲུད་འཐེན་འཁོར་ལོ་1 ཨ་ཤོམ་ཞིབ་འཐག་འཕྲུལ་འཁོར་8བཅས་ཁྱོན་སྒོར་ཁྲི་160རི་བའི་ཞིང་འཕྲུལ་ཡོད་པ་རེད། ན་ནིང་ཁོ་ནར་མཉམ་ལས་ཁང་དེར་ཡོང་འབབ་སྒོར་ཁྲི་19ལྷག་ཙམ་བྱུང་ཞིང་། མིག་སྔར་དགུན་གྲོ་དང་། ནས། ཨ་ཤོམ་བཅས་འཕྲུལ་འཁོར་ལ་བརྟེན་ནས་རྨོ་འདེབས་སྡུད་གསུམ་བྱེད་པ་དང་། འགན་གཙང་ལེན་པ། ས་ཁུལ་སྒྲོལ་ནས་ལས་སྒྲུབ་བྱེད་པ་བཅས་ཀྱི་ལས་སྒོ་གཉེར་བཞིན་ཡོད་པ་རེད།

མིག་དམར་གྱིས་ཞིང་འཕྲུལ་ཆེད་ལས་མཉམ་ལས་ཁང་བཙུགས་པ་དེས་བོད་སྡེ་གྲོང་ཚོའི་ཞིང་འཕྲུལ་ཐོན་ཁུངས་བསྡུ་སྒྲིལ་སྔར་བས་ཡག་པོ་བྱུང་ནས་རང་གྲོང་ཚོ་དང་མཐའ་འཁོར་གྱི་འབྲུ་རིགས་ཐོན་སྐྱེད་ལ་ཞིང་འཕྲུལ་ཅན་གྱི་ཞབས་འདེགས་སྤུས་ལེགས་ཞུ་ཐུབ་པ་དང་ལྷག་པར་ཏུ་ཞིང་འབྲོག་པ་ཁག་གཅིག་གི་རང་གཅིག་པུས་ཞིང་འཕྲུལ་ཉོ་མི་ཐུབ་པའི་གནད་དོན་ཐག་གཅོད་ཐུབ་ཡོད། དེ་དང་ཆབས་ཅིག་མཉམ་ལས་ཁང་གིས་ཞིང་འཕྲུལ་གཅིག་གྱུར་བཀོད་སྒྲིག་བེད་སྤྱོད་བྱས་པ་བརྒྱུད་ཞིང་འཕྲུལ་བེད་སྤྱོད་བྱེད་ཚད་ཧ་ཅང་མཐོ་རུ་ཕྱིན་ཡོད་ཅེས་བཤད་པ་རེད།

བོད་སྡེ་གྲོང་ཚོ་ལོ་ཡག་ཞིང་འཕྲུལ་མཉམ་ལས་ཁང་ནི་རང་ལྗོངས་ཀྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བའི་མཚོན་བྱེད་ཙམ་ཞིག་ཡིན་པ་རེད།

ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་གཞུང་ལས་ཁང་སྲིད་ཇུས་བརྟག་ཞིབ་ཁྲུའུ་ཡི་ཁྲུའུ་ཀྲང་ལིའུ་ཀྲི་ཡོན་གྱིས་ངོ་སྤྲོད་བྱས་པར་ལྟར་ན། ན་ནིང་ལོ་མཇུག་བར་རང་ལྗོངས་ཀྱི་རིགས་ཁག་གི་ཞིང་འབྲོག་པའི་མཉམ་ལས་ཁང་གི་གྲངས་འབོར་2937ཟིན་ནས་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་20.46ཟིན་པ་དང་། ཞིང་འབྲོག་པའི་མཉམ་ལས་རྩ་འཛུགས་ཀྱིས་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཁྲོམ་ར་སྦྲེལ་མཐུད་བྱེད་པ། སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཞུ་བ། མཉམ་སྡེབ་དཔལ་འབྱོར་གྱི་དངོས་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུའི་སྐུལ་ཁྲིད་བྱེད་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་ཁོ་ནར་ན་ནིང་གི་ཟླ་བཅུ་གཅིག་པའི་ཟླ་མཇུག་བར་ལོ་གསུམ་དང་ཕྱེད་ཀའི་ནང་དུ་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་གྲངས་འབོར་དེ་དེ་སྔའི་45ནས་601བར་མང་དུ་ཕྱིན་ནས་ཧ་ལམ་ལྡབ་13ཙམ་འཕར་ཅིང་། ཁོངས་མིའི་གྲངས་འབོར་ཡང་30555ཟིན་ནས་མི་69435ལ་སྐུལ་ཁྲིད་ཐུབ་པ་དང་། ཐོ་འགོད་མ་དངུལ་སྒོར་ཁྲི་50585.94ཟིན་ཡོད། དེ་དག་གཙོ་བོ་གསོ་ཚགས་དང་། བཟོ་སྐྲུན། ཞིང་འབྲོག་ཐོན་རྫས་ལས་སྣོན། བོད་སྤོས་ལས་སྣོན་སོགས་དང་འབྲེལ་བ་ཡོད་པ་རེད།  

ཞིང་འབྲོག་ལས་གཞི་ཁྱོན་ཅན་དང་། ཁྲོམ་ར་ཅན། ཚད་ལྡན་ཅན། ཤེས་ལྡན་ཅན་བཅས་ཀྱི་འཕེལ་རྒྱས་འགྲོ་བའི་དངོས་ཡོད་དགོས་མཁོ་དང་འཚམ་པར་བྱེད་ཆེད། ཉེ་བའི་ལོ་ཤས་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྣེ་ཁྲིད་དང་རྒྱབ་སྐྱོར་འོག་རང་ལྗོངས་ཀྱི་ས་ཁུལ་ཁག་གི་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཡག་པོ་བྱུང་ནས་ཐོན་སྐྱེད་དང་ཁྲོམ་ར་སྦྲེལ་མཐུད་བྱེད་པ་དང་། ཞིང་འབྲོག་ལས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་པའི་འདུ་ཤེས་སྒྱུར་བ། ཞིང་འབྲོག་པའི་ཡོང་འབབ་འཕར་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།

ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱིས་དུད་ཚང་རེ་རེ་བྱས་ནས་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་ཁ་ཐོར་གྱི་རྣམ་པ་བསྒྱུར་ནས་གཞི་རིམ་མང་ཚོགས་ཀྱི་ཁྲོམ་རའི་འདུ་ཤེས་དང་མཉམ་ལས་འདུ་ཤེས་ཟབ་ཏུ་བཏང་ཞིང་། ཐོན་ལས་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ས་ཞིང་དང་། མི་ཤུགས། དངོས་ཤུགས། ནོར་ཤུགས་སོགས་ཐོན་སྐྱེད་རྒྱུ་ཆ་བསྡུ་སྒྲིལ་དང་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱས་ནས་ཁྱབ་འགྱེད་དང་། སྐུལ་ཁྲིད། སྐར་ཁུང་། དཔེ་སྟོན་བཅས་ཀྱི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།

སྟོད་ལུང་བདེ་ཆེན་རྫོང་རྒུ་རུམ་ཤང་ཁྲོམ་ཆེན་གྲོང་ཚོའི་ཞིང་འབྲོག་པའི་བཞོན་མ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ནོར་བུ་དབང་འདུས་ཀྱིས“ང་ཚོའི་གྲོང་ཚོའི་མཉམ་ལས་ཁང་བཙུགས་ཚུན་ཕན་འབྲས་ལོ་རེ་ལས་ལོ་རེར་ཇེ་ཆེར་འགྲོ་གི་འདུག མིག་སྔར་མཉམ་ལས་ཁང་ལ་བཞོན་མ་16ཡོད་པར་ཉིན་རེར་འོ་མ་སྤྱི་རྒྱ་100ཡས་མས་ཐོན་སྐྱེད་ཐུབ་ནས་ཡོང་འབབ་སྒོར་600རེ་ཡོང་གི་འདུག”ཅེས་བཤད་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། ཡོང་འབབ་བགོ་བཤའ་རྒྱག་པའི་ཐད་མཉམ་ལས་ཁང་དེའི་ཁོངས་མིས་དང་ཐོག་གི་མ་འཇོག་བསྡུར་ཚད་གཞིར་བཟུང་ནས་བགོ་བཤའ་རྒྱག་གི་ཡོད་པ་རེད། 2013ལོར་ནོར་བུ་དབང་འདུས་ལ་མ་འཇོག་བསྡུར་ཚད་ཆེས་མཐོ་ཤོས་ཀྱི་ཐོག་ནས་ཁེ་སྤོགས་སྒོར་ཁྲི་10དང་། མ་འཇོག་སྒོར་ཁྲི་2རེ་བྱས་པའི་ཁོངས་མི་ལྔ་ལ་ཁེ་སྤོགས་སྒོར་ཁྲི་1.6 ཐད་ཀར་མ་འཇོག་བྱས་མེད་པའི་ཁོངས་མི་ཉེར་བཞི་ལ་ཁེ་སྤོགས་སྒོར་6000རེ་བཅས་བྱུང་ཡོད་པ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།